སྤྱི་འཐུས་དོན་གྲུབ་བཀྲ་ཤིས།
ཉེ་ཆར་ཕྱག་སྦྲེལ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་ངེད་གཉིས་ཨ་རུ་ན་ཅཱལ་ནང་འཚམས་གཟིགས་སུ་བསྐྱོད་པ་ཡིན། ངེད་གཉིས་སྐབས་བཅུ་བདུན་པའི་སྤྱི་འཐུས་ཡོངས་ལས་འཚམས་གཟིགས་སྐྱོད་མཁན་ཐོག་མ་རེད། བོད་མི་མང་སྤྱི་འཐུས་སྐབས་གསར་པ་རེ་ཕེབས་སྐབས། ཚོགས་གཙོ་ཚོགས་གཞོན་དང་ཕྱི་རྒྱལ་སྤྱི་འཐུས་ལྔ་འཕུད་པའི་སྤྱི་འཐུས་ ༣༩ རྒྱན་བརྒྱབ་སྟེ་མི་གཉིས་རེ་ཁག་བགོས་ཀྱིས་རྒྱ་བལ་འབྲུག་གསུམ་ནང་གི་སྐྱབས་བཅོལ་བོད་མིར་འཚམས་འདྲིའི་གཟིགས་སྐོར་བྱེད་དགོས།
༢༠༢༡།༡༢།༢༩ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཆུ་ཚོད་ ༢ དང་ཕྱེད་ཙམ་རྗེས་ཨ་སམ་གྱི་གྲོང་ཁྱེར་(Dibrugarh)ལ་འབྱོར་སོང་། དེ་གར་མེའོ་ཆོས་འཕེལ་གླིང་གི་ས་གནས་མགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱིས་རླངས་འཁོར་བཏང་སྟེ་ཕེབས་བསུར་འབྱོར་འདུག ང་ཚོ་རླངས་འཁོར་ནང་སྐྱོད་སྐབས་ལམ་ཁའི་གཡས་གཡོན་དུ་ཇ་ཞིང་མང་པོ་མཐོང་རྒྱུ་འདུག ཨ་སམ་དང་ཨ་རུ་ན་ཅཱལ་གྱི་ཐོན་ཁུངས་གཙོ་བོ་ཇ་ཡིན་ཟེར།
ཆུ་ཚོད་ ༣ ཙམ་བསྐྱོད་རྗེས་མེའོ་ཆོས་འཕེལ་གླིང་དུ་འབྱོར་སོང་། གཞིས་ཆགས་འདི་ ༡༩༦༢ ལོར་ཨ་རུ་ན་ཅཱལ་མངའ་སྡེའི་ཅཱང་ལང་ཞེས་པར་ཁྱིམ་ཚང་ ༣༡༣ དང་མི་འབོར་ ༡༡༣༣ གཞིས་ཆགས་ཏེ་མིང་ལ་ཀུན་བཟང་གླིང་ཞེས་བཏགས། འོན་ཀྱང་ས་ཆ་ཁོད་སྙོམས་མིན་པ་དང་ས་ཞིང་མེད་པར་ཡུལ་མའི་ས་ཞིང་བོགས་མར་བླངས་ཏེ་འཚོ་བ་རོལ་དགོས་པ་བཅས་ལ་བརྟེན་ ༡༩༧༥ ལོར་ད་ལྟའི་ས་གནས་འདིར་སྤོས་ཏེ་མིང་ལ་མེའོ་ཆོས་འཕེལ་གླིང་ཞེས་བཏགས། ད་ལྟ་ཁྱིམ་ཚང་ ༤༤༨ དང་མི་འབོར་ ༢༦༦༥ ། ས་ཞིང་ཨེ་ཀར་ ༡༣༦༢ བཅས་ཡོད་འདུག
བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ལོ་ཤས་གོང་ཨ་རུ་ན་ཅཱལ་གྱི་བོད་མི་ཆིག་སྟོང་ཁེ་ན་ཌར་བཏང་བ་བཅས་ལ་བརྟེན། གཞིས་ཆགས་ནང་རྒན་འཁོགས་རེ་ཟུང་ལས་མེད་པར་སྟོང་སང་ངེར་ཡོད་པའི་ཚོད་དཔག་བྱས་ཀྱང་། ཕར་ཕྱིན་སྐབས་དེ་ལས་ལྡོག་སྟེ་མི་འབོར་ཧ་ཅང་མང་བ་དང་། མི་མང་ཚོགས་འདུའི་སྐབས་སུའང་རྒན་དར་གཞོན་གསུམ་ ༢༠༠ ལྷག་ཚ་ཚ་འུར་འུར་གྱིས་འཛོམས་སོང་།
མེའོ་ཆོས་འཕེལ་གླིང་སཾ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་ཕྱིན་སྐབས། བཙན་བྱོལ་ནང་གི་སློབ་གྲྭ་མང་པོ་ཞིག་ཏུ་སློབ་ཕྲུག་ཉུང་དུ་ཕྱིན་ཏེ་སློབ་གྲྭ་སྒོ་རྒྱག་གི་ཡོད་ཀྱང་། སློབ་གྲྭ་འདི་དེ་ལས་ལྡོག་སྟེ་སློབ་ཕྲུག་མང་དྲགས་ཏེ་དགེ་རྒན་མ་འདང་བའི་དཀའ་ངལ་འཕྲད་འདུག སློབ་ཕྲུག་ ༣༠༣ ཡོད་པའི་ཁྲོད་ཡུལ་མི་ ༢ འཕུད་པའི་གཞན་ཚང་མ་བོད་ཕྲུག་རྐྱང་པ་རེད། གཞིས་ཆགས་འདིར་འདས་པའི་ལོ་གཅིག་ནང་ཕྲུ་གུ་ ༣༠ ཙམ་སྐྱེས་ཡོད་འདུག
ཨ་རུ་ན་ཅཱལ་མངའ་སྡེ་འདི་བོད་ལྗོངས་ལྷོ་ཁ་དང་ཉིང་ཁྲི་གཉིས་དང་ས་འབྲེལ་ཡིན་ཞིང་། ཞོགས་པ་ནམ་གསལ་བ་དང་ཕྱི་དྲོ་ས་རུབ་པའང་ལྷ་ས་དང་དུས་མཉམ་ཡིན་འདུག རྒྱ་གར་དྷ་རམ་ས་ལ་ལས་ཆུ་ཚོད་ ༢།༣༠ ཙམ་གྱིས་སྔ་པ་འདུག་སྟབས། དགུན་ཁ་ཕྱི་དྲོའི་ཆུ་ཚོད་ ༤ པ་ནས་ས་རུབ་ཚར་འདུག གནམ་གཤིས་ཀྱང་དྷ་རམ་ས་ལ་ལས་ལྡབ་འགྱུར་གྱིས་དྲོ་བ་འདུག
ཨ་རུ་ན་ཅཱལ་ནང་གི་མེའོ་གཞིས་ཆགས་དང་ཏི་ཛུ། ཀྲུ་ཀྲིང་བཅས་ཀྱི་བོད་མི་ཚོ་ཀོང་པོ་དང་པདྨ་བཀོད། དྭགས་པོ། རི་བོ་ཆེ་བཅས་ནས་བཙན་བྱོལ་དུ་ཡོང་བ་ཡིན་པ་དང་། སྐད་ཀྱང་པདྨ་བཀོད་པའི་ཡུལ་སྐད་ ‘ཚངས་ལྷའི་སྐད’ ཅེས་པ་ཤོད་བཞིན་འདུག བོད་པའི་སློབ་གྲྭ་དང་དམག་ནང་ལ་ཕྱིན་མྱོང་མཁན་མ་གཏོགས་བོད་སྐད་གོ་མཁན་ཉུང་ཉུང་རེད། ས་ཆ་ལ་ལར་སྐད་སྒྱུར་བ་མེད་ན་གོ་བརྡ་མི་འཕྲོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་རེད།
མེའོ་གཞིས་ཆགས་ལ་རང་བྱུང་གི་མཐུན་རྐྱེན་བཟང་ཞིང་། ཞིང་ཁར་འབྲུ་རིགས་དང་སྔོ་ཚལ། ཤིང་ཏོག་སོགས་ཡག་པོ་སྐྱེ་རབས་འདུག་ཀྱང་། དེང་སྐབས་མདོག་དམར་རམ་གོ་ཡུ་(Areca nut)དང་ཇ་ཤིང་ཕྲན་བུ་མ་གཏོགས་ཞིང་ས་མང་ཆེ་བ་ཤིང་ནགས་སུ་གྱུར་འདུག་པ་ནི་ཕངས་སེམས་སྐྱེ་བ་ཞིག་རེད། བཀའ་ཤག་སྔོན་མ་ཚོས་ཧིན་སྒོར་འབུམ་ ༢༠༠ ལྷག་བཏང་སྟེ་ཞིང་ཆུ་འདྲེན་གཏོང་གི་ལས་འཆར་ཞིག་སྤེལ་འདུག་པར་ད་དུང་གྲུབ་འབྲས་ཐོན་མེད་པར་བེད་མེད་དུ་བཞག་འདུག
མེའོ་ཆོས་འཕེལ་གླིང་ནས་འབར་མ་(Burma)རྒྱལ་ཁབ་ཀྱི་ས་མཚམས་བར་སྤྱི་ལེ་ ༧༩ ཙམ་ལས་མི་འདུག ས་མཚམས་ཀྱི་དགུན་ཁའི་ཁྲོམ་འདུས་ཐོག་འབར་མའི་ཚོང་པ་དང་རྒྱ་གར་གྱི་ཚོང་པ། བོད་པའི་ཚོང་པ་སོགས་འཛོམས་ཏེ་ཉོ་ཚོང་བྱེད་ཀྱི་ཡོད་པ་དང་། སྔོན་ཆད་མེའོ་གཞིས་ཆགས་ཀྱི་ཕོ་གསར་ཚོས་སྦག་སྦག་བཏང་སྟེ་འབར་མའི་ནང་སྤྲོ་འཆམ་དང་ཚོང་ཙག་ཙིག་ལ་ཕྱིན་མྱོང་སྐོར་བརྗོད་སོང་། ལམ་བར་དུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་དམག་གིས་འབར་མ་དང་རྒྱ་གར། ཨ་རི་བཅས་ཀྱི་མནའ་མཐུན་དམག་སྡེབ་གསོད་བྱས་པའི་དུར་ས་(Jairampur Cemetery)དང་དྲན་རྟེན་སོགས་མཐོང་རྒྱུ་འདུག་ཟེར།
འབར་མ་ནི་བོད་ཀྱི་ལྷོ་ཕྱོགས་ཁྱིམ་མཚེས་ཡིན་ཞིང་། འབར་མའི་སྟོད་ཕྱོགས་བོད་པའི་མི་རྒྱུད་ཡིན་ལ་སྐད་ཀྱང་བོད་སྐད་ཡིན། འབར་མའི་ལོ་རྒྱུས་ནང་། ཁོང་ཚོའི་གདོད་མའི་མི་རིགས་ལ་མོན་(Mon)ཟེར་བ་དང་། སྤྱི་ལོའི་གོང་གི་དུས་རབས་དང་པོ་ཡས་མས་ལ་པྱུ་(Pyu)ཟེར་བའི་མི་རིགས་ཀྱིས་འབར་མའི་ཨེ་རཱ་ཝ་ཌི་ (Irrawaddy River) གཙང་པོའི་རྒྱུད་ལ་དབང་བསྒྱུར་བ་དང་། མི་རིགས་དེའི་མཆེད་ཁུངས་བོད་ཡིན་པ་མ་ཟད་ཁོང་ཚོའི་ཕ་སྐད་ཀྱང་ཐོག་མ་བོད་སྐད་ཡིན་སྐོར་འཁོད་ཡོད། བོད་ཀྱི་སྲིད་དོན་རྒྱལ་རབས་ནང་། དུས་རབས་དྲུག་པའི་ནང་འབར་མའི་སྟོད་རྣམས་བོད་འོག་ཏུ་བསྡུས་ཚུལ་གསལ་ཡོད།
མེའོ་གཞིས་ཆགས་ལ་སྔོན་ཆད་ནཱ་གྷ་ལན་ཌི་(Nagaland)གྱེན་ལོག་པས་དཀའ་ངལ་མང་པོ་བཟོས་རབས་འདུག མཚམས་རེར་འཇིགས་སྐུལ་བ་གཞིས་ཆགས་ནང་ཡོང་སྟེ་དངུལ་དངོས་སྤྲོད་དགོས་ཚུལ་བརྗོད་ཡོད་འདུག ནཱ་གྷའི་འཇིགས་སྐུལ་བ་དེ་ཚོར་ས་འོག་གི་མི་(Naga Underground Civil Group)ཟེར་གྱི་འདུག མེའོ་ཆོས་འཕེལ་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་བརྗོད་ན། ༢༠༢༡ ལོའི་ཟླ་ ༡༠ པའི་ནང་ནཱ་གྷ་གྱེན་ལོག་ཤོག་ཁག་གི་མི་སྣ་སྐོར་ཞིག་གིས་དམག་ཆས་གྱོན་ཞིང་མཚོན་ཆ་བཟུང་སྟེ། གཞིས་གྲོང་ལྔ་པའི་ནང་ཡོང་སྟེ་དངུལ་ཁྱེར་ཤོག་ཅེས་འཇིགས་སྐུལ་བྱས་སོང་ཟེར། ༢༠༠༧ ལོར་༧གོང་ས་མཆོག་གིས་ཁེ་ན་ཌའི་སྲིད་བློན་སི་ཊེ་ཕཱན་ཧར་པཱར་ལ་རེ་སྐུལ་ཞུས་པ་ཞལ་བཞེས་བྱུང་བ་ལྟར་ ༢༠༡༡ ལོ་ནས་ཨ་རུ་ན་ཅཱལ་གྱི་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོ་བཏང་བའང་དཀའ་ངལ་དེ་ལས་སྐྱོབ་ཆེད་ཡིན་འདུག
རྒྱ་གར་ནང་ནཱ་གྷ་ལན་ཌི་མངའ་སྡེ་ལོགས་སུ་ཡོད་ཀྱང་། མཐའ་འཁོར་གྱི་མངའ་སྡེ་མཱ་ནི་པུར་དང་ཨ་སམ། མེ་གྷ་ལ་ཡཱ། མེ་ཛོ་རམ་བཅས་ནང་གི་ན་གཱ་མི་རིགས་ཡོངས་འཛིན་སྐྱོང་གཅིག་གི་འོག་ཡོང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་འདུག ༡༩༨༠ ལོ་ནས་ནཱ་གྷ་ལན་ཌི་རྩ་འཛུགས་(National Socialist Council of Nagaland)ཞེས་པ་བཙུགས་ཏེ། རྒྱ་གར་དང་འབར་མའི་ནང་གི་ནཱ་གྷ་མི་རིགས་ཡོངས་གཅིག་གྱུར་རང་བཙན་དགོས་པའི་འཐབ་རྩོད་བྱེད་ཀྱི་ཡོད་ཅིང་། རྙོག་ཟིང་དེའི་རྒྱབ་ཏུ་རྒྱ་ནག་གིས་མཚོན་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག
༢༠༢༡།༡༢།༣༡ ཉིན་མེའོ་གཞིས་ཆགས་ཀྱི་ལས་ཀ་ཚར་ཏེ་ཏི་ཛུ་དར་རྒྱས་གླིང་དུ་བསྐྱོད། སྔོན་ཆད་མེའོ་ནས་ཏི་ཛུ་ལ་འགྲོ་པའི་ལམ་དུ་གྲུ་གཟེངས་ལ་སྡོད་དགོས་པ་དང་། གླང་ཆེན་ཞོན་ཏེ་ཤིང་ནགས་བརྒྱུད་དགོས་རབས་འདུག་ཀྱང་དེང་སྐབས་ཟམ་པ་བཟོས་འདུག མེའོ་ས་གནས་མགོ་འཛིན་དང་ས་འཐུས་ཚོགས་གཙོ་གཉིས་ཀྱིས་ལམ་ཕྱེད་བར་སྐྱེལ་རྗེས། ཏི་ཛུ་ས་གནས་མགོ་འཛིན་དང་ས་འཐུས་ཚོགས་གཙོ་གཉིས་ནཱམ་སེཡ་(Namsai)བར་རླངས་འཁོར་བཏང་སྟེ་ཕེབས་བསུར་འབྱོར་འདུག ས་དེའི་འབར་མའི་ལུགས་ཀྱི་དགོན་པ་(Golden Pagoda)ཞེས་པར་མཆོད་མཇལ་ཞུས། མེའོ་ཕྱོགས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་ནང་པའི་ལྷ་ཁང་མང་པོ་འདུག དེ་དག་དུས་རབས་ ༡༣ ཡས་མས་ལ་འབར་མ་དང་ཐེ་ལཱན་ཌི་ནས་ཚུར་དར་བ་ཡིན་འདུག
ཨ་རུ་ན་ཅཱལ་གྱི་གདོད་མའི་ཆོས་ལུགས་ནི་བརྡོལ་བོན་དང་། ཉི་ཟླར་དད་མོས་བྱེད་པའི་ཆོས་ལུགས་རྡོ་ནཱེ་པོ་ལོ་(Donyi-Polo)ཟེར་བ་དེ་ཡིན་ཡང་། དུས་རབས་བརྒྱད་པ་དགུ་པར་ནང་པ་ཤུགས་ཆེན་པོ་དར་ཏེ་ནང་པའི་ལུང་པ་ཆགས་ཡོད། འོན་ཀྱང་ད་ལྟ་ཡེ་ཤུ་ཆོས་ལུགས་དར་ཁྱབ་ཆེན་པོ་ཕྱིན་ཏེ། ཨ་རུ་ན་ཅཱལ་དུ་མི་འབོར་ ༡,༧༡༡,༩༤༧ ཡོད་པའི་ཁྲོད་ནང་པ་ ༢༠༠,༠༠༠ ཡས་མས་དང་ཡེ་ཤུ་ ༤༡༨,༧༣༢ ཆགས་ཚར་འདུག
མེའོ་ནས་ཡར་ཕྱིན་ན་ཤ་རྩ་ནག་ཅིང་ཁ་སྣ་རགས་པའི་ཧིན་རྡིའི་མི་རིགས་ཇེ་ཉུང་དང་། གཟུགས་བོང་ཆུང་ཞིང་སྣ་ཉག་གདོང་ལེབ་བོད་པའི་རིགས་རྒྱུད་ཇེ་མང་རེད། མི་རིགས་དེ་དག་ལ་ནཱ་གྷ་དང་ཀློ་པ། མྱི་ཤེ་(Nyishi)དང་ཨ་ཌི་(Adi)ཟེར་གྱི་འདུག བོད་མི་ཚོས་མི་རིགས་དེ་དག་ལ་ ‘ཀློ་པ’ དང་། ལུང་པ་དེར་ ‘ཀློ་པའི་ལུང་པ’ ཟེར་གྱི་འདུག་ཅིང་། ཀློ་པ་ནི་རིགས་སྡུག་པ་དང་ཆོས་དང་རིག་གནས་མ་དར་བའི་དམུ་རྒོད་ལྟ་བུར་ངོས་འཛིན་བྱེད། སྤྱིར་ཀློ་པ་ནི་མི་རིགས་ལོགས་ག་ཅིག་མིན་པར་བོད་པའི་ལོ་རྒྱུས་ཁག་ནང་ཡར་ཀླུང་ལྷོ་ཕྱོགས་ལ་ ‘ལྷོ་ཁ’ དང་། ཡུལ་དེར་གནས་བའི་མི་རྣམས་ལ་ ‘ལྷོ་པ’ ཟེར་ཡང་རིམ་གྱིས་སྒྲ་འགྱུར་ཏེ་ཀློ་པ་དང་ཀློ་པའི་ལུང་པ་ཆགས།
ཡུལ་དེའི་ཁང་པ་ནི་ཀ་བ་ཐུང་ངུའི་སྟེང་ཤིང་ཁང་ཉིས་ཐོག་གི་རྣམ་པ་ཅན་བཟོས་འདུག དེ་ནི་ས་དེར་ཆར་ཞོད་དང་རླན་གཤེར་ཆེ་སྟབས་ཆུ་ལོག་དང་བཞའ་ཚན་འགོག་ཆེད་ཡིན་འདུག ཐོག་ཁང་མི་སྡོད་ས་དང་། འོག་ཤོད་བྱ་དེ་དང་ཕག་པ་གསོ་ཉར་བྱེད་ས་རེད། ཁང་ཐོག་ཏུ་རྩྭ་དང་ཤིང་ལོ། ལྕགས་ཤོག་སོགས་བཀབ་འདུག ཟ་མ་འབྲས་དང་མ་རྨོས་ལོ་ཏོག སེམས་ཅན་འདྲ་མིན་གྱི་ཤ་སོགས་རེད། ཀློ་པའི་ཕོ་མོ་གཉིས་ཀས་སྟོད་གོས་ཕུ་མེད་གྱོན་པ་དང་། སྐྱེས་པ་ཚང་མས་ཤིང་ཤུབས་ཅན་གྱི་གྲི་རིང་རེ་བཏགས་འདུག
༢༠༢༡།༡༢།༣༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ལ་འབྱོར་སོང་། ཏི་ཛུ་གཞིས་ཆགས་འདི་ཐོག་མ་ ༡༩༦༡ ལོར་ཨ་རུ་ན་ཅཱལ་ཏིན་རྡོ་ལིང་དུ། ཤིང་ནགས་གཅོད་འབྲེག་གིས་སྨྱུག་ཁང་རྩ་ཐོག་ཅན་བཟོས་ཤིང་། ༡༩༦༣ ལོར་སྐུ་གཅེན་བློ་བཟང་བསམ་གཏན་ཕེབས་ཏེ་ས་གནས་གཞུང་ལ་ཞུས་པ་ལྟར། རྒྱ་གར་གཞུང་གི་བཀའ་འཁྲོལ་འོག་ཤིང་ནགས་གཅོད་འབྲེག་གིས་ཞིང་ཁ་ཨེ་ཀར་ ༡༢༡༦ བཟོས་ཏེ་མི་འབོར་ ༨༨༩ ལ་བགོ་འགྲེམ་བྱས་ཡོད། ད་ལྟ་གཞིས་གྲོང་ལྔ་ལ་ཁྱིམ་ཚང་ ༢༧༢ དང་མི་འབོར་ ༢༠༦༠ ། ཞིང་ས་ཨེ་ཀར་ ༡༢༡༦ བཅས་འདུག
ཨ་རུ་ན་ཅཱལ་ཕྱོགས་ཀྱི་གཞིས་ཆགས་ཁག་གི་གཞོན་སྐྱེས་མང་ཆེ་བ་རྡེ་ར་ལྡུན་གྱི་དམག་སྒར་(Establishment 22)ནང་ལ་ཞུགས་ཡོད་པ་དང་། སྔོན་ཆད་ཁྱིམ་ཚང་གཅིག་ནས་ཕྲུ་གུ་གཉིས་གསུམ་དམག་ནང་ཡོད་མཁན་ཡོད་ཀྱང་། དེང་སྐབས་དམག་ནང་ཞུགས་མཁན་ཉུང་དུ་འགྲོ་བཞིན་ཡོད་སྐོར་ས་གནས་བོད་མི་ཞིག་གིས་བརྗོད་སོང་། ད་དུང་ཁོང་གིས་ “རྒྱ་གར་ཡུལ་མི་ཚོ་དམག་ཁོངས་ལ་མ་ཚུད་པའི་དཀའ་ངལ་ཡོད་པ་རེད། ལོ་རེར་མཐོ་སློབ་ཐོན་པའི་གཞོན་སྐྱེས་ས་ཡ་མང་པོ་བང་བསྒྲིགས་ཡོད། བོད་པ་འཛིན་རིམ་བརྒྱད་པ་འཐོན་ན་དམག་ནང་ཚུད་ཀྱང་དམག་ནང་ལ་འགྲོ་མཁན་རག་གི་ཡོད་པ་མ་རེད། སྤྱིར་བོད་དམག་ ༥༠༠༠ གི་ས་མིག་ཡོད་ཀྱང་དེང་སྐབས་གོར་ཁ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཁེངས་ཡོང་གི་ཡོད། དམག་ཁོངས་ལ་ཞུགས་ན་ལོ་དང་པོ་ནས་ཟླ་ཕོགས་ཧིན་སྒོར་ཁྲི་ ༣ ཡས་མས་རེད། ལོ་ལྔ་དྲུག་བསྡད་དེ་མཐའ་མཚམས་ལ་ཕྱིན་ན་ཟླ་ཕོགས་སྒོར་ཁྲི་ ༦ ཆགས་ཀྱི་ཡོད་པ་རེད།” ཅེས་བརྗོད་བྱུང་།
ཏི་ཛུ་གཞིས་ཆགས་ནང་དགོན་པ་གསུམ་འདུག ལྷ་དགོན་བྱང་ཆུབ་ཆོས་གླིང་གི་དགོན་བདག་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་ལ་མཇལ་སྐབས་ཁོང་གིས། ཁོང་མཐའ་མཚམས་བསྡད་དེ་བོད་བསྟན་སྲིད་དང་། སྒོས་སུ་༧གོང་ས་མཆོག་གི་སྐུའི་ཞབས་རིམ་སྤྱི་དང་དཔལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྒོ་ནས་ཕུར་པའི་ཆོ་ག་སྒྲུབ་ཀྱི་ཡོད་སྐོར་གསུངས་སོང་། ད་དུང་ཁོང་གི་གཅེན་པོ་ལྷ་འབྲང་སྤྲུལ་སྐུའི་གདུང་རུས་ལས་བྱུང་བའི་ལྷ་སྐུ་རང་བྱོན་ལ་མཇལ་ཁ་གནང་སོང་། ལྷ་འབྲང་སྐུ་ཕྲེང་བཞི་པ་རྒྱ་གར་དུ་ཕེབས་ཏེ་ཏི་ཛུ་གཞིས་ཆགས་ནང་བཞུགས་ཤིང་། ༡༩༨༨ ལོར་སྐུ་གཤེགས་སྐབས་གདུང་རུས་ལས་ལྷ་སྐུ་རང་བྱོན་དེ་དག་བྱུང་ཡོད་སྐོར་ངོ་སྤྲོད་གནང་སོང་། དགའ་ནོར་རིན་པོ་ཆེ་མཆོག་ནི་ ༡༩༤༢ ལོར་ཁམས་སྡེ་དགེར་འཁྲུངས་ཤིང་། ༡༩༦༠ ལོར་རྒྱ་གར་དུ་ཕེབས་ཏེ་ཀརྨ་རིག་པའི་རྡོ་རྗེ་མཆོག་གིས་གཏེར་སྟོན་ར་རྟག་དཔལ་བཟང་གི་སྐུ་སྐྱེས་སུ་ངོས་འཛིན་གནང་ཡོད་འདུག
