བོད་ཀྱི་ཞོ་སྟོན་ཐེངས་ ༢༥ པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་མང་ཚོགས་ཀྱིས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་པ་ལ་རྗེས་སུ་འཛིན་པའི་ཐོག་ནས་སོ་སོ་ལས་འཁོས་ཞན་པ་རྣམས་ལ་རོགས་སྐྱོར་དང་སྤྱི་ཚོགས་ལ་ཕན་པའི་ལས་འགན་བསྒྲུབ་དགོས་སྐོར་གསུངས་སོང་།
དེ་རིང་ནས་བཟུང་ཕྱི་ཚེས་ ༡༣ བར་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་རྩེད་ཐང་དུ་ཞོ་སྟོན་ཐེངས་ ༢༥ པ་དེ་འཚོག་བཞིན་ཡོད་ཅིང་། དེ་རིང་ཞོ་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཡོངས་འཛིན་མཆོག་སྤྲུལ་གླིང་རིན་པོ་ཆེ་མཆོག་གིས་གཙོས་པའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རུ་ན་ཅལ་མངའ་སྡེའི་རིག་གཞུང་འགན་འཛིན་འཇམ་དཔལ་དབང་འདུས་ལགས་བཅས་ཕེབས་འདུག་ལ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་གང་ཙམ་འཛོམས་འདུག
དེ་རིང་ཞོ་སྟོན་དབུ་འཛུགས་ཀྱི་མཛད་སྒོར་བོད་ཀྱི་ཟློས་གར་ཚོགས་པ་གཙོ་བོར་བྱས་པའི་ཕྱོགས་མཐའ་ཁག་གི་ལྷ་མོའི་ཚོགས་པ་བརྒྱད་ཀྱིས་ལྷ་མོའི་འཁྲབ་གཞུང་སྙིང་བསྡུས་རེ་འཁྲབ་སྟོན་གནང་བ་དང་འབྲེལ། སྐུ་མགྲོན་གཙོ་བོ་ཡོངས་འཛིན་མཆོག་སྤྲུལ་གླིང་རིན་པོ་ཆེ་མཆོག་ནས་འདི་ལོའི་ཞོ་སྟོན་ནང་མཉམ་ཞུགས་གནང་མཁན་ལྷ་མོ་ཚོགས་པ་བརྒྱད་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་རེ་གསོལ་སྩལ་གནང་སོང་ལ། དེའི་རྗེས་དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་དོན། ལྷ་མོའི་སྲོལ་གཏོད་མཁན་དེ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཆགས་ཀྱི་ཡོད་པ་རེད། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དེ་གྲུབ་ཐོབ་གཞན་དང་མི་འདྲ་བར། རྩ་བའི་འཇིག་རྟེན་འདྲེན་པའི་ཆོས་ཀྱི་བྱ་བ་དེ་ཚོ་ཡོད་པའི་ཐོག སོ་སོའི་ཉམས་མྱོང་ཐོག་ནས་མི་མང་ལ་དཀའ་ངལ་ཡོད་པ་གཟིགས་དུས་བོད་ནང་ལོ་ ༧༠༠ ལྷག་གི་སྔོན་ལ་ལྕགས་ཀྱི་ཟམ་པ་བརྒྱབ་རྒྱུའི་ལས་གཞི་དེ་འདྲ་བརྩམས་གནང་བ་རེད། ལྕགས་ཀྱི་ཟམ་པ་བརྒྱབ་རྒྱུའི་ཆེད་དུ་དངུལ་གྱི་འགྲོ་གྲོན་དགོས་ཀྱི་ཡོད་སྟབས། ནང་མི་གཅིག་ནས་བུ་སྤུན་རྣམས་རུག་རུག་བྱས་ཏེ་ལྷ་མོའི་གཞུང་དེ་ཚོ་འཁྲབ་རྒྱུ་འགོ་བཙུགས་པ་རེད། དེར་བརྟེན་དེ་རིང་ལྷ་མོའི་གཞུང་དག་ལ་ལྟད་མོ་བལྟ་རྒྱུ་ཙམ་མིན་པར། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་ཚེའི་མཛད་པ་ལ་རྗེས་སུ་འཛིན་པའི་ཐོག་ནས། ང་ཚོའི་དུས་རབས་འདིར་སོ་སོ་ལས་འཁོས་ཞན་པ་དེ་ཚོ་ལ་རོགས་པ་བྱ་རྒྱུ་དང་། སྤྱི་ཚོགས་ལ་ཕན་ཐོགས་པའི་ལས་འགན་བསྒྲུབ་དགོས་པ་རེད། དེ་ཚོ་བྱེད་ཐུབ་ན་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྗེས་སུ་འབྲང་ཐུབ་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།
ཡང་ཁོང་གིས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལོ་ ༡༢༥ ལ་བཞུགས་པའི་ལོ་རྒྱུས་ཡོད་པ་དང་། ད་ལྟའི་དུས་སུ་ཞིང་བཤེགས་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དགུང་ལོ་ ༡༢༥ ལ་བཞུགས་ཐུབ་པའི་ཐུགས་རེ་དང་སྨོན་ལམ་ཞུས་ཡོད་པ་ལྟར། ང་ཚོས་ཀྱང་དེ་ལྟར་སྨོན་ལམ་ཞུ་དགོས་པ་རེད། ཅེས་དང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་ཉག་ཕྲ་བའི་དུས་སྐབས་སུ། ༧གོང་ས་མཆོག་གི་ལམ་སྟོན་འོག་བོད་གཞུང་ཟློས་གར་གསར་འཛུགས་གནང་སྟེ་ད་ལྟའི་བར་དུ་རྒྱུན་འཁྱོངས་ཐུབ་པ་དེ་མགོན་པོ་ཁོང་ཉིད་ཀྱི་བཀའ་དྲིན་དང་། མི་ཐོག་རྒན་པ་རྣམས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། དེ་སྔ་བོད་མིའི་སྤྱི་ཚོགས་ནང་ལྷ་མོ་འཁྲབ་མཁན་ཚོར་དམའ་འབེབས་བྱ་རྒྱུའི་རྣམ་པ་ཡོང་གི་ཡོད་པ་དེ་རྩ་བ་ཉིད་ནས་དགོས་པ་མེད་པ་ཞིག་དང་། ཟློས་གར་དེ་རིག་གཞུང་བཅུའི་ཁོངས་སུ་ཡོད་སྟབས། རིག་རྩལ་འདི་བརྒྱུད་ནས་བོད་ཀྱི་སྲོལ་རྒྱུན་གཞུང་དེ་དག་རྒྱུན་སྐྱོང་བྱ་རྒྱུ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ལྷ་མོའི་གཞུང་དེ་དག་ལ་ལྟད་མོ་ལྟ་རྒྱུ་ཙམ་མིན་པར། དེ་དག་ནང་གི་བཟང་ངན་དང་དགེ་སྡིག་གི་བསླབ་བྱ་བླང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
མཐའ་མཇུག་དེར་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ངོས་ནས་ལྷ་མོའི་འཁྲབ་སྟོན་སོགས་ཀྱི་ཐོག་ནས་མཐུན་འགྱུར་གང་ཐུབ་ཞུ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་ཕྱིན་ཡོད་སྟབས། མང་ཚོགས་ངོས་ནས་ཀྱང་བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་ཐོག་ལ་འགན་ཆེ་ཙམ་བླང་དགོས་སྐོར་དང་། ས་གནས་ཁག་ལ་མཐུན་རྐྱེན་ཞན་པོ་དང་དཀའ་ངལ་ཡོད་པ་ཤེས་རྟོགས་ཡོད་ཀྱང་། དཀའ་ངལ་ལ་གདོང་ལེན་བྱ་དགོས་པ་དང་། འདི་ལོར་སློབ་གྲྭའི་ཁོངས་ནས་མ་སུ་རི་མ་གཏོགས་མཉམ་ཞུགས་ཐུབ་མེད་པ་དང་། འབྱུང་འགྱུར་སློབ་གྲྭ་གཞན་རྣམས་ཀྱང་མཉམ་ཞུགས་ཐུབ་ན་ལེགས་པོ་ཡོད་སྐོར་གསུངས་སོང་།
འདི་ལོའི་ཞོ་སྟོན་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ཚུད་པའི་ལྷ་མོའི་ཚོགས་པ་བརྒྱད་མཉམ་ཞུགས་ཐུབ་ཡོད་པ་ལྟར། སང་ཉིན་ནས་བཟུང་ལྷ་མོ་ཚོགས་པ་རེ་རེས་བོད་ཀྱི་ལྷ་མོའི་གཞུང་རེ་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག དེ་ཡང་རིམ་པ་བྱས་ཏེ་མ་སུ་རི་བོད་ཁྱིམ་སློབ་གྲྭས་ལྷ་གཞུང་ཁྱེའུ་པདྨ་འོད་འབར་དང་། པོན་ཊ་ལྷ་མོ་ཚོགས་པས་ལྷ་གཞུང་གཟུགས་ཀྱི་ཉི་མ། ཨ་རི་ནས་ལྕགས་ཟམ་པ་བོད་ཀྱི་ལྷ་མོའི་གླུ་གར་ཚོགས་པས་ལྷ་གཞུང་ཆོས་རྒྱལ་ནོར་བཟང་། ཀ་སྦུག་བོད་མིའི་ལྷ་མོ་ཚོགས་པས་ལྷ་གཞུང་སྣང་ས་འོད་འབུམ། བྷན་རྡ་ར་ལྷ་མོའི་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ། ཀོ་ལི་གྷལ་ལྷ་མོ་ཚོགས་པས་ལྷ་གཞུང་གཅུང་པོ་དོན་ཡོད་དོན་གྲུབ། དེའི་རྗེས་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་སྣང་ས་འོད་འབུམ་དང་། བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་ཆོས་རྒྱལ་ནོར་བཟང་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག
གསར་འགོད་པ། པ་སངས་ཚེ་རིང་།