མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་པོད་ ༢༢༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དང་དྲ་རྒྱའི་ཚིག་མཛོད་དབུ་འབྱེད་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཏོན་པའི་པོད་ ༢༢༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དང་དྲ་རྒྱའི་ཚིག་མཛོད་དབུ་འབྱེད་མཛད་སོང་།

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༥ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་དང་ཁྲི་འཛིན་ཞེ་གཉིས་པ་དང་ད་ལྟའི་ཁྲི་འཛིན་ཞེ་གསུམ་པ་མཆོག བཀའ་བློན་ཁྲི་ཟུར་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་པའི་ཐོག འདས་པའི་ལོ་བཅུའི་རིང་རྩོམ་སྒྲིག་གནང་ཞིང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཏོན་པའི་པོད་ ༢༢༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དང་དྲ་རྒྱའི་ཚིག་མཛོད་དབུ་འབྱེད་མཛད་སོང་།

སྐབས་དེར་༧གོང་ས་མཆོག་གིས། ང་རང་ཚོ་བོད་གངས་ཅན་པ་དངོས་གནས་དྲང་གནས་ཆོས་དང་རིག་གཞུང་གི་ཐོག་ལ་ཧ་ལས་པའི་ཕྱུག་པོ་རེད། དེ་སྔ་ང་ཚོ་བོད་ལ་ཡོད་པའི་སྐབས་སུ་དམིགས་བསལ་གྱིས་དོ་སྣང་ཡོད་མ་རེད། དེ་ནས་ཚུར་བཙན་བྱོལ་བ་ཆགས་ནས་དངོས་གནས་དྲང་གནས་ང་ཚོ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་འདི་དག་རྒྱ་ཆེན་པོ་དང་གཏིང་ཟབ་པོ། ཡག་པོ་ཞེ་དྲགས་རེད་འདུག ཁ་ཡོད་ལག་ཡོད་ཀྱིས་དཀོན་མཆོག་ལ་སྨོན་ལམ་བརྒྱབ་པ་གཅིག་པུ་མིན་པར་སེམས་ལ་ཞི་བདེ་དགོས་པ་དང་། དེ་ཡང་ཁོང་ཁྲོ་དང་ཕྲག་དོག་གིས་དཀྲུགས་མི་ཐུབ་པར་རྒྱུན་འཇགས་གནས་ཐུབ་པའི་སེམས་ཀྱི་ཞི་བདེ་ནི་ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་རིག་གཞུང་གི་ཁྱད་ཆོས་གཙོ་བོ་ཞིག་རེད་འདུག སྐྱེ་བ་སྔ་ཕྱི་དང་དེ་ཚོའི་གྲས་དེ་གཏམ་རིང་པོ་རེད། གང་ལྟར་ཁ་ཡོད་ལག་ཡོད་མི་ཚེ་འདིའི་ནང་ལ་སེམས་སྐྱིད་པ་དང་བག་ཕེབས་པོ་ཡོང་བར་དེས་ཏན་ཏན་ཕན་གྱི་འདུག དཔེར་ན་ངོས་སྒེར་ལ་ཆ་བཞག་ན། བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ཡོངས་འཛིན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ངོས་ནས་སློབ་སྦྱོང་གང་ལ་གང་མཚམས་ཤིག་བྱས་ཡོད་རེད། དེང་སང་རྒྱ་གར་ལ་ཉིན་རེ་བཞིན་དུ་ཞོགས་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་སོགས་བྱེད་ཀྱི་ཡོད། འདིས་ཏན་ཏན་སེམས་ལ་ཞི་བདེ་ཡོང་བ་དང་། བཀྲ་མ་ཤིས་པའི་གནས་ཚུལ་གང་འདྲ་བྱུང་བ་ཡིན་ནའང་སེམས་ལ་ཞི་བདེ་རྒྱུན་དུ་གནས་ཐུབ་པ་ཞིག་ཡོང་གི་འདུག དེར་བརྟེན་ང་ཚོ་བོད་ཀྱི་རིག་གཞུང་འདི་ཡིས་མིའི་སེམས་ལ་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་ཞི་བདེ་སྤྲོད་ཐུབ་ཀྱི་འདུག འདི་རྩ་ཆེན་པོ་ཞེ་དྲགས་རེད། ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་གིས། དེང་སང་རྒྱ་མིའི་བསམ་བློ་གུ་དོག་པོ་རེད། རྒྱ་མི་སྤྱི་ཡོངས་ནས་མ་རེད། མགོ་ཁྲིད་དེ་དག་གིས་གུང་ཁྲན་ཏང་གི་སློབ་གསོ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་རྗེས་ལུས་ཞེ་དྲགས་རེད་ཟེར་ནས་ལབ་བསྡད་པ་དེ་གནས་ཚུལ་ཡག་པོ་ཞིག་མ་ཤེས་པས་རེད། དེ་རིང་ང་ཚོ་འཚོག་བསྡད་པ་དང་ང་ཚོའི་ཚིག་མཛོད་དེ་ཚོའི་གྲས་འདི་རྒྱ་ཡིག་ནང་ལ་བསྒྱུར་རྒྱུ་གལ་ཆེན་པོ་རེད་འདུག སྔོན་ལ་རྒྱ་ནག་སྐམ་ས་ཆེན་མོར་ཐད་ཀར་བཏང་མ་ཐུབ་ནའང་སྔོན་ལ་ཐའེ་ཝན་དང་ཧོང་ཀོང་ལ་གཏང་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས་ཀྱི་ཡོད། རྒྱ་མི་གུང་ཁྲན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་དེ་དུག་རེད་ཟེར་ནས་བཤད་བསྡད་པ་དེར། ངོ་གདོང་གི་ཆོས་དང་རིག་གཞུང་གང་འདྲ་ཡིན་པ་ཁོ་ཚོར་སྟོན་ཐུབ་པ་དང་རིམ་པས་རྒྱ་རིགས་སྤུན་ཟླ་ཚོས་ཤེས་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག བོད་མི་ས་ཡ་དྲུག་ཡིན་པ་དང་རྒྱ་མི་ཧ་ཅང་མང་པོ་ཡིན་སྟབས། ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་མཐའ་གཅིག་ཏུ་བོད་རང་བཙན་རྩོད་ཀྱི་མེད།  དེར་བརྟེན་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་རང་སྐྱོང་གི་མིང་ཐོག་ནས་བདག་པོ་ཡག་པོ་བརྒྱབ་ཐུབ་པ་གཅིག་དང་། འདིའི་ཐོག་ནས་རྒྱ་ནག་ནང་ལ་གང་ཐུབ་ཐུབ་ཀྱིས་ཁྱབ་སྤེལ་གཏོང་ཐུབ་པ་བྱུང་ན། ང་ཚོའི་བྱམས་པ་དང་བརྩེ་བ་ཡིས་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་འདིའི་ནང་ལོགས་ལ་ཤུགས་རྐྱེན་ཏན་ཏན་གཏོང་ཐུབ་ཀྱི་རེད། ཚང་མས་སེམས་ཤུགས་སྐྱེས་ནས་འབད་བརྩོན་གནང་རོགས། ཅེས་དང་། དེ་རིང་སྨོན་ལམ་ཚིག་མཛོད་བཟོས་བཞག་པ་དེར་ཁྱེད་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡག་པོ་ཞེ་དྲགས་རེད། ང་ཚོ་བོད་རིགས་ནང་ཁུལ་ནས་ལས་འགུལ་བརྩམས་བཞག་པ་འདི་རིམ་པས་རྒྱ་ཡིག་ནང་བསྒྱུར་ཐུབ་རྒྱུའི་བསམ་བློ་གཏོང་དགོས་ཀྱི་འདུག ཐའེ་ཝན་ནས་རྒྱ་ཡིག་ནང་བསྒྱུར་མགོ་བཙུགས་ཚར་ཡིན་པ་རེད། ཡག་པོ་ཞེ་དྲགས་འདུག རྒྱ་མི་གུང་ཁྲན་གྱིས་བོད་རྗེས་ལུས་རེད། ཆོས་དང་རིག་གཞུང་དེ་དུག་རེད་ཟེར་ནས་ལབ་བསྡད་པ་དེ་འཁྲུལ་ནས་བསྡད་ཡོད་རེད། དངོས་ཡོད་གནས་ཚུལ་དེ་དཔེ་ཆ་དེ་འདྲ་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་ཡིག་ནང་ལ་བསྒྱུར་ནས་སྔོན་ལ་ཐའེ་ཝན་ལ་གཏོང་རྒྱུ་དང་ཧོང་ཀོང་ལ་གཏོང་ཐུབ་ཀྱི་རེད། རྒྱ་ནག་རིམ་པས་འགྱུར་བ་འགྲོ་ཡི་ཡོད་པ་ལྟ་བུ་འདུག དེར་བརྟེན་རིམ་པས་རྒྱ་ནག་ནང་ལ་སྤེལ་ཐུབ་རྒྱུའི་འབད་བརྩོན་བྱ་དགོས་ཀྱི་འདུག སྔོན་མ་ངོས་ཀྱིས་ངོ་ཤེས་པའི་བོད་པའི་སློབ་ཕྲུག་ཅིག་གིས། ཆབ་སྲིད་ཀྱི་ཐོག་ནས་བོད་རྒྱ་མིར་དབང་བ་རེད། རིམ་པས་ང་ཚོས་ཆོས་དང་རིག་གཞུང་གི་ཐོག་ནས་རྒྱ་ནག་དབང་ཐུབ་པ་ཞིག་ཡོང་གི་རེད་ཟེར་བ་དེ་བདེན་པ་རེད། གུང་ཁྲན་རིང་ལུགས་ཀྱིས་སེམས་ལ་ཞི་བདེ་བསྐྲུན་ཐུབ་པ་གང་ཡང་མི་འདུག མའོ་ཙེ་ཏུང་ངོས་ཀྱི་ངོ་ཤེས་དང་ནང་ཚགས་ཞེ་དྲགས་རེད། མའོ་ཙེ་ཏུང་གིས་ངོས་ལ་ཆོས་ཟེར་བ་ནི་དུག་རེད་ཅེས་བསླབ་བྱ་བརྒྱབ་བྱུང་། ཁོས་གང་ཡང་ཤེས་ཀྱི་ཡོད་མ་རེད། རྒྱ་ནག་ནང་ཞི་བདེ་མེད་པར་མ་སྐྱིད་པ་དང་ང་རྒྱལ། ཕྲག་དོག མཐོ་དམན། འགྲན་སེམས་ལ་སོགས་ཞེ་དྲགས་འདུག  ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་རྒྱ་ནག་མི་དམངས་དུང་ཕྱུར་ཁ་ཤས་ཡོད་པ་དེའི་ནང་ལོགས་ལ་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་པ་ཞིག་བཟོ་ཐུབ་ཀྱི་རེད། ཅེས་གསུངས་སོང་།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་ཀྱི་ཚིག་མཛོད་ཆེན་མོའི་པོད་ ༢༢༣ གྱི་བདག་ཉིད་ཅན་དེ་དཔེ་དེབ་དང་དྲ་རྒྱ་གཉིས་ཆའི་སྟེང་ལ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དབུ་འབྱེད་གནང་བ་དང་རྒྱུད་སྡེ་ཡོངས་ལ་གསོལ་སྩལ་གནང་བ་ནི་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ལས་དོན་ཞིག་རེད། དེར་བརྟེན། ཐོག་མར་དགེ་བཤེས་སྨོན་ལམ་ལགས་ཀྱི་གཙོས་པའི་ལས་དོན་འདིའི་ཐོག་ཕྱག་ལས་གནང་མཁན་ཡོངས་སུ་རྫོགས་པ་དང་དེ་དང་འབྲེལ་བ་ཐོབ་པའི་སྐྱེས་བུ་ཀུན་ལ་ངས་སྙིང་ནས་རྗེས་སུ་ཡི་རངས་དང་། ཁྱེད་རང་ཚོའི་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཕྱག་ལས་འདི་དངོས་གནས་བསྟན་པ་དང་སྐྱེས་འགྲོ་ཡོངས་ལ་ཕན་པའི་རླབས་ཆེན་གྱི་མཛད་པ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་ཤེས་བྱ་གསལ་བའི་དབྱེ་བ་ལ་མཐའ་མེད་པ་ཡིན་སྟབས།  མིང་དང་ཚིག་གི་ཚོགས་ལ་མཐའ་མེད་པ་དང་ཇི་སྲིད་མི་ཚེ་སོ་སོའི་རིག་པའི་མཐའ་མ་རྙེད་པར་དུ་དེ་སྲིད་ཚིག་དང་མིང་གི་མཐའ་ལ་བསླེབས་ཐབས་མེད་སྐོར་དང་། ད་རེས་ཚིག་མཛོད་པོད་ ༢༢༣ གྱི་བདག་ཉིད་ཅན་དབུ་འབྱེད་གནང་བ་ཙམ་གྱིས་ལས་དོན་དེ་གྲུབ་པ་མ་ཡིན་པར། ལས་དོན་དེ་མི་ཚེ་ནས་མི་ཚེ་དང་མི་རབས་ནས་མི་རབས་བྱས་ནས་འགྲོ་དགོས་ཀྱི་ཡོད་སྟབས། ཇི་སྲིད་བོད་ཀྱི་སྐད་ཡིག་གནས་པ་དང་དེ་སྲིད་ཀྱི་བར་དུ་ཚིག་མཛོད་གསར་རྩོམ་གྱི་ལས་དོན་ལ་གཞོན་སྐྱེས་ཚོས་འགན་ཁུར་ནས་མུ་མཐུད་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་།

དེ་ནས་རྒྱལ་བའི་ཡོངས་འཛིན་མཆོག་སྤྲུལ་༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས། སྨོན་ལམ་ཚིག་མཛོད་འདི་བརྗོད་བྱ་ཁྱབ་ཆེ་བ་དང་གནད་བསྡུས་པ། ལྟ་བདེ་བའི་ཁྱད་ཆོས་མང་པོའི་དེབ་ཕྲེང་ཡོད་བསྡད་པ་ཆགས་ཀྱི་ཡོད་པར་བརྟེན། ཁ་ཡོད་ལག་ཡོད་ཀྱིས་ང་ཚོའི་བོད་པའི་སྲོལ་རྒྱུན་གྱི་ཐོག་ཏུ་ཡོད་པ་དེ་དག་འཛམ་གླིང་ལ་གཟེངས་སུ་ཐོན་པ་ཞིག་ཡིན་པ་དང་སྲོལ་རྒྱུན་སློབ་གསོར་ནུས་པ་ཆེན་པོ་ཞེ་དྲགས་ཡོད་སྐོར་དང་། བོད་དེ་དེང་རབས་ཅན་དུ་བསྒྱུར་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན་དེང་རབས་ཀྱི་ཐོག སྔོན་ཆད་ཡོད་པའི་ཚིག་མཛོད་དང་ཤེས་བྱ་ཀུན་བཏུས་དེ་ཚོ་མ་རྩ་ལྟ་བུར་གཞི་བཞག་པའི་ཐོག་ནས་ཡར་རྒྱས་ཕྱིན་པར། དགེ་བཤེས་བློ་བཟང་སྨོན་ལམ་ལགས་སོགས་སུ་དམིགས་བསལ་གྱིས་ལེགས་གསོལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་དང་། ཡར་རྒྱས་ཀྱི་ནུས་པ་ལ་ཚད་ངེས་ཅན་མེད་པར་ད་དུང་ཡང་ཡར་རྒྱས་འགྲོ་ཐུབ་པ་དང་འགྲོ་དགོས་ཀྱི་ཡོད་པའི་དགོངས་པ་བཞེས་རྒྱུ་གལ་ཆེན་ཡིན་པ་དང་།  དེ་བཞིན་ཚིག་མཛོད་དེ་དག་བོད་ཡིག་གཅིག་པོའི་ཐོག་མ་ཡིན་པར་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་རྒྱ་ཡིག་དང་སྐད་རིགས་གལ་ཆེ་བ་དང་། དབྱིན་ཇིའི་ཐོག་ལ་བསྒྱུར་ཐུབ་པ་བྱུང་ན་ཕན་ཐོགས་རྒྱ་ཆེ་བ་དང་ནུས་པ་ཐོན་པ་ཡོང་གི་ཡོད་སྐོར། བོད་ཡིག་གཞི་ལ་བཞག་པའི་ཐོག་ནས་ད་ལྟའི་དུས་རབས་འདིའི་ནང་ཤེས་ཡོན་གྱི་ཐོག་ལ་ནུས་པ་སྟོན་ཐུབ་པ་ཡིན་ན་མི་རབས་རྗེས་མས་རྗེས་དྲན་དང་རྗེས་སུ་ཡི་རངས་ཞུ་རྒྱུ་མ་ཟད། མིག་དཔེར་ལྟ་བའི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། རྗེས་སུ་ཡི་རངས་དང་འབྲེལ་ནས་གཙོ་བོ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་འབྲེལ་ཡོད་ཀྱི་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས།  སྨོན་ལམ་བོད་ཀྱི་ཀུན་འདུས་ཚིག་མཛོད་ཆེན་མོའི་འདི་བཞིན་རྩོམ་སྒྲིག་གནང་བའི་དགེ་མཚན་ནས་དགོས་ཕན་ལ་བསམ་ན། ཚིག་མཛོད་ཆེན་མོ་འདི་ལ་བོད་ཀྱི་ཆོས་ལུགས་གྲུབ་མཐའ་དང་རང་རང་གི་རིག་གཞུང་དང་ལོ་རྒྱུས་རིག་གནས་བཅས་ཆོས་བརྒྱུད་རང་ཁོངས་ཀྱི་རྩོམ་སྒྲིག་མི་སྣས་ཇི་བཞིན་རྩོམ་སྒྲིག་གནང་སྟེ། གཞི་གཅིག་ལ་མཉམ་སྤུངས་ཞུས་པ་ཞིག་ཡིན་པས། རིས་མེད་བོད་ཀྱི་ཆོས་དང་ཆོས་པོད། ལོ་རྒྱུས་སོགས་ཚད་ལྡན་ཀུན་འདུས་ཀྱི་ཚིག་མཛོད་ཆེན་པོ་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས། བོད་ཀྱི་ཆོས་རིག་ལོ་རྒྱུས་བཅས་ཀྱི་རྣམ་གཞག་རྒྱུན་འཛིན་དང་། དར་སྤེལ་གྱི་བྱ་ཐབས་རླབས་ཆེན་ཞིག་ཀྱང་ཡིན་པ་སྨོས་མ་དགོས་པ་རེད། དེ་ཡང་གཙོ་བོ་ཚིག་མཛོད་འདི་ལ་རང་རེའི་རྒྱ་ཆེ་ཀློག་པ་པོ་རྣམས་ནས་ལྟ་ཀློག་བྱས་པ་བརྒྱུད་ནས་མཐོ་སྒང་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་སོ་སོའི་ལྟ་གྲུབ་དང་ལོ་རྒྱུས་སོགས་ལ་ཚད་ལྡན་གྱི་གོ་རྟོགས་བསྐྱེད་པར་ནུས་པས། མི་རིགས་ནང་ཁུལ་ལ་ཆོས་ལུགས་ཁག་སྔར་གྱི་ལྟར་སྣང་ངན་པའི་བག་ཆགས་ངན་པ་རྣམས་སེལ་ཞིང་མཐུན་སྒྲིལ་ཡོང་ཐབས་ཀྱི་གཞི་རྩ་གལ་ཆེན་ཞིག་ལ་འཇུག་ངེས་ཡིན་པ་ང་ཚོས་ཡིད་ཆེས་དང་གདེང་འཇོག་བྱེད་ཐུབ་པའི་གནས་སུ་མཐོང་། ལྷག་པར་དུ་དེང་དུས་སུ་བོད་ཀྱི་ཆོས་རིག་ལོ་རྒྱུས་དག་ལ་ཞིབ་འཇུག་པ་དང་དོན་གཉེར་བ་རྣམས་ལ་དམིགས་བསལ་གྱིས་ངལ་བ་སེལ་ཞིང་དགོས་མཁོ་བསྐོང་ཐུབ་པའི་ཁྱད་ལས་ལྡན་པ་ཞིག་བསྐྲུན་འདུག་སྙམ། ཞེས་དང་། ཚིག་མཛོད་དེ་དྲ་བའི་དུས་རབས་དང་མཐུན་ཞིང་དྲ་ཐོག་མཉེན་ཆས་ཀྱི་ནང་དུ་རྩོམ་སྒྲིག་བྱས་ཡོད་པར་བརྟེན། རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་གནས་གང་དུ་འགྲོ་འདུག་གི་སྐབས་སུ། སྟབས་བདེ་ངང་ཁ་པར་བརྒྱུད་ལྟ་ཀློག་ཐུབ་བདེ་སྐོར་སོགས་གསུངས་སོང་།

ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་བཀའ་སློབ་གནང་དོན། ང་བོད་གངས་ཅན་པ་རྣམས་ལ་་མི་ལོ་སྟོང་ཕྲག་དུ་མའི་ཆོས་དང་སྐད་ཡིག་སོགས་ལོ་རྒྱུས་ལྡན་པའི་རིག་གཞུང་ཕྱུག་པོ་ཞིག་ཡོད། ད་ལམ་སྨོན་ལམ་གྱི་ཚིག་མཛོད་ཀྱི་ལས་གཞི་འདི་དེང་དུས་དང་མཐུན་པར་འཕྲུལ་རིག་གི་ལམ་ནས་བསྒྲིགས་པ་ཡིན་པས། སྔར་ན་མེད་པའི་བོད་ཕྱི་ནང་གཉིས་ཀྱི་ཤེས་རིག་དང་འབྲེལ་བའི་གྲུབ་འབྲས་ཆེ་ཤོས་ཤིག་ཡིན། ཞེས་དང་། ཚིག་མཛོད་ཆེན་མོ་འདིའི་ནང་དོན་བརྗོད་བྱ་དང། པོད་གྲངས། སྒྲིག་སྦྱོར་གྱི་སྤུས་ཚད་གང་ཅིའི་ཐད་ནས་ཀྱང་འདི་ནི་ཚིག་མཛོད་ dictionary ཙམ་མ་ཡིན་པར། ད་ཆ་བོད་རིག་པ་དང་འབྲེལ་བའི་རིག་མཛོད་ཆེན་མོ་ encyclopedia ཆགས་འདུག་སྙམ། ནུབ་ཕྱོགས་ཀྱི་འཛམ་གླིང་ནང་སྔ་མོ་རོ་མན་ཚིག་མཛོད་ཆེན་མོ་ encyclopedia སྔ་ཤོས་ཡིན་པ་རྩི་ཡི་ཡོད་པ་དང་། དེ་ཉིད་བྱུང་ནས་མི་ལོ་ ༢༠༠༠ ཙམ་ཕྱིན་པ་བཤད་ཀྱི་ཡོད། དེ་ལ་དེབ་ཕྲེང་དགུ་པར་གྲགས། དེ་བཞིན་ཁ་ཆེ་དང་རྒྱ་གར། རྒྱ་ནག་བཅས་ཡུལ་གྲུ་སོ་སོའི་ལོ་རྒྱུས་ནང་དུའང་རིག་མཛོད་ཆེན་མོ་འགའ་ཞིག་མི་རབས་མང་པོར་བསྒྲིགས་པ་དེ་འདྲའང་བྱུང་འདུག དེང་རབས་གློག་ཀླད་ཀྱི་དུས་འདིར། སྔ་མོའི་ལམ་སྲོལ་ལས་འདས་ནས་སུ་འདྲ་ཞིག་གིས་ཀྱང་མིང་ཚིག་དང་དེ་དག་གི་དོན་དག་སོགས་དྲ་ཐོག་ཏུ་བཞག་ཐུབ་པ་ཡིན་པས། དེང་སང་རྒྱ་ཡིག་ནང་ཡོད་པའི་པེ་ཀེ་དང་པེ་ཏུ་(Baike Baidu)། དེ་བཞིན་དབྱིན་སྐད་སོགས་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་ཡོད་པའི་ wikipedia ལྟ་བུ་ནི་འཛམ་གླིང་ནང་གི་རིག་མཛོད་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྨོན་ལམ་བོད་ཀྱི་ཚིག་མཛོད་འདི་སྐད་ཡིག་གཞན་ནང་ཡོད་པའི་རིག་མཛོད་དང་བསྡུར་བ་ཡིན་ན། ལོ་དགུའི་ནང་འཛམ་གླིང་ནང་གི་རིག་མཛོད་གཙོ་བོའི་གྲས་ཤིག་ཆགས་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ལས་གཞི་འདི་ནི། ང་ཚོའི་མི་རབས་འདིའི་དཔལ་དང་རྒྱན་ཙམ་དུ་མ་ཟད། མ་འོངས་བོད་པའི་གཞོན་སྐྱེས་རྣམས་ལ་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན། ཞེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་གཙོ་བོ་འགན་བཞེས་ཐོག བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གཙོས་བོད་ཕྱི་ནང་གི་ཤེས་ཡོན་སྡེ་ཚན་ཁག་མང་པོ་དང་མཉམ་སྦྲེལ་གྱིས་དུས་ཡུན་མི་ལོ་ ༩ ལྷག་རིང་འབད་བརྩོན་ལྷོད་མེད་གནང་ནས་ད་ཆ་རྩོམ་སྒྲིག་ཚར་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ ལས་དོན་ལེགས་གྲུབ་བྱུང་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་མཆོག་གིས་ཞལ་སྔ་ནས་དངོས་སུ་དབུ་འབྱེད་མཛད་པའི་བསྐལ་བཟང་གི་དུས་ཚེས་ཉིན་མོར། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དབུས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པ་ལྷན་ཞུགས་ཐུབ་པ་བཅས་ནི་བོད་ཀྱི་ཤེས་རིག་དང་སྐད་ཡིག་གི་བྱུང་རབས་ལོ་རྒྱུས་ནང་དམིགས་བསལ་གྱི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད་སྐོར་དང་། ཡང་ཁོང་གིས། བོད་ནང་གི་དེ་འདྲའི་གནས་སྟངས་ཛ་དྲག་དང་། ཆེས་མྱུར་བའི་དུས་ཀྱི་འགྱུར་བགྲོད་འདིའི་ནང་བོད་ཀྱི་སྐད་ཡིག་ཐོག་ནུས་ཤུགས་འཕར་མ་ཞིག་བཏོན་མ་ཐུབ་ན་འབྱུང་གྱུར་ལོ་བཅུ་ཕྲག་འགའ་ཤས་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་གྱུར་བའམ་རྒྱ་ཆུང་དུ་ཆུང་དུ་འགྲོ་བས་རིམ་པས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་མཐོང་གི་འདུག དེ་འདྲའི་ཉེན་ཁ་ལས་སྐྱོབས་པའི་ཕྱིར་དེང་གི་འཕྲུལ་ཆས་ནང་བོད་ཡིག་མཉེན་ཆས་བཀོལ་སྤྱོད་བདེ་བ་དང་། ཚིག་མཛོད་རིགས་བཅས་བེད་སྤྱོད་མྱུར་འཚོལ་བདེ་བ་བཅས་ཀྱི་ཕྱིར་དུ། སྐུ་ཞབས་སྨོན་ལམ་ནས་སྲོལ་རྒྱུན་བོད་ཀྱི་ཡིག་གཟུགས་ཁག་དེང་དུས་ཚན་རིག་འཕྲུལ་ཆས་དང་འདྲ་མཉམ་བཀོལ་སྤྱོད་ཐུབ་པའི་སྨོན་ལམ་ཡིག་གཟུགས་མཉེན་ཆས་རིམ་པ་གསར་གཏོད་དང་བཟོ་སྐྲུན་གནང་ནས་བོད་ཀྱི་སྐད་ཡིག་དེང་དུས་རིག་གསར་མཉམ་འགྲོ་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་བ་དང་། ལྷག་པར་དུ་༸གོང་ས་རྒྱལ་བ་ཆེན་པོ་མཆོག་གི་ལམ་སྟོན་ལྟར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མཐུན་འགྱུར་འོག་སྐུ་ཞབས་སྨོན་ལམ་མཆོག་གིས་གཙོ་བོ་འགན་བཞེས་ཀྱིས་འབྲེལ་ཡོད་མང་པོས་ཕྱར་གྲུ་མཉམ་འདེགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ ཅན་འདི་བཞིན་ད་ཆ་འཛམ་གླིང་གི་ཚིག་མཛོད་མང་ཤོས་ཀྱི་ཟིན་ཐོ་གསར་པ་ཞིག་བཞག་ཅིང་མངོན་སུམ་མིག་ལམ་དུ་གྱུར་ཐུབ་པ་ནི་བོད་ཀྱི་སྐད་ཡིག་གི་རིན་ཆེན་བང་མཛོད་ཅིག་ཏུ་གྱུར་བས་མངོན་པར་བསྟོད་རྒྱུ་དང་། དོན་དམ་པའི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བ་མ་ཟད། བཙན་བྱོལ་ནང་རང་རེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་རླབས་ཆེན་བྱ་གཞག་འཇོག་ཐུབ་པ་འདི་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྨོན་ལམ་ཚིགས་མཛོད་ཆེན་མོ་པོད་ ༢༢༣ ཡོད་པ་དེ་འཛམ་གླིང་ནང་ཚིག་མཛོད་མང་ཤོས་ཆགས་ཡོད་པ་རེད། དེ་ལྟར་ཆགས་དགོས་དོན་ཡང་རྒྱུ་རྐྱེན་མང་པོ་ཞིག་འཛོམས་ནས་ཡོང་གི་ཡོད་པ་དེ་ཞུ་མི་དགོས་པ་རེད། གཙོ་བོ་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཕྲལ་ཕུགས་གཉིས་ཀར་དམིགས་ཏེ་བཀའ་སློབ་ལམ་སྟོན་གནང་བ་དང་། དེ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམ་པས་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཞག་ཐོག་དགེ་བཤེས་སྨོན་ལམ་ལགས་ཀྱིས་འཆར་གཞི་བང་བསྒྲིགས་ཏེ་བོད་ཕྱི་ནང་གཉིས་སུ་སྡེ་ཚན་ཁག་༣༥ ཙམ་བཙུགས་པ་རེད། སྤྱིར་བཏང་ལས་གཞི་ཆུང་ངུ་ཞིག་གི་ཆེད་དུ་སྡེ་ཁག་གསུམ་བཞི་དབར་འབྲེལ་བ་བྱེད་དགོས་ནའང་ཁག་པོ་ཆགས་ཀྱི་ཡོད། བོད་ཕྱི་ནང་གཉིས་སུ་ཡོད་པའི་སྡེ་ཁག་མང་པོ་འདི་འདྲ་ཚང་མར་འབྲེལ་བ་བྱེད་ཐུབ་པ་དེ་གཙོ་བོ་རིས་སུ་མ་ཆད་པའི་བསྟན་བདག་བླ་ཆེན་རྣམ་པའི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་དགེ་བཤེས་སྨོན་ལམ་ལགས་ཀྱིས་གཙོས་ཕྱག་ལས་གནང་མཁན་རྣམ་པ་དང་། ཉམས་ཞིབ་པ་རྣམ་པ་བཅས་ནས་དཀའ་ལས་བརྒྱབ་སྟེ་སྨོན་ལམ་ཚིགས་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་གྱི་དཔེ་དེབ་བཏོན་ཐུབ་ཡོད་པ་དང་། སྨོན་ལམ་ཚིགས་མཛོད་ཆེན་མོ་པོད་ ༢༢༣ ཡོད་པ་དེ་དག་ཚང་མ་ཚིག་མཛོད་གཅིག་གི་ངོ་བོ་ཐོག་གློག་ཀླད་ནང་ནས་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད། བོད་ནང་དུ་རྒྱ་ནག་གཞུང་གིས་སྲིད་བྱུས་ག་རེ་འཛིན་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། སྲིད་འཛིན་ཞི་ཅིན་ཕིན་སླེབས་པ་ནས་བཟུང་རྒྱལ་ཁབ་གཅིག་དང་། རིག་གཞུང་གཅིག སྐད་ཡིག་གཅིག་ཅེས་བཤད་ཀྱི་ཡོད་ལ། བོད་ནང་སྔོན་འགྲོ་སློབ་གྲྭ་ནས་བཟུང་བོད་པའི་སྐད་ཡིག་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཆོས་རིག་ལས་ཁུངས་ཁྱབ་ཁོངས་འོག་དགོན་སྡེ་ ༢༨༨ དང་། གྲྭ་བཙུན་སྟོང་ཕྲག་ ༤༢ ཙམ་ཡོད་པའི་ཁྲོད་ནས་ཧི་མ་ལ་ཡའི་རིགས་རྒྱུད་བརྒྱ་ཆ་༦༦ ཙམ་ཡོད། བོད་པའི་སྐད་ཡིག་དང་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་འགན་བོད་པ་ཙམ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཡོངས་དང་། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཡོངས་ལའང་འགན་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ་དང་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 3 སྔོན།

    ཚིག་མཛོད་ལེགས་གྲུབ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese