མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་ཐོན་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་རིག་གནས་སློབ་གཉེར་ཁང་གི་འདུལ་བ་དང་། མཛོད། ཕར་ཕྱིན། རིག་གནས་བཅས་ཀྱི་སློབ་ཐོན་པ་རྣམས་ལ་ཕྱག་ཁྱེར་གནང་སྟེ་བླ་མ་གང་འདྲ་ཡོད་མེད་སློབ་མར་བལྟས་ན་ཧ་གོ་ཡི་རེད་ཟེར་བ་བཞིན་དུ་ཀིརྟི་གྲྭ་ཚང་ནས་བསླབ་པ་སློབ་གཉེར་ཐོག་འབད་བརྩོན་ཆེན་པོ་གནང་བཞིན་པར་བསྔགས་བརྗོད་གནང་སོང་།

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོར་སྲིད་སྐྱོང་མཆོག་ཕེབས་པ། ༢༠༢༢།༠༥།༡༣

མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ང་ཚོ་སྐྱ་སེར་ཕོ་མོ་སུ་འདྲ་ཞིག་ཡིན་ཡང་། མི་བཟང་པོ་དང་ཡག་པོ་ཆགས་རྒྱུའི་ཆེད་དུ་སློབ་གཉེར་བྱེད་ཀྱི་ཡོད་པ་མ་ཟད། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་ལམ་སྟོན་གཞིར་བཟུང་རྣམ་པ་ཚོས་ཕྱག་ལས་གནང་གི་ཡོད་རེད། སྤྱིར་བླ་མ་གང་འདྲ་ཡོད་མེད་སློབ་མར་བལྟས་ན་ཧ་གོ་ཡི་རེད་ཟེར་བ་བཞིན། དགེ་འདུན་པའི་ཞལ་གྲངས་ ༡༧༩ ཙམ་ཞིག་ཡོད་པའི་ནང་ནས། དགེ་འདུན་པ་བརྒྱ་ཆ་མང་བ་ཞིག་གིས་ཕྱག་དཔེ་གཟིགས་ཀྱིན་ཡོད་འདུག དགོན་པ་མང་པོ་ཞིག་ཏུ་དགེ་འདུན་པའི་གྲངས་མང་པོ་ཞིག་ཡོད་ཀྱང་། བྱ་བྲལ་བ་དང་། དཔེ་ཆ་བ་སོགས་ག་ཚོད་ཙམ་ཡོད་དམ་བསམ་བསྡད་ཀྱི་ཡོད་ཀྱང་། ཀིརྟི་དགོན་པའི་གྲངས་ཐོ་ལ་ལྟ་དུས་བརྒྱ་ཆ་བདུན་ཅུ་ལྷག་གིས་དཔེ་ཆ་གཟིགས་ཀྱི་ཡོད་པ་ཧ་གོ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། བསླབ་པ་མཐར་སོན་གྱི་མཛད་སྒོར་མ་བཅར་གོང་དུ་དཔེ་མཛོད་ཁང་དུ་བཅར་བ་ཡིན། དེར་རིན་པོ་( ཀིརྟི་རིན་པོ་ཆེ།) མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་གྲངས་ ༡༡༣ དག་དགོན་པས་དཔར་འགྲེམས་གནང་བའི་ཕྱག་དེབ་མང་པོ་ཞིག་འདུག ཀིརྟི་བྱེས་པ་གྲྭ་ཚང་གིས་དཔེ་དེབ་དཔར་སྐྲུན་སོགས་ཡག་ཐག་ཆོད་ཅིག་བྱེད་ཀྱི་ཡོད་པའི་ཚོར་སྣང་སྔ་མ་ནས་ཡོད་པ་ཞིག་ཡིན། དེའང་མུ་མཐུད་ཧུར་ཐག་འབད་ཐག་གནང་གི་ཡོད་རེད་བསམ་གྱི་འདུག དེ་བཞིན་ཧི་མ་ལ་ཡའི་ཁུལ་ནས་དགེ་འདུན་པ་གྲངས་ ༧༩ ཙམ་ཡོད་པ་རྣམས་ཀྱིས་སོ་སོའི་ཡུལ་སྐད་དེ་མ་བརྗེད་པ་བྱེད་ནས། ཡུལ་སྐད་དེ་ངེས་པར་དུ་ཉར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་ཡིག་གཅིག་པུ་སྦྱངས་ནས་བོད་ཀྱི་དཔེ་ཆ་དག་ཤེས་ཀྱང་། རྗེས་སུ་སོ་སོའི་ཡུལ་མི་རྣམས་ལ་ཆོས་ཕྱོགས་ཀྱི་ལས་ཀ་བྱ་དགོས་སྐབས། སོ་སོའི་ཡུལ་སྐད་ནང་དུ་བྱེད་མ་ཐུབ་པའི་གནས་སྟངས་ཆགས་མི་སྲིད་པ་ཞིག་མ་རེད་ལ། ལྷག་པར་སོ་སོའི་ཡུལ་སྐད་བདག་ཉར་བྱ་རྒྱུ་གལ་ཆེན་པོ་ཡིན་པ་རེད། ཧི་མ་ཡ་ལའི་ཁུལ་ནས་ཡིན་པའི་གྲྭ་པ་ཚོས་བོད་ཡིག་ཀློག་ཤེས་པ་ཙམ་མ་གཏོགས། དཔྱད་པ་བྱ་རྒྱུ་དང་། ཉམས་ལེན་བྱ་རྒྱུ་ཞན་པོ་ཡོད་པའི་གནས་སྟངས་ཤིག་རེད། ཡིན་ཡང་། ཀིརྟི་བྱེས་པ་གྲྭ་ཚང་གི་བསླབ་གཞི་དང་། སློབ་གཉེར་བྱེད་སྟངས་སོགས་ཀྱི་ཐད་ནས། ཁྱེད་ཅག་ལ་ཏན་ཏན་ཐུགས་ཕན་གསོས་པའི་རེ་བ་བྱེད་ཀྱི་ཡོད།  ཅེས་གསུངས་སོང་།

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་འགན་གཙོ་བོ་གཉིས་བོད་ཀྱི་རྩ་དོན་སྒྲུབ་རྒྱུ་དང་། བཙན་བྱོལ་ནང་གི་བོད་མིའི་བདེ་སྡུག་ལྟ་རྒྱུ་དེ་རེད། ལས་དོན་གང་ཞིག་བྱས་རུང་༧གོང་ས་མཆོག་གི་བཀའ་དང་དགོངས་པ་གཙོ་བོར་བཞག་པའི་ཐོག་ནས། འདི་སྒྲུབ་ཐབས་དེ་རིག་པ་དང་བསམ་བློ་གསར་པ་གཏོང་བ་སོགས་བྱེད་རྒྱུའི་འབད་བརྩོན་གང་ཐུབ་ཞུ་ཡི་ཡོད་པ་རེད། དོན་དག་འགྲུབ་ཐུབ་མིན་དེ་མི་གཅིག་གིས་བྱས་པའི་ནུས་པ་གཅིག་པོར་བལྟས་ནས་ཡོང་རྒྱུ་མེད་པ་དེ་གསལ་པོ་རེད། ད་ལྟ་བར་དུ་༧གོང་ས་མཆོག་གི་འབད་བརྩོན་ལ་བརྟེན་ནས་འཛམ་གླིང་འདིའི་ནང་ལ་བོད་དོན་སྐོར་ལ་གོ་རྟོགས་དང་བོད་པའི་གནད་དོན་དེ་དག་རྒྱུན་གནས་ཐུབ་པ་དེ། ༧གོང་ས་མཆོག་གིས་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་དེ་བཤད་མ་དགོས་པ་རེད། བོད་ཀྱི་གནད་དོན་དེ་འཛམ་གླིང་གིས་ཤེས་ཀྱི་ཡོད་ཤག་བྱས་ནས་བསྡད་པ་ཡིན་ན། ང་ཚོ་ནོར་གྱི་ཡོད་རེད། ལོ་གཉིས་གསུམ་གྱི་སྔོན་ལ་རྒྱ་གར་ནང་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ནང་། བོད་པ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༦༨ ཡས་མས་ཡོང་གི་ཡོད་རེད་དེ། བོད་པའི་གནད་དོན་མགོ་འཚོས་མཁན་བརྒྱ་ཆ་ ༢༨ ཙམ་ཡོད་པ་རེད། བོད་པ་མང་ཤོས་སྡོད་སའི་ལུང་པའི་ནང་དུ་གནས་སྟངས་དེ་འདྲ་ཡིན་ན། བོད་པ་གཅིག་ཀྱང་མེད་པའི་རྒྱལ་ཁབ་དེ་ཚོའི་ནང་བོད་པའི་སྐོར་ལ་ཧ་གོ་མཁན་ཁག་པོ་རེད། དེའི་སྒང་ལ་རྒྱ་ནག་གཞུང་གི་འཁྱོག་བཤད་ཤུགས་ཆེ་དྲགས་ནས་བོད་པའི་གནད་དོན་དང་བོད་པའི་ལོ་རྒྱུས་ཀྱི་སྐོར་ལ་དམིགས་སུ་བཀར་ནས་བལྟས་ན་མ་གཏོགས། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་བརྩི་མཁན་མང་པོ་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོས་ཐབས་ཤེས་གསར་པའི་ཐོག་ནས་བོད་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རང་བཙན་ཡིན་པ་དེ་བསྒྲུབ་པར་བོད་པས་བཤད་པ་ཙམ་མིན་པར། ཕྱིས་སུ་རྒྱ་ནག་གི་མཁས་པ་དང་ནུབ་ཕྱོགས་ཀྱི་མཁས་པས་བརྩམས་པའི་དེབ་དེ་ཚོ་ལ་གཞི་བཞག་ནས་བོད་རང་བཙན་ཡིན་པའི་གནས་བབ་ཤེས་པའི་ཐོག་ནས། རྒྱལ་ཁབ་སོ་སོས་འདི་ལ་ངོས་འཛིན་བྱས་ན། རྒྱ་ནག་གིས་ང་ཚོར་སྐད་ཆ་བཤད་པར་མི་ཡོང་ཐབས་མེད་ཆགས་རྒྱུའི་གནས་སྟངས་ཤིག་ལ་འགྱུར་ཐུབ་ན་བསམ་ནས་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། ཅེས་གསུངས་སོང་།

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོ། ༢༠༢༢།༠༥།༡༣

ད་དུང་ཁོང་གིས། རྒྱ་ནག་ནང་ལོགས་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་ཞིག་ཡིན་པ་དང་། གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་ནའང་། ང་ཚོས་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་བ་བྱེད་སྐབས་བྱེད་ལུགས་བྱེད་སྟངས་ག་འདྲ་བྱ་དགོས་ཀྱི་ཡོད་མེད། དེ་བཞིན་རྒྱ་ནག་ལ་སྐད་ཆ་བཤད་ན་མ་གཏོགས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་གཞན་ཡོང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་རེད། རྒྱལ་ཁབ་གཞན་སུ་འདྲ་ཞིག་ཡིན་རུང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྔོན་ལ་ལྟ་ཡི་རེད། བོད་པའི་གནད་དོན་གྱི་ཁེ་ཕན་ལ་བལྟས་ནས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་བློས་གཏོང་བྱེད་མཁན་ཧ་ཅང་གི་དཀོན་པོ་རེད། ལྷག་པར་དུ་དེང་སང་གི་འཛམ་གླིང་དང་ཆབ་སྲིད་ཀྱི་འགྲོ་སྟངས་འདིའི་འོག་ནས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་སོ་སོའི་མི་མང་གི་ཁེ་ཕན་བསྒྲུབ་རྒྱུ་དེ་གལ་ཆེ་བ་རྩི་ཡི་རེད། ད་ལྟའི་དུས་སུ་ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་འགན་འཁྱེར་སྟེ། ༧གོང་ས་མཆོག་གིས་སྐུ་ལས་བསྐྱོན་པ་དེ་དག་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཐོག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་འདུག ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་ཟེར་དུས། དང་པོ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ག་རེ་ཡིན་པ་ངོ་འཕྲོད་ཐུབ་པ་བྱ་དགོས་ཀྱི་རེད་མ་གཏོགས། སོ་སོའི་འདོད་པ་ཡོད་པ་ཞིག་སྐུ་མདུན་གྱིས་བཀའ་གནང་བ་ཡིན་ན། དེ་༧རྒྱལ་བ་རིན་པོ་ཆེའི་བཀའ་རེད་ཟེར་རྒྱུ་དང་། སོ་སོའི་འདོད་པར་ཞེ་དྲགས་མ་འགྲོ་བ་ཡིན་ན། དེ་སོ་སོས་ཧ་གོ་ཡི་མེད་མདོག་མདོག་ལྟ་བུར་བཞག་ན། དེས་༧རྒྱལ་བ་རིན་པོ་ཆེའི་བཀའ་ཡོངས་སུ་རྫོགས་པ་བསྒྲུབ་ཀྱི་ཡོད་པ་མ་རེད། ང་ཚོ་བོད་པའི་བསམ་བློ་དེ་མཚམས་རེར་དོགས་དྲགས་ནས་དོགས་པ་རྣམ་རྟོག་ཡོང་བསྡད་རྒྱུ་དེ་འདྲ་ཡོང་གི་ཡོད་པ་རེད། དོགས་པ་རྣམ་རྟོག་མེད་པར་གུ་ཡངས་ཙམ་དང་བསམ་བློ་རྒྱ་ཆེ་ཙམ་བཏང་ནས། ང་ཚོའི་ཆོལ་ཁའི་གནས་ཚུལ་ཡིན་ནའང་ཁམས་དང་ཨ་མདོ་དབུས་གཙང་གཅིག་པུར་བསམ་བློ་བཏང་ནས་དེ་རང་ནང་ལ་འཛུལ་བསྡད་ན། དེ་རང་མ་གཏོགས་བསམ་བློ་འཁོར་རྒྱུ་ཡོད་པ་མ་རེད། དེ་ལས་རྒྱ་ཆེ་ཙམ་བསལ་བློ་བཏང་བ་ཡིན་ན། མདོ་དབུས་ཁམས་གསུམ་བསྡུས་པའི་བོད་པའི་མི་རིགས་ཀྱི་ངོ་བོ་ཟེར་བ་བཙན་པོའི་རྒྱལ་རབས་སྐབས་བྱུང་བ་དེ་བཙན་བྱོལ་ནང་སླར་གསོ་བྱུང་ཐུབ་པ་དེ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས། ང་ཚོའི་ལོ་རྒྱུས་གནས་བབ་ལ་བལྟས་ན་གཅིག་གིས་གཅིག་ལ་འཁོན་འཛིན་རྐྱང་རྐྱང་བྱས་མ་ཚར་བར་བསྡད་ཡོད་པ་རེད། ཨ་མདོ་ཁུལ་ལ་བལྟས་ན་འཛིང་མ་ཚར་བ་སྡོད་ཀྱི་འདུག ང་ཆུང་ཆུང་སྐབས་པཱ་ལགས་ཀྱིས་འཁྲིད་ནས་སྒྲུང་མང་པོ་ཉན་གྱི་ཡོད། ནང་པ་སངས་རྒྱས་པ་ནི་ཡིན་ལབ་གྱི་ཡོད་རེད་དེ། གཅིག་གིས་གཅིག་ལ་འཛིང་མ་ཚར་བར་སྡོད་ཀྱི་ཡོད་རེད། དེར་བརྟེན་ཉམས་ལེན་གྱི་སྟེང་ནས་གང་འདྲ་ཡོང་གི་ཡོད་ན་བསམ་གྱི་ཡོད། ཕྱིས་སུ་སྔོན་མའི་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་དེབ་དེ་འདྲ་ཉན་པ་དང་དེབ་ཀློག་དུས། སྤྱི་ཚོགས་ནང་བོད་ཡིག་ཤེས་མཁན་ཉུང་ཉུང་རེད་འདུག བོད་ཡིག་ཁོ་རང་ཤེས་མཁན་ཉུང་ཉུང་ཡིན་ན་ནང་ཆོས་ཤེས་རྟོགས་ཉུང་ཉུང་ཡིན་གྱི་རེད། ད་ལྟའི་༧རྒྱལ་བ་རིན་པོ་ཆེ་འདི་ལྟ་བུ་ཞིག་ང་ཚོར་བྱུང་མེད་ན་ཕལ་ཆེར་ཁག་པོ་ཆགས་ཡོད་ཀྱི་རེད། བསླབ་པ་སློབ་གཉེར་བྱེད་སྟངས་ཡིན་ནའང་ནང་ཆོས་ངོ་མ་ཡིན་མིན་དང་གོ་བ་ལེན་ཕྱོགས་ཐོག་ནས་ཁག་པོ་ཆགས་རྒྱུ་རེད། ཅེས་སོགས་གསུངས་སོང་།

ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ནི། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་སྐུ་ངལ་དུ་མ་ཁྱད་དུ་བསད་དེ། ཕྱི་ལོ་ ༡༩༨༨ ཟླ་ ༤ པའི་ནང་སློབ་གཉེར་ཁང་འདི་གསར་འཛུགས་ཀྱི་ཐོག་མའི་རྨང་བཏིང་བ་དང་། ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༤ པའི་ནང་། མཁན་པོ་དང་དགེ་སྐོས། དབུ་མཛད་བཅས་ལས་ཀྱི་སྣེ་མོ་བ་རྣམས་གསར་བསྐོས་ཀྱིས་གྲྭ་ཚང་གི་ངོ་བོ་ཚུགས།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་ལམ་སྟོན་དང་། ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་བསྐྱེད་བཞིན་ལུས་ལ་གྲྭ་ཆས་ཤིག་མནབས་ཕྱིན་ནང་ཆོས་ཀྱི་གོ་རྟོགས་ལེགས་པོ་ཞིག་དགོས་པ་ཤིན་ཏུ་གལ་ཆེར་དགོངས་ཏེ། ཕྱི་ལོ་ ༡༩༩༣ ལོར་གྲྭ་ཚང་འདིར་མཚན་ཉིད་དམ་རིགས་ལམ་འཛིན་གྲྭ་གསར་འཛུགས་ཀྱི་དབུ་ཙམ་བཟུང་བ་དང། ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༡༦ ཉིན་རིག་གནས་སྡེ་ཚན་ལས་ལོགས་སུ་རིགས་ལམ་འཛིན་གྲྭ་ཞིག་གསར་འཛུགས་གནང་བ་ནས། བསྡུས་གྲྭ་དང་། བློ་རིག རྟགས་རིགས། གྲུབ་མཐའ་དང་ས་ལམ་སོགས་ལོ་ཡུན་བཞི་དང་། ཕར་ཕྱིན་ལོ་ཡུན་བདུན། དབུ་མ་ལོ་ཡུན་བཞི། མཛོད་ལོ་ཡུན་གསུམ། འདུལ་བ་ལོ་ཡུན་གསུམ། དགེ་བཤེས་རྒྱུགས་སྤྲོད་ལོ་ཡུན་ལྔ། སྔགས་ལ་ལོ་ཡུན་གསུམ་བཅས་མདོ་སྔགས་གཉིས་ཀར་སློབ་གཉེར་གྱི་ལོ་ཡུན་ཉེར་དགུ་ཅན་རིམ་གྱིས་གཏན་འབེབས་བྱས་པ་ནས། ད་བར་ཕར་ཕྱིན་སློབ་ཐོན་པ་སྐབས་ལྔའི་རིང་གྲྭ་གྲངས་ ༤༢ དང་། དབུ་མ་སློབ་ཐོན་པ་སྐབས་གསུམ་རིང་གྲྭ་གྲངས་ ༢༦། མཛོད་སློབ་ཐོན་པ་སྐབས་གསུམ་རིང་གྲྭ་གྲངས་ ༢༣། འདུལ་བ་སློབ་ཐོན་པ་སྐབས་གཉིས་རིང་གྲྭ་གྲངས་ ༡༦ བྱུང་བ་བཅས་ཆ་ཚང་གིས་སྐབས་སོ་སོར་རབ་འབྱམས་པའི་ཕྱག་ཁྱེར་ཁག་བཞེས་ཐུབ་སྟེ། དེ་རིང་བར་གཞུང་ཆེན་རབ་འབྱམས་པ་ཁག་གི་ཕྱག་ཁྱེར་བཞེས་མཁན་གྲྭ་གྲངས་ ༡༠༧ བྱུང་ཡོད་ལ། སློབ་གཉེར་ཁང་འདིའི་སློབ་མའི་ཡོང་ཁུངས་ནི། གཞིས་ཀྱི་ཀིརྟི་ཚང་གི་གདན་ས་ཁག་དང་ཆོལ་ཁ་དང་ཆོས་ལུགས་རིས་སུ་མ་ཆད་པ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གྲྭ་གཞོན་རྣམས་ཡིན། གྲྭ་ཚང་འདིར་ད་ལྟའི་བར་དགོན་སྡེ་ཁག་མི་འདྲ་བ་སུམ་ཅུ་མ་ཟིན་ཙམ་གྱི་གྲྭ་རྒྱུན་གྲངས་ ༦༨༨ འབྱོར་ཡོད་ཅེས་གསུངས་སོང་།

ཡང་ཁོང་གིས། སྔན་ཆད་ས་གནས་འགོ་འཛིན་དང་སྤྱི་འཐུས་ལ་བཞེངས་མཁན་རིགས་ཀྱིས་མཚོན་ཆབ་སྲིད་མི་སྣ་རེ་ཟུང་ནས་གྲྭ་ཚང་ནང་སོ་སོའི་སྤྱི་ཚོགས་ཀྱི་བདེ་དོན་ཐད་དགོངས་པ་བཞེས་ཕྱོགས་ཀྱི་བགྲོ་གླེང་རེ་བྱེད་ཆོག་པའི་རེ་ཞུ་བྱུང་བར་གོ་སྐབས་ཕུལ་ཡོད། འོན་ཀྱང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་རིམ་འཕྲད་དང། གྲྭ་ཚང་འདི་ཕྱོགས་ཉེ་རིང་སྣ་ཚོགས་པ་ནས་འདུས་པའི་ཚོགས་སྡེ་ཞིག་ཡིན་པར་བརྟེན། རིམ་གྱིས་གྲྭ་ཚང་འདིའི་གྲྭ་པ་རེ་ཟུང་ཆབ་སྲིད་ལ་ཁ་ཕྱོགས་ཏེ་སློབ་སྦྱོང་གི་འགལ་རྐྱེན་དུ་གྱུར་དོགས་ཀྱི་རྣམ་པ་རེ་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༢ ནས་བཟུང་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་མི་སྣ་སུ་ཞིག་གྲྭ་ཚང་འདིའི་ནང་བགྲོ་གླེང་བྱེད་པར་གདན་ཞུ་དང་རང་དགར་ཕེབས་མི་ཆོག་པ་དང་། གྲྭ་ཚང་འདིའི་གྲྭ་པ་རྣམས་ཀྱིས་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་སྟེ་གསལ་བསྒྲགས་དང་འགྲེལ་བརྗོད་འདྲ་མིན་བྱེད་མི་ཆོག་པ་སོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་པ་རྣམས་ཆབ་སྲིད་ནང་ཞུགས་ན་ལེགས་པོ་མིན་པའི་ལམ་སྟོན་བཀའ་སློབ་སྔ་ཕྱིའི་དགོངས་དོན་བཞིན་སྒྲིག་གཞི་གཏན་འབེབས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་བླ་ན་མེད་པའི་དབུ་ཁྲིད་འོག་རྒྱ་ཆེའི་བོད་མི་མང་གི་མངོན་འདོད་དང། དཔལ་ལྡན་བོད་མི་མང་སྤྱི་འཐུས་ནས་ཁྲིམས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལངས་ཕྱོགས་གཙིགས་སུ་བཟུང་སྟེ་འགྲོ་བཞིན་ཡོད་པ་སོགས་གྲྭ་མང་རྣམས་ལུགས་གཉིས་ཀྱི་གདམ་ག་མ་ནོར་བའི་ཐོག་ཤར་བསྐྱོད་གནང་ཐུབ་པའི་ཆིག་སྒྲིལ་འདི་ཡང། འཇམ་མགོན་ས་སྐྱ་པཎྜིཏས། འཁོར་ལ་ཕུན་སུམ་ཚོགས་གྱུར་པ། །རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན། །ཞེས་གསུངས་པ་ལས་མ་འདས་པར་གྲྭ་ཚང་འདི་ནས་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་རང་གཞུང་དགྱེས་པའི་རྒྱུ་ཚོགས་གང་ཞིག་བསགས་ཡོད་པ་རྣམས། བདག་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་དུས་ནས་དུས་སུ་ལམ་སྟོན་གནང་བའི་ཐུགས་རྗེ་བཀའ་དྲིན་དང་རླབས་ཆེན་འཕྲིན་ལས་ཉག་གཅིག་ལས་བྱུང་བ་ཞིག་ཡིན་ཞེས་སོགས་གསུངས་སོང་།

ད་ལན་གྱི་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པའི་ནང་སྐབས་གཉིས་པའི་འདུལ་བ་སློབ་ཐོན་པ་༦། སྐབས་གསུམ་པའི་མཛོད་ཀྱི་སློབ་ཐོན་པ་༩། སྐབས་ལྔ་པའི་ཕར་ཕྱིན་སློབ་ཐོན་པ་༡༣། སྐབས་གཉིས་པའི་རིག་གནས་འཛིན་རིམ་བཅུ་པའི་སློབ་ཐོན་པ་༨་འདུག

གསར་འགོད་པ། པ་སངས་ཚེ་རིང་། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. Asanga says:
    ལོ་ 4 སྔོན།

    འཇམ་མགོན་ས་སྐྱ་པཎྜིཏས། འཁོར་ལ་ཕུན་སུམ་ཚོགས་གྱུར་པ། །རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན། Very good!:)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese