དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཁྲིམས་སྒྲིག་སོགས་ཀྱི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེད་དུ་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་མཐར་ཕྱིན་པ་གནང་རྗེས་མུ་མཐུད་གནས་དགོས་མིན་དང་གལ་སྲིད་གནས་དགོས་པ་ཡིན་ན་གནང་ཕྱོགས་བཅས་ལམ་སྟོན་གནང་དགོས་ངེས་ཆགས་ཡོད་པའི་འབོད་སྐུལ་གནང་སོང་།
དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་ཉིན་རྒྱབ་ཚོགས་ཐུན་ཐོག་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ དབར་གྱི་ལོ་འཁོར་ལས་བསྡོམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་བཅས་སྙན་སྒྲོན་ཞུས་རྗེས། སྤྱི་འཐུས་རྣམ་པ་གསུམ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་བརྒྱབ་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཡོང་གི་ཡོད་པ་དེའི་གནས་སྟངས་རྒྱབ་ལྗོངས་ག་འདྲ་ཡིན་པ་དང་། གངས་ལྗོངས་ཞབས་ཞུ་ཁང་གི་ཐོག་ཤུགས་སྣོན་དགོས་གལ་ཆེ་བ། ལས་དོན་མུ་མཐུད་འགྲོ་ཐུབ་པར་ག་རེ་གནང་འཆར་ཡོད་མེད་སོགས་བཀའ་འདྲི་ཞུས་པ་ལྟར་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། སྤྱིར་བཏང་དེའི་སྐོར་ལ་སྔོན་རྩིས་སྐབས་སུ་ཞུ་རྩིས་ཡོད་ཀྱང་། སྤྱི་འཐུས་ཁག་ཅིག་ནས་དོགས་འདྲི་གནང་བར་བརྟེན། དངོས་ཡོད་གནས་སྟངས་ག་འདྲ་ཡིན་པ་ཤེས་པའི་ཐོག་ནས་མ་འོངས་པར་ག་རེ་གནང་དགོས་མིན་ཐད་དགོངས་དཔྱད་གང་ལེགས་ཡོང་ཆེད། དེ་རིང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དངོས་ཡོད་གནས་སྟངས་གང་ཡིན་པ་དེ་ཞུ་རྒྱུ་ཡིན་ལ། ད་ལྟའི་ཆར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཁྲིམས་སྒྲིག་སོགས་ཀྱི་ཐད་ནས་དཀའ་ངལ་འཕྲད་མུས་ཡིན་པར་བརྟེན། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་འཇུག་གཏིང་ཟབ་གནང་དགོས་ངེས་ཤིག་ཆགས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ནས་ཐག་གཅོད་དང་ལམ་སྟོན་གང་གནང་བ་ཡིན་ནའང་དེའི་ཐོག་ཤར་སྐྱོད་གནང་རྒྱུ་ཡིན་ལ། མ་འོངས་པར་གནས་སྟངས་ཇི་ཆགས་ལ་བཀའ་ཤག་དང་སྤྱི་འཐུས་གཉིས་ཀ་ནས་འགན་འཁུར་མཉམ་དུ་ལེན་དགོས་པ་ཞིག་ཆགས་ཡོད་ལ། བཀའ་ཤག་ངོས་ནས་ད་ལྟའི་གནས་སྟངས་དེ་གཡང་ཞིག་ཏུ་མཐོང་གི་ཡོད་སྐོར་གསུངས་སོང་ལ། སྤྱི་འཐུས་ཁག་ཅིག་ནས་དཀའ་ངལ་དེ་སེལ་ཐབས་ཤིག་ཡོད་སྲིད་པ་དང་མུ་མཐུད་དུ་གནས་ཐུབ་པར་འབད་གལ་ཆེ་བ། བཀའ་ཤག་གི་རེ་སྐུལ་ལྟར་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུར་རྒྱབ་སྐྱོར་ཡོད་པ་སོགས་གསུངས་སོང་།
ཐོག་མར་དཔལ་འབྱོར་བཀའ་བློན་མཆོག་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཀའ་ཤག་སྐབས་ ༡༣ ནས་དགོངས་པར་ཡོད་པ་ཞིག་དང་། དཔལ་འབྱོར་ལས་ཁུངས་ཀྱི་བཀའ་ལན་ནང་དུ་ Small Bank (དངུལ་ཁང་ཆུང་ཆུང་།) ཞེས་ལབ་ཡོད་ཀྱང་། རྒྱལ་སྤྱིའི་ཁྲིམས་ཀྱི་ཐ་སྙད་དེ་ Small Finance Bank (དཔལ་འབྱོར་དངུལ་ཁང་ཆུང་ཆུང་།) ཞེས་པ་དེ་ཡིན་ཞིང་། དེ་དང་མཉམ་པའི་གནས་ཚད་ཅིག་དགོས་ཀྱི་ཡོད་ན། ཚོང་དེའི་མ་རྩར་ཧིན་སྒོར་བྱེ་བ་ ༢ དགོས་ཀྱི་ཡོད། དེ་མ་ཡིན་པར་དངུལ་བདག་ཉར་བྱ་རྒྱུའི་ Non-Banking Financial Co-operation ཟེར་བ་དེ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས་ཁོང་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཚོང་ལས་ཀྱི་ངོ་བོ་དང་། དངུལ་ཁང་འདྲ་བོ་བྱས་ནས་དངུལ་གཏོང་དགོས་ཀྱི་ཡོད་པ་རེད། དེ་རྒྱ་གར་ཚོང་ལས་ཀྱི་བཟོ་གྲྭ་ཡི་ངོ་བོའི་ཐོག་ནས་དེབ་སྐྱེལ་བྱ་དགོས་ཀྱི་ཡོད་པ་རེད། ཕྱི་ལོ ༢༠༡༨ ཟླ ༡༢ ནང་སྐབས་དེའི་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཀྱི་མཚན་ཐོག་ནས་མ་རྐང་རེར་སྒོར་མོ་ ༡༠ བྱས་ནས་མ་རྐང་ ༥༠༠༠ ཐམ་པར་སྒོར་མོ་ཁྲི་ལྔ་ཡི་མ་ཤེར་དེ་བླངས་པ་རེད། མ་རྩ་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ནས་བླུགས་བཞག་པ་ཞིག་ཆགས་བསྡད་ཡོད་རེད། དེ་བཞིན་ད་ལྟའི་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་ཀྱི་མཚན་ཐོག་ནས་མ་ཤེར་རེ་ལ་སྒོར་མོ་བཅུ་རེ་བྱས་པ་སྟོང་ཕྲག་ལྔ་བྱས་ཏེ། ཁྱོན་སྒོར་མོ་འབུམ་གཅིག་དང་། དེའི་སྒང་ལ་ཚོང་ལས་དེ་མགོ་འཛུགས་མཁན་གྱི་གཙོ་བོ་གསུམ་གྱི་ནང་ནས་གཅིག་རྒྱ་གར་ཨ་ལོག་པར་ས་ཐི་ (Alok Prasad) ཞུས་པ་དེ་རེད། ཁོ་རང་རྒྱ་གར་དངུལ་ཁང་ཆེན་པོའི་ནང་དུ་ཕྱག་ལས་གནང་མྱོང་མཁན་དང་ཁྲིམས་སྒྲིག་གི་འགྲོ་སྟངས་དང་འགྲོ་ལུགས་མཁྱེན་མཁན་ཞིག་གི་གནས་བབ་ཀྱི་ཐོག་ནས། ཁོང་གིས་མ་ཤེར་སྟོང་གཉིས་རེར་སྒོར་མོ་བཅུ་རེ་བྱས་ནས་སྒོར་མོ་ཁྲི་གཉིས། དེའི་དངུལ་དེ་ག་བ་ནས་བླུགས་ཡིན་ཤེས་ཀྱི་མི་འདུག དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་དང་འབྲེལ་ཡོད་ལ་སྐད་ཆ་དྲིས་ཡིན། དེ་ཚོ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། ཚོང་ལས་ཞིག་ཡིན་དུས་དེ་གཞུང་ཡིན་ལབ་ས་འགྲོ་ཡི་མ་རེད། མ་འོངས་པར་ང་ཚོ་ཁྲིམས་ལ་ཐུག་པ་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱི་ཡིན་ལབ་ས་འགྲོ་ཡི་མ་རེད། དེ་ཚོང་ལས་རང་གི་ངོ་བོ་ཡིན་པ་རེད། རྒྱ་གར་གཞུང་གིས་ཀྱང་ཚོང་ལས་ཀྱི་ངོ་བོར་ལྟ་ཡི་རེད། མ་འོངས་པར་ཚོང་གི་ཁེ་ཕན་ཤུགས་ཆེན་པོ་ཞིག་བྱུང་བ་ཡིན་ན། དེ་ལ་དཔག་པའི་ཁེ་བཟང་མ་ཤེར་བདག་པོ་དེ་དག་གིས་བགོ་བཤའ་བརྒྱབ་དགོས་ཀྱི་ཡོད་པ་རེད། ཡིན་ཡང་། བཀའ་བློན་དང་འཆར་འགོད་འགན་འཛིན་གཉིས་བོད་མིའི་སྒྲིག་འཛུགས་རང་གི་མི་ཡིན་པར་བརྟེན། དངུལ་དེ་དག་གི་མ་རྩ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་བླུགས་པ་རེད། དེ་ཚོ་ང་ཚོས་ཤོག་བུ་དཀར་པོའི་སྟེང་དུ་ཡིག་ཆ་དེ་འདྲ་བཞག་ཡོད་པ་རེད། ཕྱག་ལས་གནང་མཁན་ཚོས་ཀྱང་བཀའ་བློན་གྱི་འགན་བཞེས་གནང་ཡོད་དུས། དེ་ཚོར་དཀའ་ངལ་གང་ཡང་ལྟ་ཡི་མེད། གང་ལྟར། ཕྱི་ལོ ༢༠༡༧ ནང་འབུམ་གཅིག་དང་ཁྲི་གཉིས་ཀྱི་མ་རྩ་བྱས་ནས་ཁོང་རྣམ་པ་གསུམ་གྱི་མཚན་ཐོག་ནས་བཟོ་གྲྭ་ཡི་ངོ་བོའི་ཐོག་ནས་དེབ་སྐྱེལ་བྱས་ཡོད་པ་རེད། དེ་ལ་ཆ་རྐྱེན་དང་པོ་དེ་ག་རེ་ཚང་དགོས་རེད་ཟེར་ན་མ་རྩ་ཉུང་མཐའ་དེ་བྱེ་བ་ ༢ ཚང་དགོས་ཀྱི་རེད། མ་རྩ་བྱེ་བ་གཉིས་དེ་ཚང་རྒྱུའི་ཆེད་དུ་མ་འཛུགས་དང་པོ་གནང་མཁན་དེ་ཉི་ཧོང་དོན་གཅོད་དང་། ཐའེ་ཝན་དོན་གཅོད། དབྱིན་ཡུལ་དོན་གཅོད་གསུམ་རེད། ཅེས་གསུངས་སོང་།
ཡང་དཔལ་འབྱོར་བཀའ་བློན་མཆོག་གིས་མུ་མཐུད་གསལ་བཤད་གནང་དོན། དོན་གཅོད་གསུམ་ནང་ནས་མ་རྩ་འབུམ་ ༢༥༠ བླངས་ཏེ། དེའི་ནང་གི་བྱེ་བ་གཉིས་མ་རྩར་བླུགས་ནས་ཆ་རྐྱེན་ཚང་བར་བྱས་པ་དང་། ཆ་རྐྱེན་ཚང་བ་དང་(NBFC)དེབ་སྐྱེལ་སླད་རྒྱ་གར་དངུལ་ཁང་ལ་སྙན་ཞུ་ཕུལ་བ་རེད། ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་ལ་ཆོག་མཆན་ཐོབ་པ་རེད། མ་རྩ་འབུམ་ ༢༥༠ སྟེང་མ་འཛུགས་གནང་མཁན་གྱི་འབུམ་གཅིག་དང་ཁྲི་གཉིས་ཡོད་པ་དེ་དག་རེད། དེ་ནས་ཕྱི་ལོ་ ༢༠༡༩ ནས་འདིར་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ནང་འཁོད་ཡོད་པ་ལྟར། སྐབས་དེའི་འགན་ཁུར་མཁན་འབུམ་རམས་པ་བརྩོན་འགྲུས་ལགས་དང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་གནས་རིམ་ཐོག་ཕྱག་ལས་གནང་མཁན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་གཉིས་ཟླ་གཉིས་ཙམ་རིང་ཨ་རི་དང་ཡུ་རོབ་ནང་མ་རྩ་བསྡུ་རུབ་སླད་དུ་ཕྱིན་པ་རེད། དེ་ནས་ཚུར་ཕེབས་ཡོང་དུས་མི་ཚང་ ༢༥ ཡིས་མ་རྩ་ཧིན་སྒོར་འབུམ་ ༥༡༠ ཡས་མས་བླུགས་ཡོད་པ་དེ་རེད། ཁྱོན་བསྡོམས་འབུམ་ ༢༥༠ དང་ ༥༡༠ གཉིས་བསྡོམས་པ་ཡིན་ན་བསྡོམས་འབུམ་ ༧༦༠ ཡས་མས་ཆགས་ཀྱི་ཡོད་པ་རེད། མ་རྩ་ངོ་མ་དེ་རེད། ཕྱི་ལོ་ ༢༠༡༧ དང་ ༢༠༡༨། ༢༠༡༩ བཅས་ལ་བུན་གཏོང་གི་ལས་གཞི་དེར་ཕན་ཐོགས་སླད་ཨ་རིས་ཧིན་སྒོར་འབུམ་ ༢༥༠༠ ཡི་རོགས་དངུལ་ལོ་རེར་ཆ་ཤས་ཆ་ཤས་བྱས་ནས་བསླེབས་པ་རེད། རོགས་དངུལ་དེ་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ལ་བཏང་བ་རེད། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ང་ཚོ་ལ་ཚུར་སྤྲོད་དགོས་ཀྱི་ཡོད་དུས། དངོས་འབྲེལ་བྱས་ན་དངུལ་དེ་དངུལ་ཁང་གི་ཆེད་དུ་ཡིན་པ་དང་དངུལ་ཁང་དུ་འགྲོ་དགོས་ཀྱི་ཡོད་ཀྱང་འགྲོ་ཐུབ་ཀྱི་མེད་པ་རེད། རྒྱ་གར་གྱི་ཁྲིིམས་སྒྲིག་ཐོག་ནས་ཨ་རིའི་ཐེབས་རྩ་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གཉིས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཤེར་བདག་བྱེད་ཆོག་གི་མེད་པར་བརྟེན། ཧིན་སྒོར་བྱེ་བ་ ༢༥ དེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་བཏང་ཐུབ་མེད། དེར་བརྟེན་ CTA Development Fund ཟེར་བ་ཞིག་སྒྲིག་འཛུགས་གསར་པ་ཞིག་དེབ་སྐྱེལ་བྱས་ཡོད་ནའང་། དེ་ནས་ཀྱང་དངུལ་གཏོང་རྒྱུ་ཁྲིམས་མཐུན་ཆགས་ཐུབ་མེད་པ་རེད། དེ་ནས་དངུལ་ཁང་དུ་དེབ་སྐྱེལ་བྱས་ཚར་བའི་རྗེས་ལ་མ་རྩ་གང་ཡོད་པའི་བརྒྱ་ཆ་ ༥༠ དེ་ལོ་དེ་ག་རང་དུ་བུ་ལོན་དུ་གཏང་དགོས་པ་དེའང་ཁྲིམས་ཤིག་ཡིན་པ་རེད། རྒྱ་གར་དངུལ་ཁང་ཆེན་མོར་དེབ་སྐྱེལ་བྱས་ཟིན་པའི་རྗེས་སུ། རྒྱ་གར་དངུལ་ཁང་ཆེན་པོར་ཉིན་རེ་བཞིན་ཡིག་ཆ་འབུལ་དགོས་པ་ལས། ཉིན་གཅིག་ཙམ་ལའང་རྗེས་ལུས་ཐེབས་ཚེ་ཉེས་ཆད་གཅོད་ཀྱི་ཡོད་པས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཧིན་སྒོར་༩༠༠༠༠ ལྷག་ཙམ་དང་ ༡༨༠༠༠ ལྷག་གིས་ཉེས་ཆད་བཅད་ཟིན་པ་རེད། དེ་བཞིན་དངུལ་ཁང་ཆེན་མོར་དེབ་སྐྱེལ་བྱས་ཟིན་པའི་རྗེས་སུ་ལས་ཁུངས་གཞན་དག་ཏུའང་དེབ་སྐྱེལ་བྱ་དགོས་ཀྱི་ཡོད་པ་རེད། ཅེས་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་ལ་སྒོར་བྱེ་བ་ ༣༠ མན་ཡོད་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རང་ལ་ཡོད་པ་དེ་འབུམ་ ༧༥༠ ནས་ ༧༦༠ ཡི་དབར་ལས་མེད་ལ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཐོག་མར་འཛུགས་སྐབས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གནང་དགོས་ཀྱི་ཡོད་ཀྱང་བྱུང་མེད་པར་བརྟེན། ན་ནིང་ཕྱི་ཟླ་ ༣ པར་གཞི་ནས་གྲོས་ཚོགས་ལ་ཕུལ་ནས་འཛིན་སྐྱོང་གི་སྒྲོམ་གཞིའི་འོག་ལ་ཚུད་ཙམ་ཞིག་ཆགས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཀྱི་ཁྱབ་ཁོངས་ལ་ཆགས་ཀྱི་མེད་སྐོར་གསུངས་སོང་།
ལས་མི་དང་གླ་ཆའི་སྐོར་ལ་དཔལ་འབྱོར་བཀའ་བློན་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚིག་ཐོའི་ནང་གཟིགས་པ་ཡིན་ན་(Ram Mohan Rao) ཟེར་བ་གཅིག་ CEO ལ་གླས་ཡོད་པ་དང་། ཁོང་རང་ཐོག་མར་འཛུལ་བའི་སྐབས་ད་ལྟ་ Company གསར་པ་བཙུགས་ཚར་ཙམ་ཡིན་པས། ཡོང་འབབ་ཞེ་དྲགས་མེད་དུས་ཁོ་རང་ལ་སྒོར་མོ་ ༡ གམ་ ༡༠ ཡི་ཐོག་ལས་ཀ་བྱེད་ཀྱི་ཡིན་ཟེར་ནས་ཡོད་ཀྱང་། རྗེས་སུ་འགན་འཛིན་ལྷན་ཚོགས་ཀྱི་ཚིག་ཐོའི་ནང་ཁོང་རང་ལ་འབུམ་ ༡ དང་སྟོང་ཕྲག་ ༢༥ གླ་ཆ་འབུལ་བཞིན་ཡོད་པ་དང་། གླ་ཆ་དེ་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་འབུལ་གྱི་ཡོད་པ་དང་། དེ་བཞིན་ལས་བྱེད་ཁག་ ༧ དང་ CEO (སྤྱི་ཁྱབ་ལག་བསྟར་འགན་འཛིན་)། Company Secretary (དྲུང་ཆེ་) སོགས་ལ་གླ་ཆ་སྤྲད་པ་དང་། ད་ལྟ་འགན་འཛིན་ལྷན་ཚོགས་ནང་ཡོད་པའི་ (Alok Prasad) ཚོགས་འདུ་རེ་རེ་ལ་ཕེབས་སྐབས་སྒོར་མོ་ཁྲི་ ༣ འབུལ་གྱི་ཡོད་ཅིང་། ལོ་གཅིག་ལ་འགན་འཛིན་ལྷན་ཚོགས་ཐེངས་བཞི་འཚོག་དགོས་ཀྱི་ཡོད་པས་ལོ་རྟག་པར་ཁོང་རང་ལ་འབུམ་ ༡ དང་ཁྲི་ ༢ ཀྱི་འགྲོ་སོང་འགྲོ་ཡི་ཡོད་པ་དང་། དེའི་སྒང་ལ་ Dalberg ཞེས་པའི་ Company དེ་ USAID(ཨ་རིའི་རོགས་ཚོགས་)ཀྱིས་བདམས་ནས་ཞིབ་འཇུག་བྱེད་བཅུག་སྟེ། ཁོང་ཚོས་འབུམ་ ༡༦༠ འགྲོ་སོང་བཏང་ནས་དེབ་གཅིག་བཏོན་ཡོད་རེད། དེའི་ནང་ལ་དམིགས་ཚད་ཟིན་པ་དེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་སྡུག་ཤོས་སྡུག་ཤོས་ལ་ཁེ་བཟང་བཟོ་ཡི་རེད་ལབ་ཡོད་རེད། དེ་ཡང་ Dalberg གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དོན་དུ་འབུམ་ ༡༦༠ འགྲོ་སོང་བཏང་བ་རེད། དེའི་ཐོག་ང་ཚོས་བུ་ལོན་གཡར་མགོ་བཙུགས་པ་རེད། ཡིན་ནའང་སྐབས་དེ་དུས་བཀའ་ཤག་གི་དགོངས་པ་ནི་ས་གནས་མགོ་འཛིན་ཚང་མར་བུ་ལོན་གཏོང་རྒྱུའི་འགན་སྤྲད་ཡོད་པ་དང་། ས་གནས་མགོ་འཛིན་ཚོ་ལའང་ཟབ་སྦྱོང་སྤྲད་ཡོད་རེད། བུ་ལོན་གཏོང་རྒྱུའི་འཕྲུལ་ཆས་བཟོ་རྒྱུ་ཡོད་རེད། འཕྲུལ་ཆས་དེ་བཟོ་བར་འབུམ་ ༥༠ དང ༦༠ ཞིག་འགྲོ་སོང་བཏང་ཚར་རེད། དེ་དག་བསྡོམས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཨ་རིའི་གཞུང་གིས་རོགས་པ་བྱེད་པ་དེ་དཔལ་འབྱོར་ལས་ཁུངས་ལ་ལྷག་ཡོད་རེད། དེ་ད་ལོའི་སྔོན་རྩིས་ནང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དངུལ་ཁང་ནང་འཇོག་གི་ཡོད། ཡིན་ནའང་འབུམ་ ༧༥༠ ནས་ ༧༦༠ ཡི་མ་རྩ་ལ་ད་ལྟ་བར་དུ་འབུམ་ ༤༨༩ འགྲོ་སོང་བཏང་ཚར་བ་རེད་ལ། ད་ལྟ་དངུལ་ཁང་ནང་འབུམ་ ༢༦༠ ཙམ་མ་གཏོགས་ལྷག་ཡོད་མ་རེད། ཅེས་དང་། དཔལ་འབྱོར་ལས་ཁུངས་ནང་ཡོད་པའི་བྱེ་བ་ ༢༥ དང་དེའི་སྒང་ལ་སྐྱེད་ཀ་རག་པ་དེ་དག་བུ་ལོན་ནང་གཏོང་གི་ཡོད་རེད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་རྩིས་ཁོ་ནར་བལྟས་ན་ཁེ་བཟང་ཡོད་པའི་རྣམ་པ་ཡོད་རེད་དེ། ད་ལྟའི་གནས་སྐབས་ལ་དེ་འདྲ་ཡོད་མ་རེད། བཀའ་ཤག་གིས་ཞིབ་འཇུག་བྱེད་བཞིན་པ་ཡིན། ང་རང་གི་མཐོང་སྣང་ལ་མ་འོངས་པར་ཁུངས་འཁྱོལ་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་འདུག ཅེས་གསལ་བཤད་གནང་སོང་།
སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས་ཀྱིས་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་ཡོད་པའི་ཧིན་སྒོར་བྱེ་བ་ ༣༠ དེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་གཏོང་ཐུབ་ཀྱི་མེད་པའི་ཐད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བརྒྱུད་ནས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ཡོད་པ་དང་། ད་ལྟའི་བཀའ་ཤག་གི་ཆབ་སྲིད་ཀྱི་དགོས་དབང་དང་ལངས་ཕྱོགས་ལ་བརྟེན་ནས་མ་འོངས་པར་མུ་མཐུད་གནས་པ་ཡིན་ནའང་རེ་བ་མེད་སྐོར་སོགས་ཀྱི་དགོངས་ཚུལ་བཏོན་པར་དཔལ་འབྱོར་བཀའ་བློན་མཆོག་གིས། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་མཐོང་དང་བརྩི་བཀུར། གུས་ཞབས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ལ་ལྟ་ཡི་ཡོད་ནའང་། ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བོད་མི་ལ་དམིགས་བསལ་མེད་པ་མ་ཟད། ༧གོང་ས་མཆོག་ལ་ཞུས་ནས་ཀྱང་དམིགས་བསལ་ཞིག་ཡོང་ཐབས་རྩ་བ་ནས་མེད་སྐོར་དང་། ཁྲིམས་སྒྲིག་གི་ཐོག་ནས་ཡོང་མ་ཐུབ་པ་དེ་ཡོང་ཐུབ་ཀྱི་མི་འདུག་ཞུ་དགོས་པ་ལས། མེད་པ་ལ་ཡོད་མདོག་མདོག་བྱས་ནས་གྲོས་ཚོགས་ལ་དབུ་སྐོར་བཏང་བའི་ཉེས་པ་ཕོག་རྒྱུའི་ཉེན་ཁ་ཡོད་པ་རེད། མ་ཤེས་པའི་ཐོག་ནས་གྲོས་ཚོགས་ལ་དབུ་སྐོར་ཕྱིན་ན་དགོངས་སེལ་ཞུ་རྒྱུ་ལས་མེད་སྐོར། ད་ལན་བཀའ་ཤག་རང་གིས་གྲོས་ཚོགས་ལ་ཚོགས་ཆུང་ཞིག་འཛུགས་དགོས་པའི་འབོད་སྐུལ་ཞུས་པ་དེ་དྲང་པོ་དང་ཡག་པོ་ཡོང་ཐབས་ཆེད་དུ་ཡིན་པ་ལས། བཀའ་ཤག་གི་གང་འདོད་བྱས་པ་ཞིག་མ་ཡིན་པར། སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་ཆུང་ཞིག་བཙུགས་ཏེ་ཞིབ་འཇུག་ཚད་ལྡན་ཞིག་བྱས་ཏེ་བཀའ་ག་རེ་གནང་བ་ཡིན་ནའང་། འཛིན་སྐྱོང་ངོས་ནས་དེར་ཤར་བསྐྱོད་བྱ་རྒྱུ་ཡིན། འོན་ཀྱང་ཞིབ་འཇུག་དེ་ཞིབ་ཚགས་དང་གཏིང་ཟབ་པོ་དགོས་པ་མ་ཟད། རྒྱ་གར་གཞུང་གི་ཁྲིམས་དང་དཔལ་འབྱོར་གྱི་འགྲོ་སྟངས་ཤེས་དགོས་ཀྱི་ཡོད་པ་རེད། ཅེས་དང་། མ་འོངས་པར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་ཉེན་ཁ་ཆེན་པོ་ཞིག་གི་ནང་ལྷུང་སྲིད་པ་དང་། ལྷག་པར་དུ་གཞུང་དང་མི་མང་གི་དངུལ་བརྡིབ་རྒྱུའི་ཉེན་ཁ་ཡོད་པར་བསམ་ཏེ་གྲོས་ཚོགས་ལ་གསལ་བཤད་ཞུས་པ་ཞིག་ཡིན་པ་དང་། གལ་ཏེ་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་ཏེ་ཉེན་ཁ་ཅི་ཡང་མེད་སྐོར་གསུང་ཚེ། འཛིན་སྐྱོང་ངོས་ནས་གྲོས་ཚོགས་ཀྱི་བཀའ་ལྟར་བྱ་རྒྱུ་ཡིན་སྐོར་གསུངས་སོང་།
གསར་འགོད་པ། པ་སངས་ཚེ་རིང་། དཔལ་ལྡན། བསྟན་འཛིན་ཕུར་བུ།