ཏི་ཛུ་གཞིས་ཆགས་ཀྱི་ཞིང་ཁ་དང་སློབ་གྲྭ། དགོན་པ་དང་རྒན་གསོ་ཁང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅས་ལ་ལྟ་སྐོར་དང་མི་མང་གི་བདེ་སྡུག་ལ་རྟོག་ཞིབ་བྱས་རྗེས། མི་མང་ཚོགས་བསྡུ་བསྐོངས་ཏེ་ད་ལྟའི་བོད་དོན་གནས་སྟངས་དང་༧གོང་ས་མཆོག་གི་མཛད་འཕྲིན་ཐོག་གཏམ་བཤད་དང་མི་མང་ལ་དྲི་བ་དྲིས་ལན་བྱས། མཇུག་ཏུ་ས་གནས་ཀྱི་འགན་ཡོད་མི་སྣ་ཚོ་ལ་ཟུར་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དབུས་དང་ས་གནས་ཀྱི་ལས་དོན་གནང་ཕྱོགས་ཐོག་གོ་བསྡུར་སྦྱང་བཤད་བྱས།
ཏི་ཛུ་ཡི་ལས་ཀ་ཚར་རྗེས་ ༢༠༢༢།༡།༡ ཉིན་ཀྲུ་ཀྲིང་ཕྱོགས་སུ་བསྐྱོད། ཁ་བ་གངས་ཅན་ལྗོངས་ནས་ལྷོ་རུ་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོའི་འགྲམ་ངོགས་བརྒྱུད་དེ་ཕྱིན། ཉིན་དེ་ནི་ཕྱི་ལུགས་ལོ་གསར་ལ་འཁེལ་ཡོད་སྟབས་གཙང་འགྲམ་དག་ན་མི་མང་པོས་གླིང་ག་གཏོང་བཞིན་འདུག ཡར་མར་སྐྱོད་བཞིན་པའི་རླངས་འཁོར་ཆེ་ཆུང་ནང་གི་ཕོ་མོ་རྒན་གཞོན་ཚང་མ་ར་བཟི་སྟེ་སྐད་ཆེན་པོས་གཞས་གཏོང་བ་དང་། ཕན་ཚུན་ལ་ “Happy New year” ཞེས་འཚམས་འདྲི་བྱེད་པ། ལམ་ཟུར་དག་ན་གཞོན་སྐྱེས་ཕོ་མོ་ཁྱུ་དང་ཁྱུ་བྱས་ཏེ་ཞབས་བྲོ་འཁྲབ་བཞིན་འདུག ཨ་རུ་ན་ཅཱལ་ཕྱོགས་ཀྱི་རི་མཐོ་ཞིང་ནགས་ཚལ་མཐུག་པ། གཡང་རོང་རྩུབ་ཅིང་འགག་འཕྲང་དོག་པ་བཅས་ལ་བརྟེན། དུས་ཆེན་དང་གུང་སེང་སྐབས་སྤང་ཐང་དང་རི་སྒང་སོགས་ལ་འགྲོ་ས་མེད་པར་ཆུ་འགྲམ་དང་ལམ་ཟུར་སོགས་སུ་སྤྲོ་སྐྱིད་གཏོང་གི་ཡོད་འདུག
ས་དེར་ཆང་རག་འཐུང་མཁན་ཧ་ཅང་མང་པོ་འདུག ཆང་རག་གི་གོང་ཡང་ཁེ་པོ་རེད། ཝུ་ཆང་(Kingfisher)ཤེལ་དམ་གཅིག་ལ་ཧིན་སྒོར་ ༦༥ དང་། ཝེ་སི་ཀའེ་(Blenders)ཤེལ་དམ་གཅིག་ལ་ཧིན་སྒོར་ ༣༨༠ རེད། ཟ་ཁང་ཚོང་ཁང་ཕལ་ཆེ་བའི་ནང་ཆང་རག་བཙོང་རྒྱུ་འདུག དེ་ལ་བཤད་སྟངས་སྣ་ཚོགས་འདུག་ཀྱང་། ས་གནས་ཀློ་བ་ཞིག་གིས་ཆང་རག་ཁེ་པོ་ཡིན་དོན་ནཱ་གྷ་ལན་ཌི་ཚོས་རང་བཙན་བརྩད་དེ་ཟིང་ཆ་སློང་གི་ཡོད་སྟབས་གཞུང་གིས་གཞོན་སྐྱེས་ཚོ་ཆང་རག་ལ་མགོ་འཐོམ་དུ་འཇུག་གི་ཡོད་པ་རེད་ཟེར། ཨ་རུ་ན་ཅཱལ་ནང་གི་བོད་པའི་གཞིས་ཆགས་ཁག་ཏུའང་ཆང་རག་དང་མྱོས་རྫས་ངན་གོམས་པ་ཅུང་མང་བའི་ཐབས་སྡུག་གི་མཐོང་ཚོར་བྱུང་།
དབྱིངས་སྐྱོང་(Yingkiong)དུ་མཚན་གཅིག་བསྡད་དེ་ཕྱི་ཉིན་མུ་མཐུད་དུ་རླངས་འཁོར་ནང་རི་གཟར་དང་ནགས་ཚལ་བརྒྱུད་དེ་ཕྱིན། ༢༠༢༢།༡།༢ ཉིན་གྱི་ཕྱི་དྲོར་ཀྲུ་ཀྲིང་གཞིས་ཆགས་ལ་འབྱོར་སོང་། ཀྲུ་ཀྲིང་འདི་ཐོག་མ་རྒྱུན་རིང་པོ་ཞིག་ལ་ངེས་བརྟན་མེད་པར་གནས་པ་དང་། ༡༩༩༠ ལོ་ནས་ཏི་ཛུ་དར་རྒྱས་གླིང་ས་གནས་མགོ་འཛིན་འོག་གནས་ཡོད་འདུག ༢༠༡༣ ཟླ་ ༤ པའི་ནང་ཏི་ཛུ་ལས་ལོགས་སུ་ས་གནས་མགོ་འཛིན་བསྐོ་བཞག་གནང་སྟེ། ད་ལྟ་ཁ་ཐོར་ས་གནས་ ༡༧ ནང་བོད་མི་སྐྱབས་བཅོལ་ཁྱིམ་ཚང་ ༢༡༤ དང་མི་འབོར་ ༨༦༣ ཡོད་པ་དང་། ས་ཞིང་མེད་པར་ཡུལ་མིར་ས་གླ་སྤྲད་དེ་ཞིང་ཁ་ཕྲན་བུ་འདེབས་ལས་དང་ངལ་རྩོལ་རྒྱུག་གི་ཡོད་འདུག
སྤྱིར་ཀྲུ་ཀྲིང་ཁུལ་དུ་ཁྱོན་བསྡོམས་བོད་པ་ ༣༣༠༠ ཡོད་ཅིང་། དེ་དག་ལས་ ༡༩༥༩ ལོའི་སྔོན་ལ་འབྱོར་བ་ཚོར་ ‘པདྨ་བཀོད་པ་རྙིང་པ’ དང་། རྗེས་ལ་འབྱོར་བ་ཚོར་ ‘པདྨ་བཀོད་པ་གསར་པ” ཟེར་གྱི་འདུག པདྨ་བཀོད་པ་གསར་རྙིང་གཉིས་ཀ་བོད་པ་ཡིན་པ་དང་། བོད་པར་ཤ་ཞེན་དང་༧གོང་ས་མཆོག་ལ་དད་དམ་གཅིག་པ་ཡོད་ཀྱང་། པདྨ་བཀོད་རྙིང་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་ཐོབ་ཐང་རིགས་རེག་གི་མེད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་ཚོར་བ་འདུག་སྟབས། སྤྱི་འཐུས་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་འབྱེད་གནང་གི་མེད་ཀྱང་། རྒྱ་གར་གཞུང་གི་ཁྲིམས་སྒྲིག་དང་ཕྱི་རྒྱལ་རོགས་ཚོགས་ཁག་གིས་བོད་པ་སྐྱབས་བཅོལ་བ་ལས་ཡུལ་མིར་རོགས་པ་བྱེད་ཀྱི་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རིགས་ཡིན་ཚད་ལ་གཟིགས་རྟོགས་གང་ཐུབ་གནང་གི་ཡོད་པ་འགྲེལ་བཤད་ཞུས།
ཀྲུ་ཀྲིང་དེ་བོད་ལྗོངས་ཉིང་ཁྲི་མེ་ཏོག་རྫོང་དང་ས་འབྲེལ་ཡིན་པ་དང་། སྔོན་ཆད་བོད་ལྷོ་ཁ་སྤོ་བོའི་མངའ་ཁོངས་རྟ་རྔམ་ཚོ་ཟེར་བ་དེ་ཡིན་ཞིང་། སྤོ་བོ་ཆུ་མདོ་དགོན་པས་སྟངས་འཛིན་དང་། གདན་ས་སེ་ར་བྱེས་ཀྱི་མཆོད་གཞིས་ཡིན་འདུག ད་དུང་ཀློ་སྨད་མོ་སྦུག་དང་(Pasighat)སོགས་ཀྱང་བོད་ཀྱི་མངའ་ཁོངས་ཡིན་ཡང་། ༡༩༡༤ ལོར་རྒྱ་གར་དབྱིན་གཞུང་སྐབས། བོད་གཞུང་སྐུ་ཚབ་བློན་ཆེན་བཤད་སྒྲ་དང་རྒྱ་གར་དབྱིན་གཞུང་སྐུ་ཚབ་མེག་མཱོ་ཧན་གཉིས་ཀྱིས་མཚན་རྟགས་བསྐྱོན་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་ནང་(McMahon Line)ཟེར་བའི་ས་ཐིག་དེ་ཀེ་པཱང་ལ་ནས་བརྒྱབ་ཡོད་སྟབས་ཀྲུ་ཀྲིང་ཁུལ་འདི་རྒྱ་གར་འོག་ཚུད་ཡོད་འདུག
སྤོ་བོའི་ཡུལ་དེ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན། སྤོ་བོའི་ཡུལ་གྱི་བྱ་མོ་བཙུན་ཟེར་བའི་བུད་མེད་ཅིག་ལ་ཐེའུ་བྲང་བུ་སྤུན་དགུ་སྐྱེས་པའི་ཆུང་བ་ཨུ་བེ་ར་ཟེར་བའི་མཐུ་རྩལ་ཅན་དེ་རྒྱང་ཕུད་བཏང་བ་ཡར་ཀླུང་དུ་ཕེབས་ཏེ་བོད་མི་རྣམས་ཀྱིས་རྗེ་བོར་བཀུར་བ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས་རྗེས་ཁོང་གི་སྲས་ཆེ་བ་བྱ་ཁྲི་སྤོ་བོའི་ཡུལ་དུ་བྲོས་ཏེ། ཁོང་གི་གདུང་རྒྱུད་ཀྱིས་སྤོ་བོའི་ཡུལ་དུ་ཀཿགནམ་རྒྱལ་ཕྲན་བཙུགས་ཏེ་རྒྱལ་རབས་ ༢༧ ཙམ་བྱུང་། ཀཿགནམ་རྒྱལ་པོའི་མངའ་ཁོངས་སུ་སྤོ་ལུང་མ་བུ་དྲུག་དང༌མོན་ཚོ་ཁག་ལྔ། ལྷོ་གྲྭ་དཀར་ནག་སོགས་རྫོང་ཁག་ ༡༨ ཡོད། ཀཿགནམ་པ་བོད་བཙན་པོའི་གདུང་རྒྱུད་ཡིན་སྟབས་ལྷ་སར་ཕེབས་སྐབས། ལྷ་ལྡན་གྱི་མི་སྣ་ཀོང་པོ་རྒྱ་མདའ་བར་ཕེབས་བསུར་བཅར་སྲོལ་ཡོད་འདུག
དགའ་ལྡན་ཕོ་བྲང་སྐབས་སྤོ་བོ་སྤྱི་ཁྱབ་བསྐོས་ཤིང་། སྤོ་སྨད་དུ་རྫོང་གཞིས་བཙུགས་ཏེ་ཁྲལ་བསྡུ་ཁྲིམས་གནོན་བྱས་ཡོད་སྟབས། ད་ལྟའང་ཀྲུ་ཀྲིང་དང་ཀློ་སྨད་ཕྱོགས་ཀྱི་རྒན་འཁོགས་ཚོས་སྔར་བོད་གཞུང་ལ་ཁྲལ་སྤྲད་པའི་ལོ་རྒྱུས་སྣ་ཚོགས་བཤད་རྒྱུ་ཡོད་འདུག ༡༨༢༡ ལོར་ཀཿགནམ་རྒྱལ་པོ་འདས་རྗེས་གདུང་རྒྱུད་ཆད་རྗེས་ནང་ཁུལ་འཁྲུག་ཟིང་བྱུང་བ་དང་། རིམ་གྱིས་བོད་ཁོངས་ཁས་མི་ལེན་པ་དང་མདོ་སྤྱིའི་དམག་ཕོགས་ཚུལ་བཞིན་མ་སྤྲད་པ་བཅས་ལ་བརྟེན། ༡༩༢༧ ལོར་བོད་གཞུང་གིས་དམག་བཏང་སྟེ། ཀཿགནམ་སྡེ་པ་དབང་ཆེན་བདུད་འདུལ་རྒྱ་གར་དུ་བྲོས་རྗེས་ཤུལ་ལུས་འགོ་པ་རྣམས་ཀྱིས་ལུགས་མཐུན་མགོ་བཏགས་ཞུས་ཡོད་འདུག
ཀྲུ་ཀྲིང་ས་གནས་མགོ་འཛིན་ལས་ཁུངས་ནས་མཚན་གཅིག་བསྡད་རྗེས་ཕྱི་ཉིན་ཞོགས་པ་སྔ་པོར་ཁ་ཐོར་མི་མང་ལ་ལྟ་སྐོར་དུ་ཕྱིན། ཀྲུ་ཀྲིང་ས་འཐུས་ཚོགས་གཙོ་སངས་རྒྱས་དོན་གྲུབ་ལགས་དང་། ས་གནས་མགོ་འཛིན་རིག་འཛིན་རྡོ་རྗེ་ལགས་དང་། ལས་དྲུང་བསྟན་འཛིན་ལྷ་དབང་ལགས་བཅས་ཀྱི་འགྲོ་རོགས་འོག་རླངས་འཁོར་ནང་གཙང་འགྲམ་བརྒྱུད་དེ་བྱང་ཕྱོགས་སུ་བསྐྱོད། ལམ་བར་དུ་བོ་ན་དང་ཀོ་པུ་ཞེས་པའི་གྲོང་གསེབ་གཉིས་ཀྱི་མི་མང་ལ་ཐུག་འཕྲད་བྱས། ཉིན་གུང་དགེ་གླིང་(Gelling)གྲོང་གསེབ་ལ་འབྱོར་སོང་། དགེ་གླིང་ནི་རྒྱ་གར་བྱང་མཐའི་གྲོང་གསེབ་གཅིག་པུ་དེ་རེད། དགེ་གླིང་ནས་བོད་ཀྱི་ས་མཚམས་བར་སྤྱི་ལེ་ ༡༥ ཙམ་ལས་མི་འདུག
དགེ་གླིང་ལ་འབྱོར་ཏེ་ཆུ་ཚོད་གཅིག་ཙམ་རྗེས་ཧིན་བོད་མཐའ་སྲུང་དམག་སྒར་(Indo Tibetan Border Police Force)གྱི་དམག་མི་ཁག་ཅིག་ཕེབས་ཏེ། བོད་མི་མང་སྤྱི་འཐུས་གཉིས་དམག་སྒར་ལ་མགྲོན་འབོད་གནང་སོང་། ས་གནས་དེའི་རྒྱ་གར་མཐའ་སྲུང་དམག་མི་ཚོ་བོད་པའི་ཐོག་ལྟ་སྟངས་ཧ་ཅང་ཡག་པོ་ཡོད་འདུག ས་དེར་ཁ་པར་དང་དྲ་རྒྱ་སོགས་མེད་ཀྱང་དམག་སྒར་ནས་བོད་མི་ཚོར་མཐུན་རྐྱེན་སྐྲུན་གྱི་ཡོད་འདུག དེ་ནས་རྐང་ཐང་དུ་ཡར་ཀླུང་གཙང་པོའི་ཟམ་པ་བརྒལ་ཏེ་ཤིང་ནགས་དང་རི་བྲག་བརྒྱུད་དེ་ཆུ་ཚོད་ ༤ ཙམ་བསྐྱོད། ས་རུབ་མ་ཐག་ཆར་བ་སམ་སིམ་ཞིག་དང་མཉམ་དུ་བཱི་ཤིང་(Bishing)གྲོང་གསེབ་ལ་འབྱོར་སོང་། ཉི་གློག་མག་མོག་གི་འོག་ནས་བུད་ཤིང་གི་དུད་དྲི་དང་བ་ཕྱུགས་ཀྱི་རྫབ་དྲི་ལས་ཕ་ཡུལ་གྱི་འཚོ་བ་དྲན་ངོས་སུ་རབ་རིབ་འཁྱུག
ཝེ་་་་་་ཨ་རོགས་ཚང་། ཞེས་སྐད་རྒྱག་བཞིན་ཁྱིམ་ཚང་ཞིག་ཏུ་འཛུལ། འགྲོ་རོགས་ཚོས་བཤད་ན་དེ་ནི་གྲོང་གསེབ་དེའི་བརྒྱ་དཔོན་ཚང་རེད་ཟེར། ལོ་ན་ ༦༥ ཡས་མས་ཀྱི་བཟའ་མི་གཉིས་ཀྱིས་བྲེལ་བྲེལ་ཚུབ་ཚུབ་ངང་ཐབ་ནང་མེ་བཏང་སྟེ་ཇ་སྐོལ་བ་དང་། གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་དུ་ཁ་བཏགས་བཟུང་སྟེ་འཚམས་འདྲིར་བསླེབས་བྱུང་། “བཀྲ་ཤིས་བདེ་ལེགས།”ཟེར་བ་ཙམ་ལས་སྐད་ཆ་གཞན་ཚིག་གཅིག་ཀྱང་གོ་ཐུབ་ཀྱི་མི་འདུག
མགྲོན་པོ་དང་ཁྱིམ་བདག་ཚང་མ་མེ་ཐབ་འགྲམ་ལ་བསྡད་དེ། སངས་རྒྱས་དོན་གྲུབ་ཀྱི་སྐད་སྒྱུར་འོག་སྤྱི་འཐུས་གཉིས་ཀྱི་ལས་དོན་དང་ས་གནས་མི་མང་གི་དཀའ་ངལ་སྐོར་ལ་གླེང་མོལ་བྱས། དེ་ཁུལ་གྱི་ཕོ་མོ་རྒན་གཞོན་ཚང་མས་ཆང་འཐུང་བ་དང་། མི་སུ་ཞིག་ཡོང་ན་ “ཆང་འཐུང་གི་ཡིན་ནམ་ཇ་འཐུང་གི་ཡིན” ཞེས་འདྲི་ཡི་འདུག ཕྱི་ལ་འགྲོ་དུས་ལམ་གྲོའང་ཆང་འཁྱེར་གྱི་འདུག ཆང་འཐུང་ན་ཡག་པོ་མེད་པ་དང་ཆང་གི་ཉེས་དམིགས་སོགས་གོ་རྟོགས་དེ་ཙམ་མེད་པ་འདྲ། སངས་རྒྱས་དོན་གྲུབ་ཀྱིས་ “ཁོང་ཚོར་ཆང་འཐུང་ན་ཡག་པོ་ཡོད་པ་མ་རེད་མ་གསུངས་ན་ཡག་གི་རེད།” ཅེས་ངའི་རྣ་བར་ཤུབ་ཤུབ་ཀྱིས་བརྗོད་བྱུང་། གང་ཡིན་ཞེས་ན། ངས་སྐད་ཆ་བཤད་ས་ཁག་ཏུ་བོད་ཡིག་བོད་སྐད་ལ་ཤུགས་རྒྱག་དགོས་པ་དང་། ཆང་དང་མྱོས་རྫས་བཏུང་མི་རུང་སྐོར་ཤུགས་ཆེན་པོ་ཤོད་ཀྱི་ཡོད།
ཕྱི་ཉིན་ཞོགས་པ་ས་དེའི་བཅོ་ལྔ་འབྲུག་གྲགས་རིན་པོ་ཆེའི་དགོན་པར་མཆོད་མཇལ་དུ་ཕྱིན། ལྷ་ཁང་སུམ་ཐོག་ཅིག་བཞེངས་བཞིན་འདུག་པ་ད་དུང་འགྲུབ་མི་འདུག་ལ་གྲྭ་ཤག་འགའ་ཡོད་པའང་སྟོང་པ་རེད། ས་གནས་མི་མང་ཚོས་བརྗོད་ན། དགོན་པ་དེ་བཞེངས་སྐབས་ཨར་འདམ་དང་ཤིང་སོགས་ཅ་དངོས་ཚང་མ་མི་མང་གིས་རྒྱབ་ལ་འཁུར་ནས་དབོར་བ་ཡིན་ཟེར། ཀྲུ་ཀྲིང་ནས་བཱི་ཤིང་བར་ཅ་ལག་འཁུར་གླ་ཀེ་ལོ་(Kg)གཅིག་ལ་ཧིན་སྒོར་ ༡༠༠ རེད། ཀྲུ་ཀྲིང་དུ་ཚ་ཤོག་ཁུག་གཅིག་ལ་ཧིན་སྒོར་ ༢༥ ཡིན་པ་བཱི་ཤིང་དུ་འབྱོར་སྐབས་ཧིན་སྒོར་ ༡༢༥ ཆགས་འདུག
བཱི་ཤིང་གི་ལས་ཀ་ཚར་ཏེ་ཕྱིར་ལམ་ལ་ཆས་སྐབས། ས་གནས་མི་མང་དང་མཐའ་སྲུང་དམག་མི་ཚོས་ཕེབས་སྐྱེལ་ཞུས་ཏེ། གྲོང་གསེབ་ཞོལ་དུ་དམག་མིའི་ཐད་འཕུར་གནམ་གྲུ་འབབ་ཐང་ཞིག་ཡོད་པ་དེར་ཇ་ཆང་གི་གསོལ་སྟོན་བཤམ་སྟེ་གཞས་དང་ཞབས་བྲོ་འཁྲབ་སོང་བས་སེམས་པ་སྐྱོ་ལྷང་ལྷང་ཞིག་བྱུང་། དེ་ནས་ཕྱིར་རྐང་ཐང་དུ་ཉིན་ཕྱེད་ཙམ་ཡོང་སྟེ། ནོར་བུ་གླིང་(Norbuling)གྲོང་གསེབ་ཀྱི་བོད་པ་ཚོར་ཐུག་འཕྲད་བྱས་རྗེས་ཕྱིར་རླངས་འཁོར་ནང་ཀྲུ་ཀྲིང་དུ་འབྱོར།
ཏི་ཛུ་དང་ཀྲུ་ཀྲིང་ཕྱོགས་སུ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཤུགས་ཆེ་ཞིང་། ཀྲུ་ཀྲིང་མཐིལ་དུ་པད་ནོར་རིན་པོ་ཆེ་མཆོག་གིས་ ༢༠༠༣ ལོར་བཞེངས་ཏེ། ད་ལྟ་མཁན་པོ་ཚེ་རིང་རྡོ་རྗེ་མཆོག་གིས་འཛིན་སྐྱོང་གནང་བཞིན་པའི་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་དུ། རིག་ངོས་རྩ་ཆེན་སྣ་ཚོགས་ཡོད་པའི་རྒྱལ་སྤྱི་རང་བཞིན་གྱི་འགྲེམ་སྟོན་ཁང་ངོ་མཚར་ཅན་ཞིག་དང་དཔེ་མཛོད་ཁང་ཆེན་པོ་ཞིག་འདུག གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ ༡༩༦༠ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་ཀྱང་ལུང་པ་འདི་ནས་ཕེབས་པ་ཡིན་འདུག
ས་འདིའི་གདོད་མིའི་མི་ནི་ཀློ་པའམ་ལྷོ་པ་ཡིན་ཡང་། ཕྱིས་སུ་མོན་དང་འབྲུག་ཤར་ཕྱོགས་པ། དྭགས་ཀོང་དང་ཁམས་ཕྱོགས་སོགས་ནས་གནས་མཇལ་བ་མང་པོ་ཡོང་སྟེ་གཞིས་ཆགས། ད་ལྟ་དགོན་པ་དང་ལྷ་སྐུ་སོགས་འབྲུག་པའི་ལུགས་སུ་བཞེངས་པ་མང་པོ་འདུག ས་དེའི་མི་རྣམས་ཆོས་དད་ཆེན་པོ་དང་རྨོངས་དད་ཀྱང་ཤས་ཆེ་བ། གཞུང་རྒྱུད་དྲང་མོ་དང་གཤིས་ཀ་ཅུང་རྩུབ་པ། བོད་པའི་གནའ་བོའི་ཡུལ་སྲོལ་གོམས་གཤིས་ཀྱི་རྫོང་ཐུག་ཅིང་། ལྷག་པར་དུ་ས་གནས་ལྷོ་པའི་རིག་གནས་གྲ་མ་ཉམས་པར་གནས་འདུག
ཉིན་གསུམ་པར་ཀྲུ་ཀྲིང་ཤར་ཕྱོགས་འཆི་མེད་ཡང་གསང་ལུང་ཁུག་གི་ཁ་ཐོར་མི་མང་ལ་ལྟ་སྐོར་དུ་སྐྱོད། སྔར་ཉིན་གྱི་འགྲོ་རོགས་ཚོ་དང་ལྷན་དུ་རླངས་འཁོར་ནང་ཉིན་ཧྲིལ་བོར་ཕྱིན། ལུང་གཤོངས་རིང་མོ་དེའི་སྟོད་དུ་གངས་རིས་སྐོར་ཞིང་། བར་དུ་ཤིང་ནགས་ཀྱིས་བརྒྱན་པ། མདོ་རུ་གཙང་ཆབ་སྔོན་མོ་ཤང་ཤང་དུ་འབབ་པའི་ཡུལ་ལུང་མཛེས་སྡུག་ལྡན་པ་ཞིག་རེད། ལུང་པའི་ཕུ་མདའ་བར་གསུམ་དུ་གྲོང་གསེབ་མང་པོ་འདུག་པའི་ཁྲོད་སྐྱབས་བཅོལ་བོད་མི་རྣམས་གྲོང་གསེབ་ ༧ ཙམ་ནང་ཁ་ཐོར་འདུག
ཉིན་དེའི་དགོང་མོ་མ་ཧཱ་ཀོ་ཊ་གྲོང་གསེབ་ཀྱི་བརྒྱ་དཔོན་ཚང་དུ་བསྡད། ཁོང་ཚང་ནི་གྲོང་སྡེ་དེར་དུད་ཚང་ ༡༣ ཡོད་པའི་ཁྲོད་ཀྱི་སྐྱབས་བཅོལ་བོད་མིའི་ཁྱིམ་ཚང་གཅིག་པུ་དེ་རེད། གཞན་ཡུལ་མིའི་ཁྱིམ་ཚང་ ༡༢ ཡོད་པ་རྣམས་ཀྱང་བོད་པ་དག་མ་ཡིན་ཡང་ང་དགུ་ལོའི་སྔོན་ལ་ཁམས་ཕྱོགས་ནས་ཡོང་བ་ཡིན་འདུག སྐད་ཀྱང་ཁམས་སྐད་གཙང་མ་ཤོད་ཀྱི་འདུག པདྨ་བཀོད་པ་ཚོ་དང་མི་འདྲ་བར་ཕན་ཚུན་ཐད་ཀར་སྐད་ཆ་གོ་བརྡ་འཕྲོད་སྟབས་ཧ་ཅང་བློ་ཐག་ཉེ་བའི་ཚོར་བ་ཞིག་བྱུང་།
ཕྱི་ཉིན་ཞོགས་པ་སྔ་པོར་ཡར་ལངས་ཏེ། དེ་བཱི་ཀོ་ཊ་ལ་གནས་སྐོར་དུ་སྐྱོད། གནས་རི་དེ་ནི་གསེར་ཉ་ལྟར་འཁྱིལ་བའི་ཡང་གསང་ཆུ་བོའི་ཁུག་པར་གཡུ་ཡི་མཎྜལ་སྤུངས་བ་དང་འདྲ་ཞིང་། རི་སྒང་དུ་ཐེག་ཆེན་བྱང་ཆུབ་གླིང་གཙུག་ལག་ཁང་བཞེངས་འདུག་པའི་ནང་དུ་ཨོ་རྒྱན་པདྨའི་བཞུགས་ཁྲི་དང་གཏེར་སྒྲོམ། བླ་གཡུ་དང་བླ་གཏེར་སོགས་ཡོད་འདུག གནས་རི་དེར་ཕྱི་སྐོར་དང་བར་སྐོར་རྩེ་སྐོར་གསུམ་འདུག་པ་དང་། ཕྱོགས་བཞིར་སྒྲུབ་ཕུག་བཞི་དང་མཚམས་བཞིར་དུར་ཁྲོད་བཞི། བར་སྐོར་གྱི་བྱང་ཤར་བྲག་གསེབ་ནས་ཆུ་མིག་ཅིག་རྡོལ་བཞིན་པ་དེ་རྡོ་རྗེ་ཕག་མོའི་བྱང་སེམས་དམར་པོ་ཡིན་ཞིང་། དེ་འཐུང་ན་བདེ་སྟོང་གི་ཡེ་ཤེས་འབར་ཞིང་། ནད་གདོན་སོགས་ཞི་ཞིང་ཚེ་བསོད་ལང་ཚོ་དར་གི་རེད་ཟེར།
ཀྲུ་ཀྲིང་ཁུལ་འདི་བོད་པའི་གནས་ཡིག་འགའ་རེའི་ནང་སྦས་ཡུལ་ཆེན་པོ་བཅུ་དྲུག་འཁོད་པ་ལས་ “སྦས་ཡུལ་པདྨ་བཀོད་པའི་ཞིང་ཁམས” ཟེར་བ་དེ་ཡིན་ཞིང་། པདྨ་བཀོད་ལ་བཀོད་ཆེན་དང་བཀོད་ཆུང་གཉིས་ཡོད་པ་ལས་བཀོད་ཆེན་ཀྲུ་ཀྲིང་ཁུལ་འདི་ཡིན་པ་དང་། བཀོད་ཆུང་བོད་ནང་གི་ཉིང་ཁྲི་མེ་ཏོག་རྫོང་ཁུལ་ཡིན་འདུག གནས་འདིར་པདྨ་བཀོད་ཟེར་དོན་ནི་གནས་དེའི་ཕྱིའི་བཀོད་པ་པདྨའི་འདབ་མ་བཞི་བ་ཁ་ཕྱེ་བའི་ཚུལ་དུ་ཡོད་པ་དང་། ནང་དུ་རྡོ་རྗེ་ཕག་མོ་གན་རྐྱལ་དུ་བཞུགས་པའི་སྐུ་ཡི་དཀྱིལ་འཁོར་ཡིན་ཞིང་། རྡོ་རྗེ་ཕག་མོའི་སྤྱི་གཙུག་དང་སྙིང་ཁ། ཕྱག་དང་ཞབས། ནུ་མ་དང་གསང་གནས་བཅས་སུ་འཁོར་ལོ་ ༥ དང་ཞིང་ཁམས་ ༩ ། ཡང་གསང་ཆེན་པོ་ ༤ ། བྱ་ཁྱུང་གི་རྡོ་སྐུ་རང་བྱོན་སོགས་བྱིན་རླབས་ཀྱི་མཚན་ཁ་འབར་བའི་གནས་རི་རྩ་ཆེན་མང་པོ་ཡོད་འདུག
ཁ་བ་གངས་རིའི་ཞིང་ནས་ལྷོ་རུ་འབབ་བཞིན་པའི་ཡར་ཀླུང་གཙང་པོའི་བཞུར་རྒྱུད་ན་པི་ཝང་གི་དབྱིབས་སུ་ཆགས་པའི་སྦས་ཡུལ་པདྨ་བཀོད་ཀྱི་ལུང་གཤོངས་ཆེན་པོ་འདིར། ཆོས་སྐུ་འོད་དཔག་མེད་ཀྱི་གནས་པདྨ་ཤེལ་རི་དང་། ལོངས་སྐུ་ཐུགས་རྗེ་ཆེན་པོའི་གནས་རི་བོ་ཏ་ལ། སྤྲུལ་སྐུ་རྒྱལ་བ་རིགས་ལྔའི་གནས་ཙི་ཏ་པུ་རི་སོགས་ཡོད་པ་དང་། དུས་རབས་བརྒྱད་པའི་ནང་ཨོ་རྒྱན་པདྨ་འབྱུང་གནས་ཕེབས་ཏེ་ལོ་གསུམ་ཟླ་དྲུག་བཞུགས་ཤིང་། དུས་རབས་ ༡༦ པའི་ནང་རིག་འཛིན་འཇའ་ཚོན་སྙིང་པོ་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེ་སོགས་ཕེབས་ཏེ་ཟབ་གཏེར་མང་པོ་བཏོན་པ་དང་། སྒམ་པོ་འགྲོ་འདུལ་གླིང་པ་དང་གཏེར་ཆེན་རྡོ་རྗེ་ཐོགས་མེད་སོགས་ཀྱིས་གནས་སྒོ་མང་པོ་ཕྱེས་ཡོད་འདུག
སྦས་གནས་པདྨ་བཀོད་ཀྱི་ཕན་ཡོན་སྐོར་རིག་འཛིན་འཇའ་ཚོན་སྙིང་པོའི་པདྨ་བཀོད་ཀྱི་ལམ་ཡིག་ནང་། སྦས་ལུང་བཅུ་དྲུག་ནང་ནས་པདྨ་བཀོད་ཆེན་འདི། །གང་གིས་ཐོས་དང་དྲན་པས་ལས་སྒྲིབ་དག །འདི་ཡི་ཕྱོགས་སུ་གོམ་པ་བདུན་བོར་ནའང་། །འཆི་བར་གྱུར་ཚེ་དེ་རུ་ངེས་པར་སྐྱེ། །འདི་ལ་དམིགས་ནས་རྐྱང་ཕྱག་བདུན་འཚལ་ན། །འཁོར་བར་མི་འཁྱམ་ཕྱིར་མི་ལྡོག་པར་འགྱུར། །གང་ཞིག་གནས་འདིར་ངེས་པར་བསླེབ་གྱུར་ན། །འཇའ་ལུས་རྡོ་རྗེའི་སྐུ་ནི་ཐོབ་པར་འགྱུར། །ཆུ་ཐིགས་གཅིག་དང་རྩྭ་ཉག་ཟོས་པ་ཡང་། །གཅོང་ནད་ལ་སོགས་སྡུག་བསྔལ་ཞི་བར་འགྱུར། །དབང་པོ་མི་གསལ་བ་རྣམས་གསལ་བར་འགྱུར། །རྒས་པ་རྣམས་ཀྱང་གཞོན་ནུའི་ལུས་སུ་འགྱུར། །ཅེས་འཁོད་འདུག
ཀྲུ་ཀྲིང་ཁུལ་གྱི་ལས་དོན་ཡོངས་སུ་གྲུབ་པའི་དགོང་མོ་དེར་ས་གནས་མི་མང་གིས་གསོལ་སྟོན་བཤམ་སྟེ། གཞོན་སྐྱེས་ཁག་ཅིག་གིས་པདྨ་བཀོད་པའི་གླུ་གཞས་དང་ཞབས་བྲོ་འཁྲབ་སོང་། ཨ་རུ་ན་ཅཱལ་གྱི་བོད་པའི་གཞིས་ཆགས་ཁག་གི་ལས་དོན་ཡོངས་སུ་གྲུབ་རྗེས་རྒྱལ་ས་ཨི་ཊ་ན་གྷར་དུ་བསྐྱོད་དེ། མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་། མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་པ་སངས་རྡོ་རྗེ་ཚོ་ན། ཆོས་རིག་ལྷན་ཁང་གི་འགན་འཛིན་འཇམ་དཔལ་དབང་འདུས་སོགས་ལ་ཐུག་འཕྲད་བྱས་ཏེ་བོད་དོན་སྤྱི་དང་། བྱེ་བྲག་ཨ་རུ་ན་ཅཱལ་ནང་གི་བོད་མི་ཚོའི་བདེ་སྡུག་སྐོར་ཞུས་རྗེས། ༢༠༢༢།༡།༡༡ ཉིན་ཕྱིར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཕྱོགས་སུ་འཁོར།
ཐེངས་འདིའི་འཚམས་གཟིགས་སྐབས། བློ་ཕམ་དང་བློ་སྤོབས་ཀྱི་ཚོར་བ་གཉིས་བྱུང་། བློ་ཕམ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཟུར་དང་སློབ་གྲྭ་རེ་ཟུང་ནང་། པདྨ་བཀོད་ཕྱོགས་ནས་མགྲོན་པོར་དུག་སྤྲོད་པ་རེད། གཉེན་ཉེ་བར་ཆང་ས་རྒྱག་གི་རེད། ཙི་ཙིའི་ཤ་བཟའ་བ་རེད། པདྨ་བཀོད་པ་བོད་པ་མ་རེད་ཟེར་བ་སོགས་མཐོང་ཆུང་དབྱེ་འབྱེད་ཀྱི་སྐད་ཆ་འདི་དག་གིས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་གི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད་པ་དེ་དང་། བློ་སྤོབས་ཀྱི་ཚོར་བ་ནི་༧གོང་ས་ཏཱ་ལའི་བླ་མ་དང་བོད་པའི་ཆོས་དང་རིག་གཞུང་འདི་ཁོ་ན་བོད་པའི་འཆམ་མཐུན་ཆིག་སྒྲིལ་གྱི་སྲོག་དང་རྩ་དོན་འཐབ་རྩོད་ཀྱི་ཤུགས། བོད་མིའི་ཆེ་མཐོང་རིན་ཐང་གི་རྐང་དང་སེམས་ཤུགས་ལ་རྒྱ་ཡི་བླ་ཡིན་པ་དེའོ།། །།
Very Good: ཐེངས་འདིའི་འཚམས་གཟིགས་སྐབས། བློ་ཕམ་དང་བློ་སྤོབས་ཀྱི་ཚོར་བ་གཉིས་བྱུང་། བློ་ཕམ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཟུར་དང་སློབ་གྲྭ་རེ་ཟུང་ནང་། པདྨ་བཀོད་ཕྱོགས་ནས་མགྲོན་པོར་དུག་སྤྲོད་པ་རེད། གཉེན་ཉེ་བར་ཆང་ས་རྒྱག་གི་རེད། ཙི་ཙིའི་ཤ་བཟའ་བ་རེད། པདྨ་བཀོད་པ་བོད་པ་མ་རེད་ཟེར་བ་སོགས་མཐོང་ཆུང་དབྱེ་འབྱེད་ཀྱི་སྐད་ཆ་འདི་དག་གིས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་གི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད་པ་དེ་དང་། བློ་སྤོབས་ཀྱི་ཚོར་བ་ནི་༧གོང་ས་ཏཱ་ལའི་བླ་མ་དང་བོད་པའི་ཆོས་དང་རིག་གཞུང་འདི་ཁོ་ན་བོད་པའི་འཆམ་མཐུན་ཆིག་སྒྲིལ་གྱི་སྲོག་དང་རྩ་དོན་འཐབ་རྩོད་ཀྱི་ཤུགས། བོད་མིའི་ཆེ་མཐོང་རིན་ཐང་གི་རྐང་དང་སེམས་ཤུགས་ལ་རྒྱ་ཡི་བླ་ཡིན་པ་དེའོ།། Thanks!
སྤྱི་འཐུས་མཆོག་དེ་གར་འཚམས་གཟིགས་བསྐྱངས་སྐབས་དོན་དངོས་མྱོང་ཚོར་ཇི་བཞིན་ཞིབ་གནས་བཀོད་གནང་བར་སྙན་པོ་དང་། དེ་ཁུལ་སྐོར་གོ་རྟོགས་ཁ་གསལ་བྱུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། འདྲི་འདྲ་འབྲི་མཁན་ཧ་ཅང་དཀོན་པོ་ཡིན།
འཚམས་གཟིགས་ཕྱི་གསལ་ནང་གསལ་ཧ་ཅང་ཡག་པོ་བྲིས་འདུག་བཀའ་དྲིན་ཆེ།
ང་ཚོ་མཉམ་དུ་ཁྲིད་སོང་སྐྱིད་ཐ་ཡ།
རྩོམ་ཡིག་འདི་བཀླགས་ཏེ་བྲོ་བ་ཆེན་པོ་བྱུང་སོང་།
ངོ་དེབ་ནང་གི་རྩོམ་ཡིག་དམ་དུམ་མགོ་མེད་མཇུག་མེད་དག་ཀློག་ཀློག་གིས་ཤེས་རབ་ཆད་དེ་བོད་པའི་རྩོམ་ཡིག་ལ་ཞེན་པ་ལོག་བཞིན་པའི་དུས་ངན་འདི་ལ། སྐུ་ངོ་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གི་རྩོམ་ཡིག་ཁ་གསལ་གོ་བདེ། གཏིང་ཟབ་རིན་བྲལ་འདི་བཀླགས་ཏེ་བསམ་བློར་རྒྱགས་ཕྱེ་དང་སེམས་གཤིས་ལ་ནེམ་ཐུག་ཅིག་སླེབས་སོང་། ཤེས་ཡོན་གྱི་གཏིང་ཡོད་པའི་རྩོམ་པ་པོ་དང་གསར་འགོད་པ་རྙིང་པ་ཁྱེད་རྣམས་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ།
very moving and nice Reading too. thanks for sharing.
ཧ་ལས་པའི་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
རྩོམ་ཡིག་འདི་བཀླགས་ན་བོད་ཀྱིད་དུས་བབ་ཀྱི་རིན་ཐང་དང་བརྩེ་བ་དེ་སླར་ཡང་སྐྱེ་ཡོང་གི་འདུག རྩོམ་སྒྲིག་པ་དང་གསར་འགོད་པ་ཚོའི་ལྷག་བསམ་སེམས་ཤུགས་ལ་ཐུགས་རྗེ་ཆེ།
Wonderful narrative and enlightened me. Thank you MP Dhondup Tashi for your tour diary. These areas are nearest to Lhasa and the past government could not maintain our territories than what it can look after far West Tibet and far East Tibet. There is nothing good that the past government Ministers and officers have done for Tibet except securing their own well-being. There is no words to condemn them and fucking British. On the other hand South Tibet people are lucky that are gone in the hands of good nation, India. What could have happened if they are today under Communist China?