མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧན་རི་ཁི་སིན་ལྗར།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

དཀོན་མཆོག་བསྟན་འཛིན།

ཨ་རིའི་སྲིད་འཛིན་སྐབས་ ༣༧ པ་ནེ་ཀི་སོན་(Nixon)ཡི་རྒྱལ་སྲུང་སློབ་སྟོན་པ་ཧེན་རེ་ཁེ་སིན་འཇིར་(Dr. Henry Kissinger)

གཅིག ཁི་སིན་ལྗར་དང་ཁ་སང་།

གཉིས། ཁི་སིན་ལྗར་དང་དེ་རིང་།

གསུམ། ཁི་སིན་ལྗར་དང་བོད།

བཞི། བོད་དང་སྲིད་འཛིན་ཕོའུ་ཊན།

དང་པོ། ཁི་སིན་ལྗར་དང་ཁ་སང་།

ཕྱི་ལོ་ ༢༠༠༩ ལོར་སྐྱབས་རྗེ་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་དུ་བཀའ་སློབ་གལ་ཆེན་ཞིག་གནང་འདུག བཀའ་སློབ་དེའི་ཁྲོད་དུ་རིན་པོ་ཆེས།

སྔོན་མ་ཌོག་ཌར་ཁི་སིན་ལྗར་གྱི་Ping-Pong Diplomacy ཟེར་བ་ཞིག་བྱུང་ཡོད་རེད། དེ་ཁྱེད་རང་ཚོ་ལོ་རྒན་པ་ཚོས་མཁྱེན་གི་ཡོད་རྒྱུ་རེད། ལོ་གཞོན་པ་ཚོས་གཅིག་བྱས་ན་དེ་མཁྱེན་གི་མེད་དྲོ། ཨ་རི་དང་རྒྱ་ནག་གུང་ཁྲན་གཉིས་པོ་དེ་མཐུན་སྒྲིལ་བྱེད་པའི་འགོ་བཙུག་པའི་སྐབས་ལ། ཌོག་ཌར་ཁི་སིན་ལྗར་ཟེར་བ་ཨ་རིའི་མཁས་པ་ཡིན་གསུང་མཁན་དེས། སྲིད་འཛིན་ནེག་སོན་དང་ཁོ་ཚོས་རྒྱ་ནག་ལ་འབྲེལ་བ་བཙུགས་པ་རེད། དེ་དུས་ག་རེ་ལབ་ཡོད་རེད་ཟེར་ན། དཔལ་འབྱོར་གྱི་གནས་བབ་གུ་ཡངས་ལ་ཕྱིན་པ་ཡིན་ན། ཆབ་སྲིད་ཀྱི་གནས་བབ་རང་བཞིན་གྱིས་གུ་ཡངས་ལ་འགྲོ་གི་རེད་ཟེར། དེ་འདྲ་ཡིན་ཙང་། རྒྱ་ནག་གི་ནང་ལ་མང་གཙོ་འཕེལ་རྒྱས་འགྲོ་ཡག་དང་གུ་ཡངས་ཡོང་ཡག་གི་ཆེད་དུ་ཁོ་ཚོའི་དཔལ་འབྱོར་གྱི་གནས་སྟངས་དེ་མ་རྩ་རིང་ལུགས་ལ་བསྒྱུར་བཞག་པ་ཡིན་ན། དཔལ་འབྱོར་དེ་གུ་ཡངས་བཏང་བཞག་པ་ཡིན་ན་ཆབ་སྲིད་དེ་རང་བཞིན་གྱིས་གུ་ཡངས་ལ་འགྲོ་གི་རེད་ཟེར་ནས། དམ་བཅའ་དེ་འདྲ་ཞིག་བཟུང་ནས་རྒྱ་ནག་མཉམ་དུ་ཚོང་འབྲེལ་བྱེད་ཡག་གི་འགོ་བཙུགས་རེད།   ཁོ་ཚོའི་ཐོག་མའི་དམིགས་ཡུལ་དེ་འདྲ་ཞིག་རེད། ཡིན་ནའང་ ༢༠༠༦ལོར་ཡང་བསྐྱར་ཁོ་ཚོ་མཁས་པ་གསུམ་གྱིས་ཨ་རི་ནང་ནས་དེབ་ཆུང་ཆུང་གཅིག་བཏོན་ཡོད་རེད། དེབ་དེའི་མགོ་བརྗོད་ལ་ The China Fantasy ཞེས་བྲིས་ཡོད་རེད། དེབ་དེའི་ནང་ལ་ག་རེ་བྲིས་ཡོད་རེད་ཟེར་ན། སྔོན་མ་ཁི་སིན་ལྗར་དང་ཁོ་ཚོའི་སྐབས་ལ། དཔལ་འབྱོར་གུ་ཡངས་ཐོབ་ན་ཆབ་སྲིད་གུ་ཡངས་འགྲོ་གི་རེད་ཟེར་ཡག་གི་རྨི་ལམ་དེ་ད་རྨི་ལམ་རང་ལ་ལུས་པ་རེད་མ་གཏོགས། དངོས་དོན་ལ་བྱུང་ཡོད་མ་རེད་ཅེས་མ་བྱུང་བའི་རྒྱུ་མཚན་དེའི་ནང་ལ་རྒྱ་ཞིང་རྒྱས་པ་བཤད་ཡོད་རེད། སྲིད་དོན་ཚན་རིག་པའི་སློབ་ཕྲུག་ཚོས་དེ་ཚོའང་ལྟ་དགོས་པ་ཞིག་རེད་ཅེས་བཀའ་གནང་ཡོད། ཚིག་བརྒྱ་མདོར་དྲིལ་ན་རིན་པོ་ཆེའི་བཀའ་སློབ་འདིས་བསྟན་པ་ལས་ལྷག་པའི་གཞན་གསར་བ་ཞིག་གང་ཡང་བཤད་རྒྱུ་མེད་ཀྱང་། མདོ་ཙམ་བཤད་ན།རྐང་ལ་རྩྭ་ལྷམ་གྱོན་ཞིང་། རྒྱབ་ལ་བོའུ་ཆག་རེ་ལས་འཁུར་རྒྱུ་མེད་པའི་མོ་ཙེ་ཏུང་གི་དུས་རབས་ཀྱི་རྒྱ་ནག་དེ། ད་ལྟ་དཔལ་འབྱོར་གྱི་རྒྱ་ཁྱོན་རྒྱ་གར་ལས་ལྡབ་བདུན་དང་དམག་དོན་གྱི་ནུས་པ་རྒྱ་གར་ལས་ལྡབ་བཞི་བརྒལ་ནས་སྟོབས་ཆེན་ཨ་མེ་རི་ཀ་དང་ཐད་ཀར་འགྲན་སློང་ཐུབ་མཁན་ཞིག་ཏུ་ཇི་ལྟར་འགྱུར་སོང་བ་རེད་དམ། དེའང་གནའ་མི་བོད་ཀྱི་གཏམ་དཔེ་ལ། ཆག་སྒོ་བྱུང་ན་མགོ་དང་།  མུ་གེ་བྱུང་ན་མཐའ། ཞེས་པ་ལྟར།  དེ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་འགྱུར་མཚམས་ཞིག་ནས་འགོ་བཙུགས་ཡོད།

གནས་ཚུལ་གྱི་རྒྱབ་ལྗོངས་མདོ་ཙམ་བཤད་ན། འཁྲུག་ཆེན་གཉིས་པའི་མཇུག་ཏེ་ཕྱི་ལོ་ ༡༩༤༧ ཡས་མས་ནས་གྲང་དམག་ཅེས། ཨུ་རུ་སུ་དང་ཨ་མེ་རི་ཀ་གཉིས་ཐད་ཀར་མ་ཡིན་པའི་གདོང་ཐུག་ཆེན་པོ་དེ་བྱུང་། གནས་སྟངས་དེའི་འོག་ནས་ཨ་རིའི་སྲིད་འཛིན་སོ་བདུན་པ་ནེག་སོན་གྱི་ཕྱི་སྲིད་སློབ་སྟོན་པ་ཧན་རི་ཁི་སིན་ལྗར་གྱིས། ཨུ་རུ་སུ་རྦད་དེ་ཕམ་རྒྱུའི་ཇུས་ཆེན་པོ་ཞིག་བཏང་། གསང་ཇུས་དེ་ནི་ཨུ་རུ་སུ་ཁེར་རྐྱང་གྲོགས་མེད་ངང་འཆི་ལམ་དུ་རྫོངས་རྒྱུ་དང་གྲང་དམག་མཇུག་བསྡུ་རྒྱུ་དེ་རེད། སྲིད་བྱུས་དེའི་ཆ་ཤས་ལྟ་བུ་ལ།  རྒྱ་ནག་དང་ཨུ་རུ་སུ་གཉིས་ཤ་ཁ་ཁ་དང་གྲི་སོ་སོ་བཟོ་རྒྱུ་དེ་ནི་གོམ་པ་དང་པོ་ལྟ་བུར་གྱུར།   ཞོར་ལ་ཨ་རིས་ལག་ཙམ་ཡང་འགུལ་མི་དགོས་པར་རྒྱ་ནག་ནང་མི་མང་རང་གིས་དང་བླངས་ངང་དམར་པོའི་གཞུང་དེ་མགོ་རྟིང་སློག་ནས་མང་གཙོའི་ལམ་ལ་འགྲོ་རྒྱུ་དེ་ཕུགས་ཀྱི་རྩིས་རེད།

ཕྱི་ལོ་ ༡༩༧༡ སྲིད་འཛིན་ནེག་སོན་གྱི་སློབ་སྟོན་པ་ཁི་སིན་ལྗར་གསང་བའི་སྒོ་ནས་རྒྱ་ནག་ལ་ཕྱིན།  ལོ་དེའི་རྗེས་ཐོག་ཏུ་སྲིད་འཛིན་ནེག་སོན་རང་ཉིད་རྒྱ་ནག་ལ་ཕྱིན། སྐབས་དེར་ཨ་རིའི་ངོས་ནས་རྒྱ་དམར་དེ་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པ་ད་རུང་ངོས་འཛིན་བྱ་རྒྱུར་ལྷག་ཡོད།  སྐབས་དེ་ནས་བཟུང་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་ཞིང་ལས་དང་བཟོ་ལས་ཡར་རྒྱས་ལ་མཁོ་བའི་ཅ་དངོས་མཁོ་སྤྲོད་སོགས་གཞི་རྒྱ་ཆེ་བའི་ལས་འགུལ་མང་པོ་བརྩམས་ཀྱང་། མའོ་ཙེ་ཏུང་དོགས་ཟོན་ཆེ་ཞིང་དངོས་ཡོད་ལས་ལྟ་གྲུབ་གཙོ་བོར་འཛིན་མཁན་གྱི་མཁྲེགས་འཛིན་པ་ཞིག་ཡིན་པས་ན། འབྱོར་ལྡན་མ་རྩ་རིང་ལུགས་ཀྱི་འོག་ལ་མགོ་བོ་མི་སྒུར་བའི་རྣམ་འགྱུར་བསྟན། མའོ་ཤི་ནས་ཏིང་ཞོ་ཕིན་སྲིད་སྟེགས་ལ་བསླེབས། སྐབས་དེར་སྔོན་མ་ཁི་སིན་ལྗར་གྱིས་གསང་ཇུས་དང་། ཏིང་ཞོ་ཕིན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་བྱུས་གཉིས་རྩམ་རྡོག་རིལ་ནས་ཡོང་བ་དང་ཁྱི་རྒན་ལྟོགས་ནས་ལྡོམ་པ་གཉིས་ལམ་ཐུག་བརྒྱབས་པ་ལྟར་གྱུར།

ལྷག་པར་ཕྱི་ལོ་ ༡༩༧༩ ལོར་ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་རྒྱ་རིགས་ལ་གཞུང་གཅིག་ལས་མེད་པ་དང་། དེ་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་ཡིན་ཞེས་ཁས་བླངས། སྲིད་བྱུས་འདིས་ཐེ་ཝན་གྱི་ཁྲིམས་མཐུན་བདག་དབང་ཡོངས་སུ་འཕྲོག་པ་དང་ལྷན། བོད་ཀྱང་ཞོར་དུ་མུན་དུང་དུ་གཡུགས། དེ་ནས་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་ནས་རྒྱ་རིགས་ཀྱི་སློབ་ཕྲུག་ཁྲི་འབུམ་མང་པོ་ཨ་རིར་ཚུར་སློབ་སྦྱོང་དུ་བསླེབས་ཤིང་།  ཨ་རི་ནས་བཟོ་གྲྭ་སྟོང་ཕྲག་མང་པོ་རྒྱ་ནག་ལ་ཕར་ཕྱིན། ལོ་ངོ་བཅུ་ཕྲག་གསུམ་གྱི་རྗེས་སུ་རྒྱ་དམར་ནི་མང་གཙོ་ལ་མ་འགྱུར་བའི་སྒང་ལ། ད་ལྟ་ཨ་རིའི་བཟོ་གྲྭ་དག་རྒྱ་ནག་ནས་ཕྱིར་འཐེན་བྱས་ཀྱང་གྱོང་ཨ་རི་ལ་འདུག་གམ་རྒྱ་ནག་ལ་འདུག་རྩིས་གཞི་ནས་རྒྱག་རྒྱུ་ལྟ་བུར་ལྷག མ་ཟད་གནས་སྟངས་འདི་མུར་ལྷག་ན་རྒྱ་ནག་ཏུ་ལས་བཟོ་བའི་གླ་དངུལ་འཕར་ནས་ཉིན་ཞིག་ཨ་རིའི་བཟོ་གྲྭ་དག་རང་བཞིན་གྱིས། རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ། ཨ་ཧྥེ་རི་ཀ་སོགས་ལ་སྤོར་དགོས་པའི་ཚད་ལ་ལྷུང་རྒྱུ་ཡིན་པ་དཔལ་འབྱོར་དབྱེ་ཞིབ་པ་མང་པོས་ཚོད་དཔག་བྱེད་བཞིན་ཡོད། འདི་ལ་ཁི་སིན་ལྗར་གྱི་གསང་ཇུས་ཟེར།

གཉིས་པ། ཁི་སིན་ལྗར་དང་དེ་རིང་།

ལོ་འདིའི་ཟླ་བ་ ༢ ཚེས་ ༢༤ ཉིན་རཱ་ཤི་ཡས་ཡོའུ་ཁུ་རན་གྱི་ས་མཚམས་བརྒལ་ནས་དྲག་རྒོལ་འགོ་བཙུགས། འཐབ་འཛིང་དྲག་པོས་བདུན་ཕྲག་དྲུག་ཙམ་འདས་པ་ན། རཱ་དམག་གིས་ཡོའུ་ཁུ་རན་གྱི་རྒྱལ་ས་འཛིན་མ་ཐུབ་པར་ཕམ་ཁའི་ངང་ཕྱིར་འཐེན་ཀྱིས་ཡོའུ་ཁུ་རན་གྱི་ཤར་ལྷོ་ནས་མུ་མཐུད་དུ་དྲག་རྒོལ་བྱས། ནུབ་ཕྱོགས་པའི་དམག་དོན་རོགས་དངུལ་དང་མཚོན་ཆ་མུ་མཐུད་འབྱོར་བཞིན་ཡོད། རཱ་དམག་ཕམ་རྒྱུའི་རྟགས་མཚན་མང་པོ་ཐོན་བཞིན་པའི་སྒང་ལ། གནད་དོན་དབྱེ་ཞིབ་པ་མང་པོས་རཱ་ཤི་ཡའི་སྲིད་འཛིན་ཕོའུ་ཊན་ནི་དྲག་པས་དྲག་པོ་འདུལ་རྒྱུའི་གནས་ལུགས་ལས་མི་ཤེས་པའི་མི་ཞིག་ཡིན་སྟབས། གལ་སྲིད་གྲོས་མོལ་ཞིག་འགོ་འཛུགས་དགོས་ནའང་ཐོག་མར་རཱ་དམག་ལ་ཕམ་ཁ་ཆེན་པོ་ཞིག་མ་བྱུང་ན་ཅོག་ཙེ་འགྲམ་ལ་འཁྲིད་ཡོང་མི་ཐུབ་པའི་སྡོམ་ཚིག་འགོད་བཞིན་ཡོད།

ཟླ་ ༥ ཚེས་ ༢༤ ཉིན་སི་ཝེ་སི་རུ་ཚོགས་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཤིག་གི་སྟེང་ལ་ལོ་ན་གོ་དགུ་ལ་བསླེབས་པའི་ཧན་རི་ཁིན་སི་ལྗར་གདན་འདྲེན་བྱས། སྐབས་དེར་ཁོང་གིས་དམག་འཁྲུག་དང་འབྲེལ་བའི་ཚིག་ཁ་ཤས་ཤིག་བཤད། སྐད་ཆའི་སྙིང་བོ་ནི། ཞི་བའི་གྲོས་མོལ་ཕྱིས་མ་དྲག་སྔོན་ལ་འགོ་འཛུགས་དགོས་པ་དང་། དེའི་ཆེད་དུ་ཡོའུ་ཁུ་རན་གྱིས་རཱ་ཤི་ཡ་ལ་ས་ཆ་གང་མཚམས་སྤྲོད་རྒྱུར་གྲ་སྒྲིག་བྱ་དགོས་པ། ནུབ་ཕྱོགས་ཀྱི་རོགས་རམ་ལ་བརྟེན་ནས་རཱ་ཤི་ཡ་ལ་ཕམ་ཁ་སྤྲད་ནས་རཱ་ཤི་ཡ་ངོ་ཚ་རུ་བཅུག་ན་དེའི་ཡོ་རོབ་ཀྱི་ཕུགས་ཀྱི་བདེ་འཇགས་ལ་གནོད་རྒྱུ་ཡིན་ཚུལ་བཤད་པ་དེ་རེད། སྐད་ཆ་དེ་ལ་དཀའ་སྡུག་དྲག་པོའི་འོག་ཏུ་ཡོད་པའི་ཡོའུ་ཁུ་རན་གྱི་རྒྱལ་དམངས་ཀྱིས་ཁ་རྡུང་དྲག་པོ་བཏང་བ་མ་ཟད། རྒྱལ་སྤྱིའི་ཕྱོགས་མང་པོ་ནས་སླར་ཡང་ཁི་སིན་ལྗར་གྱིས་འཛམ་གླིང་ནོར་ལམ་ལ་ཐེངས་གཅིག་འཁྲིད་རྒྱུ་ཡིན་ཚུལ་གྱི་ཟུར་ས་དང་ཁ་རྡུང་བཏང་།

མི་འདིས་ཚོགས་ཐོག་དེ་ནས་བཤད་པའི་སྐད་ཆ་གཅིག་ལ་བརྟེན་ནས་མེད་པ་ནས་ཡོད་པའི་ཕྱོགས་ལ་འགྲོ་བཞིན་པའི་ནུབ་ཕྱོགས་ཀྱི་གོང་བུ་གཅིག་གྱུར་གྱི་གོམ་སྟབས་དེ་གློ་བུར་དལ་དུ་བཏང་། ཟླ་བ་ ༧ ཚེས་ ༤ ཉིན་ཧྥ་རན་སིའི་སྲིད་འཛིན་མཱ་ཁོ་རོན་གྱིས་སླར་ཡང་། རཱ་ཤི་ཡ་ལ་ངོ་ཚ་ཉོ་རུ་འཇུག་མི་རུང་ཞེས་ཁི་སིན་ལྗར་གྱི་སྐད་ཆ་དེ་བསྐྱར་བསྡུས་བྱས། དེའི་རྗེས་སུ་མཚོན་ཆ་སྤྲོད་རྒྱུའི་ཁས་ལེན་མང་པོ་བྱས་ཡོད་ཀྱང་ད་བར་ལག་བསྟར་དེ་ཙམ་མ་ཐུབ་པའི་འཇར་མན་གྱིས་ཀྱང་སི་པན་གྱིས་རོགས་སྐྱོར་ལྕགས་འཁྲབ་འཁོར་ལོ་གཏོང་བཞིན་པ་དེ་འཇར་མན་གྱི་ས་ཐོག་བརྒྱུད་ནས་འགྲོ་རུ་མ་བཅུག་པར་བཀག  དེ་དང་ལྷན། ཨ་རིའི་སྲིད་འཛིན་བྷ་ཊིན་གྱིས་ཀྱང་ང་ཚོས་སྔོན་མ་ནས་ཉེན་བརྡ་བཏང་ཡང་ཡོའུ་ཁུ་རན་གྱིས་ཉན་མ་སོང་ཞེས་ལེ་བདའ་བྱེད་འགོ་བཙུགས། སྤྱིར་དམག་འཁྲུག་ཁྲོད་གནས་ཚུལ་ཉིན་རེ་བཞིན་འགྱུར་བ་འགྲོ་བཞིན་པས་ན་ཁ་ཚོད་གང་ཡང་གཅོད་དཀའ་མོད། ཡོ་རོབ་ཀྱི་གཅིག་སྒྲིལ་ལ་གས་ཁ་ཤོར་བ་དེ་ཕྱི་རུ་མངོན་པ་དང་ལྷན། རཱ་ཤི་ཡའི་སྐད་མགོ་མཐོ་རུ་ཕྱིན། གལ་སྲིད་ཡོ་རོབ་ཀྱིས་ཡོའུ་ཁུ་རན་ལ་འཕུར་མདའ་ཉེན་ཁ་ཅན་མཁོ་སྤྲོད་བྱ་ཚེ་ང་ཚོས་ཡོ་རོབ་ཡོངས་རྩ་རྫོགས་བྱ་རྒྱུ་ཡིན་ཞེས་རྡུལ་ཚོན་གྱི་འཇིགས་སྐུལ་བྱེད་བཞིན་པའི་མཚམས་ལ་བསླེབས་པ་མ་ཟད། རཱ་དམག་གིས་ཡོའུ་ཁུ་རན་ཡོངས་རྫོགས་ལེན་རྒྱུའི་རེ་བ་ཤི་མི་འདུག་ཅེས་ཨ་རིའི་གསང་ལས་ནས་བསྒྲགས།

གསུམ་པ། ཁི་སིན་ལྗར་དང་བོད།

སྐུ་ངོ་ས་དབང་ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་མཛད་རྣམས་༼ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ།༽ ནང་། སྐབས་དེར་ནེ་ཀི་སོན་(Nixon)ཨ་རིའི་སྲིད་འཛིན་དང་ཧེན་རེ་ཁེ་སིན་འཇིར་(Henry Kissinger)རྒྱལ་སྲུང་སློབ་སྟོན་པར་གྱུར་ཡོད། ཁོང་གཉིས་ཀྱིས་བོད་ཀྱི་གནས་ཚུལ་ཅི་ཡང་མི་མཁྱེན་ཅིང་བོད་ལ་ཐུགས་འཁུར་མི་གནང་བའི་མི་སྣ་གཉིས་རེད། གྷི་རིམ་སི་ལེ་ཡིས་ང་ལ་གསུངས་པའི་གནས་ཚུལ་དེ་ནི་གཏིང་དཔོག་དཀའ་བ་ཞིག་མ་རེད། དེ་དུས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་གྲོས་མོལ་གནང་བཞིན་ཡོད། དེ་ལ་རྒྱ་ནག་གཞུང་གིས་ཨ་རི་དང་རྒྱ་ནག་གཉིས་མཐུན་ལམ་ཡོང་དགོས་ན། དང་པོ། ཨ་རི་དང་ཐའེ་ཝན་བར་གྱི་གཞུང་སྲིད་ཀྱི་འབྲེལ་ལམ་གཅོད་དགོས། གཉིས་པ། ཨ་རིའི་གཞུང་ནས་བོད་ཀྱི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཚོགས་སྡེ་དང་དེ་མིན་གྱི་༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་ཚོགས་སྡེ་ཐམས་ཅད་ལ་འབྲེལ་བ་དང་རོགས་སྐྱོར་གནང་མཚམས་འཇོག་དགོས་ཞེས་ཨ་རི་ལ་སྔོན་འགྲོའི་ཆ་རྐྱེན་གཉིས་བཏོན་ཡོད། ཨ་རིའི་གཞུང་གིས་དེ་ལ་ཁས་ལེན་གནང་སྟེ་རོགས་སྐྱོར་མཚམས་འཇོག་གནང་། ཞེས་གསུངས་པ་ལྟར། གློ་སྒྲིག་འཛུགས་ལ་མཐའ་མའི་སྡོམ་ཚིག་བཀོད་མཁན་ནི་ཁི་སིན་ལྗར་ཡིན་ལ། དེ་དང་ལྷན་སྐབས་ཤིག་ལ་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལའང་ཨ་རིའི་ངོས་ནས་འབྲེལ་བ་བྱེད་རྒྱུ་འཛེམས་དགོས་པའི་དུས་ངན་ཞིག་ཏུ་བསྐྱལ་ཟིན་པ་མ་ཟད། སྔོན་བརྡ་ཙམ་ཡང་མེད་པར་ཐོལ་རྒྱག་ལ་བོད་མིར་རོགས་དངུལ་བཅད་པ་དེ་ལ་བརྟེན་ནས་གློ་སྒྲིག་འཛུགས་འཐོར་བ་ལས་ལྷག་པའི་དཀའ་ངལ་གཞན་དག་མང་པོ་ཞིག་ཞོར་ལ་དྲུད་ནས་ཡོང་ཡོད་པ་ལྷ་སྲས་མཆོག་གིས་རྒྱས་པ་གསུངས་ཡོད་པ་དེ་ལྟར་རེད།

བོད་དང་སྲིད་འཛིན་ཕོའུ་ཊན།

ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་སྲིད་ཞུ་ཉམས་ཞིབ་ཁང་ནས་བོད་དང་རཱ་ཤི་ཡ་བར་གྱི་འབྲེལ་བའི་འཕེལ་རིམ་ནས་རྒུད་མཚམས་བར་བསྐྱར་ཞིབ་ཆ་ཚང་ཞིག་བྱས་ཡོད། ༧གོང་ས་བཅུ་གསུམ་པའི་སྐབས་སུ་བྱུང་བའི་བོད་དང་རུ་སོག་བར་གྱི་འབྲེལ་བ་དེ་རིམ་པ་གཅིག་རེད། རྗེས་སུ་ཨུ་རུ་སུ་དམར་པོ་ཆགས་པ་ནས་འབྲེལ་བ་དེ་ཡོངས་སུ་ཆད་འདུག  དེ་མ་ཟད་ཨུ་རུ་སུ་དམར་པོའི་ངོས་ནས་བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ལ་ངོས་བཟུང་བའི་སྒོ་ནས། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་སྐབས་བློ་འདོན་པ་གཙོ་བོར་ཆགས། རྗེས་སུ་༧གོང་ས་མཆོག་རྒྱ་གར་ལ་ཤོར་ཟིན་པ་དེ་ལ་བརྟེན་ནས་ཨུ་རུ་སུས་མའོ་ཙེ་ཏུང་ལ་ཁ་རྡུང་ཆེན་པོ་བཏང་ཞིང་། ༧གོང་ས་མཆོག་དང་འབྲེལ་བའི་ཨུ་རྒྱ་གཉིས་ཀྱི་མཐོ་རིམ་མི་སྣའི་བར་ཁ་རྩོད་དྲག་པོ་ཤོར་ཞིང་། ཁ་རྩོད་ཤོར་སྒྲ་དེ་ཕྱིས་སུ་ཕྱི་ལ་ཤོར་ཞིང་། རིམ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་འཕྲིན་སོགས་ཀྱིས་འཛམ་གླིང་ལ་བསྒྲགས་ཟིན་ཡོད།

དེ་ནས་ཕྱི་ལོ་ ༡༩༦༠ ནང་ལ་ཨུ་རུ་སུ་ལ་བྱུང་བའི་སི་ཏཱ་ལིན་དགག་རྒྱག་གི་ལས་འགུལ་ De-Stalinization དང་། རྒྱ་དཀར་ནག་བར་གྱི་དམག་འཁྲུག་གི་རྐྱེན་པས་རྒྱ་དམར་དང་ཨུ་རུ་སུའི་འབྲེལ་བ་དེ་སྡུག་ཏུ་ནས་དགྲ་བོའི་ཕྱོགས་ལ་འཕེལ། དེ་ལ་བརྟེན་ནས་ ༡༩༦༧ ལོར་ཐོག་མར་ཨུ་རུ་སུའི་གསང་ལས་ནས་ས་ཆེན་རྒྱལ་ལོ་དོན་གྲུབ་མཆོག་ལ་འབྲེལ་བ་བྱེད་འགོ་བཙུགས། ( ཤོག་གྲངས། ༣༥༥) འདི་ནི་ཨུ་རུ་སུ་དམར་པོ་དང་བོད་བར་བཟང་ཕྱོགས་ནས་བྱུང་བའི་འབྲེལ་བ་ཐོག་མ་དེ་རེད། སྐབས་འདི་ནས་གསལ་བོར་བཟོ་དགོས་པ་ཞིག་ལ། ཉེ་བའི་ཆར་བསམ་མེད་འགས་རྒྱལ་ལོ་དོན་གྲུབ་ཀྱིས་རཱ་ཤི་ཡ་ལ་དྲག་པོའི་རྒྱབ་བརྟེན་བཅོལ་ཡོད་ན་བོད་ལ་རང་བཙན་ཐོབ་ཟིན་ཡོད། དཔེར་ན་ཕྱི་སོག་ལྟ་བུ་རེད་ཅེས་གནས་ཚུལ་གྱི་བྱུང་རིམ་ལ་རྒྱུས་མངའ་ཅིའང་མེད་པར་འུར་གི་འདུག་ཀྱང་། དོན་ལ་ཕྱི་སོག་རང་བཙན་ནི་ཕྱི་ལོ་ ༡༩༤༥ ལོར་རྒྱ་ནག་གོ་མིན་ཏང་དང་ཨུ་རུ་སུ་བར་བཞག་པའི་ཆིངས་ཡིག་ཅིག་བརྒྱུད་ནས་ཁས་ལེན་དུ་བཅུག  རྗེས་སུ་རྒྱ་དམར་སྲིད་སྟེགས་ལ་བསླེབས་རྗེས་སི་ཏཱ་ལིན་གྱིས་རྒྱ་ནག་གི་ཐོག་མའི་ལོ་ལྔའི་འཆར་གཞི་རོགས་དངུལ་སྤྲོད་ཞོར་དུ་མའོ་ཙེ་ཏུང་ལ་མི་འདོད་བཞིན་བཙན་གྱིས་ཁས་ལེན་དུ་བཅུག་པ་ཞིག་ཡིན། མཐར་གཏུག་ན་དེ་ནི་ཨུ་རུ་སུའི་ངོས་ནས་རྒྱ་ནག་དང་ས་མཚམས་དེ་འདྲའི་ཆེན་པོ་ཞིག་མཉམ་སྤྱོད་བྱེད་འདོད་མེད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ལས། སི་ཏཱ་ལིན་ཕྱི་སོག་ལ་ཤ་ཚ་ནས་བྱས་པ་ཞིག་གང་ཡང་མ་རེད།

དེ་ལྟར་མུ་མཐུད་དུ་ཨུ་རུ་སུ་དམར་པོ་དང་བཙན་བྱོལ་བོད་མིའི་འབྲེལ་ལམ་ཅུང་ཡར་རྒྱས་ཕྱིན་པ་བརྟེན་ནས། ཕྱི་ལོ་ ༡༩༧༩ ལོར་༧གོང་ས་མཆོག་ཐོག་མར་ཡུལ་དེར་ཆིབས་སྒྱུར་དང་བོད་མིར་རོགས་སྐྱོར་མང་པོ་གནང་། ཕྱི་ལོ་ ༡༩༩༡ ཨུ་རུ་སུ་དམར་པོ་འཐོར་ཟིན་ཡང་བོད་ཨུ་བར་གྱི་འབྲེལ་བ་མུ་མཐུད་རྒྱུན་བསྐྱངས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༣ ལོར་རུ་སོག་སྐུ་ཚབ་དོན་གཅོད་ཁང་བཙུགས། ཕྱི་ལོ་༡༩༩༤ ལོར་༧གོང་ས་མཆོག་ཨུ་རུ་སུའི་གྲོས་ཚོགས་Duma འཐུས་མིའི་ངོས་ནས་གདན་འདྲེན་ཞུས། ཕྱི་ལོ་ ༡༩༩༧ ལོར་རཱ་ཤི་ཡ་དང་རྒྱ་ནག་གཉིས་ཀྱིས་འགོ་འཁྲིད་པའི་ཧྲང་ཧེ་མཉམ་ལས་ཞེས་པའི་ཚོགས་པ་ཞིག་བཙུགས་ནས་ཨུ་རྒྱ་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་ལ་འགྱུར་བ་འགྲོ་འགོ་བཙུགས། ད་ལྟའི་སྲིད་འཛིན་ཕོའུ་ཊན་ཡར་སླེབས་པ་ནས་རཱ་ཤི་ཡ་གཞུང་དང་བོད་བར་གྱི་འབྲེལ་བ་གཏན་དུ་ཆད་ཅིང་། ༧ཁོང་ས་མཆོག་རུ་སོག་གི་དད་ལྡན་ཚོས་གདན་འདྲེན་ཞུས་དུས་ཐོངས་མཆན་མ་ཕུལ་བའི་གནས་ཚུལ་དེ་བྱུང་ངོ་།།

གསར་འགོད་པས་ཕོའུ་ཊན་ལ་དེའི་ཐད་སྐད་ཆ་དྲིས་དུས། ཁོས་ཏཱ་ལའི་བླ་མ་རཱ་ཤི་ཡ་ལ་ཡོང་རྒྱུར་བཀག་འགོག་མེད། ཡིན་ནའང་འདི་རུ་ནང་པ་མང་པོ་ཡོད་མ་རེད། ཅེས་དོན་ལ་༧གོང་ས་མཆོག་རཱ་ཤི་ཡ་ལ་ཕེབས་ཀྱང་གནང་རྒྱུ་མེད་པའི་རྣམ་འགྱུར་དེ་གསལ་བོར་བསྟན་ཟིན། མདོར་ན་ཨུ་རུ་སུའི་མི་མང་ཁྲོད་བོད་ཀྱི་ཆོས་དང་། ལྷག་པར་སྨན་རྩིས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པས་བོད་དང་ཨུ་རུ་སུ་མི་མང་བར་བཟང་འབྲེལ་མེད་ཀྱང་ངན་འབྲེལ་ཞིག་ག་ལ་ཡོད། འོན་ཀྱང་།  ད་ལྟའི་རཱ་ཤི་ཡའི་སྒེར་གཅོད་གཞུང་འདི་དང་བོད་གཉིས་བར་བཟང་འབྲེལ་ངན་འབྲེལ་གང་ཡང་མེད་པ་རེད་ལ། སྔར་ཡོད་པ་དེ་གཅོད་མཁན་ཡང་ད་ལྟའི་སྲིད་འཛིན་འདི་ཡིན་པ་ཤེས་གལ་ཆེ། གནས་ཚུལ་འདི་འདྲ་བྱུང་སྐབས། ང་ཚོ་ནི་འཐབ་རྩོད་པ་ཞིག་ཡིན་པའི་ངོས་ནས་ཆབ་སྲིད་ལས་བཟང་སྤྱོད་ཀྱི་ཕྱོགས་སུ་ལངས་རྒྱུ་གལ་ཆེའོ།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༩ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese