མཁས་དབང་ཚེ་རིང་ཤཀྱཱ་ནས་བཅར་འདྲི་ཞུས།
གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར།
གོ་ལའི་ཁྱོན་ཡོངས་ལ་ཡུ་རོབ་ཀྱི་སྟོབས་ཤུགས་འཕེལ་འགོ་བརྩམས་པ་དང་ལྷན་དུ། ཡེ་ཤུའི་ཆོས་ལུགས་ཀྱང་དེ་དང་དུས་མཉམ་གྱིས་ཁྱབ་བརྡལ་ཤུགས་ཆེ་ཕྱིན་ཐུབ་པ་བྱུང་ཡོད་ནའང་། བོད་འདི་དུས་རབས་མང་པོའི་རིང་ཁེ་གཙང་ལོགས་སུ་བསྡད་ཡོད་པའི་རྐྱེན་གྱིས། ཆོས་ལུགས་འདི་ཡིས། ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ཚོའི་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་ཤུགས་རྐྱེན་ཆེན་པོ་སྤྲད་པ་ནང་བཞིན། བོད་ནང་བྱུང་མེད། དུས་རབས་མང་པོའི་རིང་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོར། བོད་ནང་སིམ་འཛུལ་བྱ་རྒྱུར་དཀའ་ངལ་གང་མང་ཞིག་ཕྲད་ཡོད་ལ། ཁོ་ཚོའི་བོད་འདི། སོ་སོའི་ཆོས་ལུགས་ཁྱབ་བརྡལ་གཏང་རྒྱུའི་ས་ཆ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། དུས་རབས་བཅུ་བདུན་ཙམ་ནས། ཁོ་ཚོས་འཆར་བཀོད་ལྡན་པའི་ཐོག་ནས། ཐབས་ཤེས་ཀྱང་སྣ་མང་བཀོལ་ཡོད། (དཔེར་ན། ཇེ་སུཊ་[1](Jesuits) ཚོས་བོད་ཀྱི་ནུབ་ཕྱོགས་ས་ཁུལ་ལ། འཛིན་སྐྱོང་ལྟེ་གནས་དང་། བཤད་ཚུལ་ལྟར་ན། དུས་སྐབས་སྐོར་ཞིག་ལ་ཁོ་ཚོས་གུ་གེའི་ཁུལ་ལ་(Tseparang) ཡེ་ཤུའི་ལྷ་ཁང་དང་སྒར་ཐོག་ལ་ལྷ་ཁང་གཞན་ཆུང་བ་ཞིག་ཀྱང་གསར་འཛུགས་བྱས་ཐུབ་པ་བྱུང་ཡོད།
དུས་རབས་ཕྱེད་ཙམ་གྱི་རིང་། ཁོ་ཚོས་བོད་ནང་སོ་སོའི་ཆོས་ལུགས་དར་སྤེལ་དང་འབྲེལ་བའི་ལས་དོན་སྣ་མང་ཞིག་སྤེལ་ཐུབ་པ་བྱུང་ཡོད་ནའང་། རྗེས་སོར་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་ཆོས་སྡེ་[2](Catholic Church )ནང་། ནང་ཁུལ་མ་མཐུན་པའི་རྐྱེན་ལ་བརྟེན་ནས། རེ་ཞིག་ཁོ་ཚོ་བོད་ནས་ཕྱིར་ཐོན་བྱེད་དགོས་བྱུང་ཡོད། ཡེ་ཤུ་ཆོས་ལུགས་སྤེལ་མཁན་གྱི་ཇེ་སུཊ་དེ་ཚོའི་ཁྲོད་ནས། ང་ཚོར་རྒྱུས་མངའ་དང་སྐད་གྲགས་ཆེ་ཤོས་ཤིག་ནི། གྲི་སི་གྲེ་རི་(I. Desideri ) ཞུ་བ་དེ་ཡིན་ཞིང་། ཁོང་ལྷ་སར་སླེབས་ནས། དུས་ཡུན་གང་ཙམ་རིང་བཞུགས་ཡོད་པ་དང་། རྗེས་སོར་བོད་ནང་འགྲུལ་བཞུད་བྱས་པའི་ཟིན་བྲིས་ལྟ་བུའི་དེབ་ཅིག་ཀྱང་བྲིས་ཡོད། དེབ་འདིའི་ནང་ཁོང་གིས། ལྷ་སར་ཡེ་ཤུའི་ལྷ་ཁང་ཆུང་ཆུང་ཞིག་གསར་འཛུགས་དང་འཛིན་སྐྱོང་བྱེད་པའི་ཞོར་དུ། བོད་པའི་གྲྭ་པ་ཚོ་དང་ལྷན་ཆོས་ལུགས་ཀྱི་རྣམ་གཞག་འདྲ་མིན་ཐོག་བགྲོ་གླེང་དང་། བོད་ཡིག་ཐོག་ཡེ་ཤུའི་ཆོས་ལུགས་ཀྱི་རྣམ་གཞག་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་པའི་དེབ་ཅིག་ཀྱང་བྲིས་ཡོད་པའི་སྐོར་བཀོད་ཡོད་པ་རེད། དེར་བརྟེན་དུས་རབས་གོང་མའི་ལོ་རབས་བཅུ་དགུ་པའི་སྨད་དང་ཉི་ཤུའི་སྟོད་ལ། ཡེ་ཤུའི་ཆོས་ལུགས་སྤེལ་མཁན་གང་མང་ཞིག་བོད་(དཔེར་ན་ཨ་མདོའི་ཁུལ་ལྟ་བུ།) ལ་སླེབས་ཡོད་ཅིང་། ཁོ་ཚོས་བོད་ནང་ཡེ་ཤུའི་ཆོས་ལ་སྒྱུར་མཁན་གྱི་བོད་རིགས་སྤྱི་ཚོགས་ཤིག་གསར་འཛུགས་བྱེད་ཐུབ་མིན་ཆ་མི་འཚལ་ནའང་།(རྒྱུ་མཚན་ནི། སྐབས་དེར་ཡེ་ཤུའི་ཆོས་ལ་བསྒྱུར་མཁན་གྱི་བོད་རིགས་གྲངས་འབོར་ཉུང་ཤས་ཙམ་ལས་མེད། ) ལ་དྭགས་ཁུལ་དུ་ཁོ་ཚོས་ཆོས་ལུགས་དར་སྤེལ་ཤུགས་ཆེན་པོ་བཏང་ཐུབ་པ་བྱུང་ཡོད། དེའི་ནང་ནས་མོ་ར་ལྦེན་ཡེ་ཤུའི་ཆོས་སྡེ་(Moravian Church)ཡི་འཛིན་སྐྱོང་འོག་གླེ་ཁུལ་(Leh) ལ་ཡེ་ཤུའི་ཆོས་བྱེད་མཁན་གྱི་སྤྱི་ཚོགས་ཆུང་ཆུང་ཚགས་ཚུད་ལྡན་པ་ཞིག་གསར་འཛུགས་བྱས་ཐུབ་ཡོད་ལ། ཆོས་སྡེ་དེའི་བརྒྱུད། བོད་ཡིག་ཐོག་ཡེ་ཤུའི་གསུང་རབ་བསྒྱུར་ཡག་དང་ཕྱོགས་བསྒྲིགས་སོགས་ལས་དོན་རླབས་ཆེན་མང་པོ་ཞིག་སྒྲུབ་ཐུབ་པ་བྱུང་ཡོད།
ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་། ཡེ་ཤུའི་ཆོས་བྱེད་མཁན་གྱི་བོད་རིགས་གྲངས་འབོར་ནི། ཆུང་ཆུང་ཙམ་ཞིག་ལས་མེད་ནའང་། ཁོ་ཚོས་རང་གི་རིག་གནས་དང་ལམ་སྲོལ་སོགས་རྒྱུན་སྐྱོང་དང་གོང་འཕེལ་ཤུགས་ཆེན་པོ་བཏང་ཐུབ་པ་བྱུང་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཚགས་པར་དང་པོ་དེ་ཡང་ཁོ་ཚོས་འདོན་སྤེལ་བྱས་ཡོད་ལ། རྗེས་སོར་བོད་རིགས་ཡེ་ཤུའི་ཆོས་བྱེད་མཁན་སྐད་གྲགས་ཅན་མཐར་ཕྱིན་སྦ་བུ་ཞུ་བ་ཁོང་གིས། ལམ་སྲོལ་དེ་མུ་མཐུད་རྒྱུན་སྐྱོང་བྱས་ནས་ཀ་སྦུག་ཏུ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་བོད་ཡིག་ཚགས་པར་སྐད་གྲགས་ཅན་དེ་འདོན་སྤེལ་བྱས་ཡོད། ད་ལྟ་བོད་སྐད་ཐོག་ཡོད་པའི་རང་དབང་ཅན་གྱི་རླུང་འཕྲིན་གཅིག་པུ་དེ་ཡང་བོད་པ་ཡེ་ཤུའི་ཆོས་བྱེད་མཁན་ཚོས་གསར་འཛུགས་བྱས་ཐུབ་པ་བྱུང་ཡོད་པ་རེད།
ད་ལོའི་དབྱར་ཁར་རང་ཉིད་ལ་དྭགས་ལ་ཡོད་དུས། གླེ་ཁུལ་ལ་ཡོད་པའི་མོ་ར་ལྦེན་ཡེ་ཤུའི་ཆོས་སྡེ་ཡི་ཆོས་དཔོན་བོད་རིགས་སི་ཊི་ལྦེན་ཡེ་ཤེས་(Steven Hishi) ལགས་(ཁོང་སྤྱི་ལོ་ ༡༩༥༣ ལོར་འཁྲུངས་ཡོད་ཅིང་། ཕ་ནི་ཨ་མདོ་དང་མ་ནི། བོད་ཁམས་ཁུལ་ནས་ཡིན།) ལ་ཐུག་ཕྲད་དང་ལྷན་དུ། ཁོང་ལ་བཅར་འདྲི་བྱ་རྒྱུའི་གོ་སྐབས་བྱུང་སོང་ལ། ཁོང་ནི། ཁུལ་དེའི་བོད་རིགས་ཡེ་ཤུ་བའི་སྤྱི་ཚོགས་ཁྲོད་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་མི་སྣ་གལ་ཆེན་ཞིག་ཆགས་ཀྱིན་ཡོད། ཁོ་བོས་ཁོང་དང་ལྷན་དུ། ཁོང་རང་ཉིད་ཡེ་ཤུའི་ཆོས་བྱེད་མཁན་ལ་བསྒྱུར་བའི་བརྒྱུད་རིམ་དང་བོད་རིགས་ཡེ་ཤུ་བའི་གནས་སྟངས་སོགས་ཀྱི་ཐོག་གླེང་མོལ་ཞུས་ཡོད་པ་གཤམ་དུ་བཀོད་ཡོད།
ཚེ་རིང་ཤཀྱཱ། ཁྱེད་རང་གི་ནང་མི་ཆ་ཚང་ཡེ་ཤུའི་རྗེས་འབྲངས་པ་ཡིན་ནམ།
སི་ཊི་ལྦེན་ཡེ་ཤེས། ཁོ་བོ་ཡེ་ཤུའི་ཆོས་ལ་མ་བསྒྱུར་གོང་། ནང་མིའི་ནང་ཡེ་ཤུའི་ཆོས་བྱེད་མཁན་སུ་གང་ཡང་མེད། དེར་བརྟེན་ཁོ་བོའི་ནང་མིའི་ཁྲོད་ནས། རང་ཉིད་ནི། ཡེ་ཤུའི་རྗེས་འབྲངས་པ་ཐོག་མ་དེ་ཆགས་ཀྱིན་ཡོད། ང་རང་སྤྱི་ལོ་ ༡༩༧༣ ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་རྒྱ་གར་ལྡེ་ར་ལྡུན་ཁུལ་ལ་ཡོད་པའི་ཡེ་ཤུའི་ཆོས་སྡེ་ཞིག་ནས་ཡེ་ཤུའི་ཆོས་སྒོར་[3] (Baptized) ཞུགས་པ་ཡིན། དེ་རྗེས་ཁོ་བོའི་གཅེན་པོ་དང་གཅུང་མོ་གཉིས་ཀྱང་རིམ་བཞིན་ཡེ་ཤུའི་ཆོས་ལ་བསྒྱུར་ཞིང་། སྐབས་དེ་དུས་ང་རང་ཀེ་ན་ཊ་ལ་སློབ་གཉེར་བྱེད་བཞིན་པའི་སྒང་ཡིན། ཁོ་བོའི་གཅུང་པོ་ཡེ་ཤུའི་ཆོས་ལ་བསྒྱུར་དུས། ང་རང་ཁོའི་འགྲམ་དུ་ཡོད་ལ། མ་གཞི་ནས་ཁོང་ཡེ་ཤུའི་ཆོས་སྒོར་ཞུགས་རྒྱུའི་ཆོ་ག་ཡང་ངས་བྱས་པ་ཡིན།(གཤམ་ནས་དྲི་བ་གཏོང་མཁན་དང་ལན་རྒྱག་མཁན་གཉིས་ཀྱི་མིང་ཆ་ཚང་མ་བཀོད་པར། མིང་དང་པོའི་འཐུས་པར་བྱ་རྒྱུ་ཡིན།)
ཚེ་རིང་། དེས་ན་ཁྱེད་རང་གི་ཕ་མར་མཐོང་ཚུལ་གང་འདྲ་ཞིག་བྱུང་ཡོད་དམ།
སི་ཊི་ལྦེན། ཁོ་བོའི་ཕ་མ་གཉིས་ང་ཚོ་ཡེ་ཤུའི་ཆོས་ལ་མ་བསྒྱུར་གོང་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
ཚེ་རིང་། ད་ལྟ་སྐུ་ཉིད་གླེ་ལ་བཞུགས་པའི་རིང་། ཕྱག་ལས་གཙོ་བོ་གང་དག་གནང་གི་ཡོད།
སི་ཊི་ལྦེན། ཁོ་བོ་གླེ་ལ་བསྡད་པའི་འདས་པའི་ལོ་ངོ་བཅུའི་རིང་། ལས་གནས་གཙོ་བོ་གཉིས་ཏེ། དང་པོ་ནི་སློབ་ཕྲུག་༨༥༠ལྷག་ཡོད་པའི་ལ་དྭགས་ཁུལ་གྱི་སློབ་གྲྭ་ཆེ་ཤོས་མོ་ར་ལྦེན་ཡེ་ཤུ་སློབ་གྲྭའི་སློབ་སྤྱི་དང་། གཉིས་པ་ཁུལ་དེའི་ཡེ་ཤུའི་ལྷ་ཁང་རྙིང་ཤོས་མོ་ར་ལྦེན་ཡེ་ཤུའི་ལྷ་ཁང་(ལྷ་ཁང་དེ་སྤྱི་ལོ་ ༡༨༨༥ ལོར་གསར་འཛུགས་བྱས་ཡོད།) གི་ཆོས་དཔོན་གྱི་འགན་འཁུར་རྒྱུ་དེ་རེད། ང་ཚོས་གཙོ་བོ་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན། འཕྲོད་བསྟེན། ད་དུང་ཞིང་ལས་སོགས་ཀྱི་ཐོག་ལས་དོན་གཉེར་བཞིན་ཡོད།
ཚེ་རིང་། ཁྱེད་རང་ཡེ་ཤུའི་ཆོས་ལ་བསྒྱུར་བའི་བརྒྱུད་རིམ་དག་གསུང་ཐུབ་ས་རེད་དམ།
སི་ཊི་ལྦེན། ཁོ་བོ་ཡེ་ཤུའི་ཆོས་ལ་བསྒྱུར་བའི་གནད་དོན་མང་པོ་ཞིག་ཁྱེད་རང་ལ་དམིགས་བཀར་བྱེད་ནས་ཤོད་རྒྱུ་ཁག་པོ་ཞེ་དྲགས་ཆགས་ཀྱི་རེད་བསམ་གྱིན་འདུག སྤྱིར་བཏང་ནས་སྤྱི་ལོ་ ༡༩༧༣ ལོར་ཁོ་བོས་ཡེ་ཤུའི་ཆོས་ལ་བསྒྱུར་རྒྱུའི་ཐག་གཅོད་དེ་མ་བྱེད་གོང་། ཡེ་ཤུའི་ཆོས་སྒོར་ཞུགས་རྒྱུའི་བསམ་བློ་དེ་སྔ་ས་ནས་སླེབས་སོང་། སྐབས་དེ་དུས་ང་རང་ཕ་མའི་འགྲམ་དུ་མེད། ཁོ་བོར་ཆུང་དུས་ནས། ཁྱིམ་དུ་ནང་ཆོས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག་ཡོད་ལ། ཁོ་བོའི་པ་ལགས་སྐུ་འབུམ་དགོན་པའི་གྲྭ་ཟུར་ཞིག་ཆགས་ཀྱིན་ཡོད་དུས། ངའི་སློབ་སྦྱོང་དང་བོད་ཡིག་གི་ཤེས་ཚད་ལ་བལྟས་ནས། ཁོང་གིས་ང་རང་དགོན་པར་བརྫངས་རྒྱུའི་འདོད་མོས་ཡོད་ཀྱང་། སྐབས་དེར་ནང་གི་དཔལ་འབྱོར་གྱི་གནད་དོན་དང་། བོད་ཕྲུག་ཚོར་འཐུས་སྒོ་ཚང་བའི་ཤེས་ཡོན་ཞིག་སྤྲོད་རྒྱུའི་བསམ་བློ་གསར་པ་དེའི་རྐྱེན་གྱིས། གོང་གི་འཆར་གཞི་དེ་ལེགས་གྲུབ་བྱུང་མེད། དེར་བརྟེན་རྗེས་སོར་ང་རང་ཡེ་ཤུའི་སློབ་གྲྭ་ལ་བཏང་ཡོད་པ་དང་། སྐབས་དེ་དུས་ངས་གཞི་ནས། སྟོན་པ་ཡེ་ཤུའི་འཕྲིན་བཟང་དེ་ཐོས་སོང་།
ཚེ་རིང་། ཁྱེད་རང་ཡེ་ཤུའི་ཆོས་ལ་ཕྲད་ཐེངས་ཐོག་མ་དེ་རེད་དམ།
སི་ཊི་ལྦེན། ལགས་ཡིན། སྐབས་དེ་དུས་ང་རང་ལོ་བཅུ་གཉིས་ཡིན།
ཚེ་རིང་། ཁྱེད་རང་སྤྱི་ལོ་ ༡༩༧༣ ལོར་ཡེ་ཤུའི་ཆོས་སྒོར་ཞུགས་དགོས་བསམ་པའི་རྒྱུ་མཚན་ག་པར་ཐུག་ཡོད་དམ།
སི་ཊི་ལྦེན། གཞི་རྩའི་ཆ་ནས། གཙོ་བོ་དེ་ངས་ཆོས་ལུགས་ཕན་ཚུན་བར་གྱི་ཁྱད་པར་དེ་མཐོང་བའི་རྐྱེན་གྱིས་རེད་བསམ་གྱིན་འདུག །སྐབས་དེ་དུས་ང་རང་གནད་དོན་གང་ཞིག་ཡིན་རུང་། སོ་སོ་རང་ཉིད་ནས་ཐག་གཅོད་བྱེད་ཐུབ་པའི་ལོར་སླེབས་ཡོད་ལ། ངས་ནང་ཆོས་ནང་ང་ཚོ་ཤི་ཚར་བའི་རྗེས་ཀྱི་འཚོ་བའི་སྐོར་ག་རེ་གསུངས་ཡོད་མིན་དང་། ཡེ་ཤུའི་ཆོས་ནང་གི་ཐར་པ་དང་སྨོན་ལམ། ད་དུང་དཀོན་མཆོག་དང་དད་ལྡན་བར་གྱི་འབྲེལ་བ་སོགས་ཆོས་ལུགས་འདི་གཉིས་བར་གྱི་ཁྱད་པར་དེ་ངས་ཤེས་ཀྱི་ཡོད། དེར་བརྟེན་ཡེ་ཤུའི་གསུང་རབ་ནང་ཡོད་པའི་གནད་དོན་འདི་དག་དངོས་ཡོད་ལག་ལེན་གྱི་ཆ་ནས། ནང་བསྟན་ཀྱི་ལྟ་བ་དང་མ་འདྲ་བའི་ངེས་ཤེས་ཟབ་མོ་ཞིག་ཁོ་བོར་རྙེད་སོང་བསམ་གྱིན་འདུག །འོན་ཀྱང་འདི་ནི་ངས་ནང་ཆོས་ནང་འཚོ་བར་ངོས་འཛིན་གང་འདྲ་ཞིག་བྱེད་ཡོད་མིན་ལ་སྐྱོན་བརྗོད་བྱས་པ་ལྟ་བུ་མ་ཡིན་པར། ང་རང་ཡེ་ཤུའི་ཆོས་པ་ཞིག་བྱེད་ན། མི་ཚེའི་ནང་ག་རེ་བྱེད་ཐུབ་ཀྱི་ཡོད་མིན་གྱི་བསམ་ཚུལ་ཙམ་ཞིག་ཡིན།
ཚེ་རིང་། ཁྱེད་རང་གི་ཆོས་ལུགས་རྣམ་གཞག་དང་འབྲེལ་བའི་ཐོག་སློབ་གཉེར་བྱས་པའི་བརྒྱུད་རིམ་དག་གསུང་རོགས།
སི་ཊི་ལྦེན། ཁོ་བོ་སིམ་ལ་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཕྱིན་ཚར་བའི་རྗེས། ཨ་རིར་ཆོས་ལུགས་རིག་པའི་ཐོག་སློབ་གཉེར་བྱ་རྒྱུའི་སློབ་ཡོན་ཐོབ་ཀྱང་། དུས་ཐོག་ཐོ་འགོད་བྱས་མ་ཐུབ་པའི་རྐྱེན་གྱིས། རྗེས་སོར་ཀེ་ན་ཊའི་ཆོས་ལུགས་རིག་པའི་སྦྱོང་བརྡར་སློབ་གླིང་དུ་བཏང་གནང་སོང་། སློབ་གླིང་དེར་ངས་ཆོས་ལུགས་རིག་པ་དང་ཡེ་ཤུ་བའི་ཤེས་ཡོན་སློབ་གསོ་ཐོག་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་པ་ཡིན།
ཚེ་རིང་། ཁྱེད་རང་ཡེ་ཤུའི་ཆོས་ལ་བསྒྱུར་ཚར་བའི་རྗེས། བོད་པ་ཚོས་ཁྱེད་རང་ལ་བལྟ་སྟངས་གང་འདྲ་ཞིག་འཛིན་སོང་ངམ།
སི་ཊི་ལྦེན། ཁྱེད་རང་གིས་དྲི་བ་འདི་ཡག་པོ་བཏང་གནང་སོང་། འོན་ཀྱང་དེའི་སྐོར་ལབ་ཡག་ཁག་པོ་ཆགས་ཀྱིན་འདུག བོད་པ་ཚོ་ཕྱི་ཚུལ་ནས་བལྟས་ན། ཁོ་བོར་སྡང་སེམས་ཆེན་པོ་ཡོད་པའི་རྣམ་པ་ཡོད་ལ། ཕྱོགས་གཅིག་ནས། ངས་ཁོ་ཚོར་མགོ་བསྐོར་བཏང་ཡོད་པ་ལྟ་བུ་ཚོར་གྱིན་ཡོད་ཙང་། ང་ལ་མ་དགའ་བའི་ཚོར་སྣང་ཡོད་པ་རེད། དེའི་རྐྱེན་ཡང་། ངས་དངུལ་གྱི་ཆེད་དུ། ཡེ་ཤུ་བར་བསྒྱུར་བ་ལྟ་བུ་ཁོ་ཚོས་བསམ་གྱིན་ཡོད། འདི་ནི་ཁོ་ཚོས་ང་ལ་འཛིན་པའི་རྒྱུན་ལྡན་གྱི་མཐོང་ཚུལ་ལྟ་བུ་ཞིག་ཡིན་ནའང་། ལོ་ངོ་གང་ཙམ་ཞིག་གི་རྗེས་སུ། ཁོ་བོས་ད་དུང་ཡང་མུ་མཐུད་ཡེ་ཤུའི་ཆོས་བྱེད་བཞིན་པའི་གནས་སྟངས་དེ་མཐོང་དུས། ཁོ་ཚོར་ངས་ཡེ་ཤུའི་ཆོས་ལ་བསྒྱུར་བའི་ཐག་གཅོད་དེ། ཕྱི་དངོས་པོའི་ཆེད་དུ་མ་ཡིན་པར། ནང་སེམས་ནས་བྱུང་ཡོད་པའི་ར་སྤྲོད་གསལ་པོ་བྱུང་དུས། ཁོ་ཚོས་ངའི་ཐག་གཅོད་དེ་ཁས་ལེན་བྱེད་འགོ་བཙུགས་སོང་བསམ་གྱིན་འདུག
ཚེ་རིང་། བོད་ནང་ཡེ་ཤུའི་ཆོས་དར་བའི་ལོ་རྒྱུས་དེ་ང་ཚོས་ཇི་ཙམ་ཡར་འདེད་བྱེད་ཐུབ་བམ།
སི་ཊི་ལྦེན། ཁོ་བོས་བསམ་ན། བོད་ནང་ཡེ་ཤུའི་ཆོས་དར་བའི་ལོ་ཚིགས་དེ་དུས་རབས་བཅུ་བདུན་ནང་། ཇེ་སུཊ་ཡེ་ཤུའི་ཆོས་སྤེལ་མཁན་དང་ཨེ་སེ་རན་(Assyrian)ཡེ་ཤུ་བ་རྣམས་བོད་ནང་ཕྱིན་དུས་ཀྱི་དུས་སྐབས་དེ་རེད་བསམ་གྱིན་འདུག ཁོ་ཚོ་ཕྱོགས་གཅིག་ནས་འགྲུལ་བཞུད་ཀྱི་ཆེད་དུ་བོད་ནང་སླེབས་ཡོད་དུས། ཕན་ཚུན་འབྲེལ་གཏུགས་དང་ཡེ་ཤུའི་ཆོས་ངོ་སྤྲོད་བྱས་ཐུབ་པ་བྱུང་ཡོད། འོན་ཀྱང་ཁོ་ཚོས་ཐད་ཀར་བོད་རིགས་མང་ཚོགས་ལ་འབྲེལ་བ་བཙུགས་ཐུབ་པ་བྱུང་མེད། ངས་བསམ་ན། ཁོ་ཚོའི་དམིགས་ཡུལ་གཙོ་བོ་དེ་ཡེ་ཤུའི་ཆོས་དར་སྤེལ་གཏང་རྒྱུའི་ཆེད་དུ་བོད་ནང་སླེབས་པ་མ་ཡིན་པར། བོད་ཀྱི་ཕྱི་ལོགས་ལའང་། ཡེ་ཤུའི་ཆོས་ཟེར་བའི་ཆོས་ལུགས་གཞན་ཞིག་ཡོད་པ་ངོ་སྤྲོད་ཙམ་བྱ་རྒྱུའི་ཆེད་དུ་སླེབས་ཡོད་པ་རེད་བསམ་གྱིན་འདུག ཡེ་ཤུའི་ཆོས་དེ་བརྒྱུད་ལམ་གཉིས་ཐོག་ནས་དར་སྤེལ་གཏོང་ཐབས་བྱས་ཡོད་དེ། གཅིག་ནི། ལ་དྭགས་དང་། གཉིས་པ་ནི། བོད་ཤར་ཕྱོགས་ཨ་མདོ་ཁུལ་ནས་ཡིན།
ཚེ་རིང་། ཡེ་ཤུའི་ཆོས་སྤེལ་མཁན་ཚོས་བོད་ནང་ལས་དོན་གང་དག་གཉེར་ཡོད་དམ།
སི་ཊི་ལྦེན། བོད་ཀྱི་ཨ་མདོ་ས་ཁུལ་ཡིན་པའི་བླ་བྲང་ནང་དུ། ནང་ཆོས་དང་ཁ་ཆེའི་ཆོས་དར་བ་ནང་བཞིན། ཡེ་ཤུའི་ཆོས་ཀྱང་དར་ཐུབ་པ་བྱུང་ཡོད། དམིགས་བསལ་ཨ་རིར་ཡོད་པའི་ཡེ་ཤུའི་ཆོས་ལུགས་དར་སྤེལ་མཐུན་ཚོགས་ཀྱི་ཚོགས་མི་རྣམས། ཁུལ་དེའི་ཨ་མདོའི་མི་མང་མཉམ་དུ་ལས་དོན་འགྲུབ་ཆེད་བོད་ནང་སླེབས་ཡོད་པ་རེད། དེ་དང་མཉམ་དུ་གནད་དོན་གལ་ཆེན་གཞན་ཞིག་ནི། ཧུཊ་སོན་ཀྲེ་ལར་ཁོང་(Hudson Taylor )རྒྱ་ནག་ནང་འགྲུལ་བཞུད་དང་ལྷན་དུ། བོད་ནང་ཕྱིན་ཏེ། བོད་མི་ཚོ་དང་ཐུག་ཕྲད་བྱུང་ཡོད། བོད་ཀྱི་ནུབ་ཕྱོགས་ལ་དྭགས་ཁུལ་ལྟ་བུར། མོ་ར་ལྦེན་ཡེ་ཤུའི་ཆོས་སྡེ་ཡིེ་སྣེ་འཁྲིད་འོག་ཡེ་ཤུའི་ཆོས་ལུགས་དར་སྤེལ་ཤུགས་ཆེ་བཏང་ཐུབ་པ་བྱུང་ཡོད།
ཚེ་རིང་། མོ་ར་ལྦེན་ཡེ་ཤུའི་ཆོས་སྡེ་འདི་བོད་ནང་འགྲོ་ཐུབ་པ་བྱུང་ཡོད་དམ།
སི་ཊི་ལྦེན། མོ་ར་ལྦེན་ཡེ་ཤུའི་ཆོས་སྡེ་འདི་བོད་ནང་འགྲོ་ཐུབ་པ་བྱུང་མེད། སྤྱིར་བཏང་ནས་ཁོ་ཚོས་སོག་ཡུལ་ལ་རྡོག་ཐོན་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་ཡོད། རྗེས་སོར་ཁོ་ཚོ་བོད་དང་སོག་ཡུལ་གཉིས་ཀ་ལ་འགྲོ་མ་ཐུབ་པའི་དབང་གིས། མཐའ་མར་ལ་དྭགས་ལ་སླེབས་ཡོད་པ་རེད།
ཚེ་རིང་། བོད་ནང་ཡེ་ཤུའི་ཆོས་དར་སྤེལ་བཏང་བའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་དག་བླངས་ཡོད་དམ།
སི་ཊི་ལྦེན། ངས་བསམ་ན། བོད་ནང་ཡེ་ཤུའི་ཆོས་དེ་དར་སྤེལ་གཏང་རྒྱུར་རྒྱུ་མཚན་མང་པོ་ཞིག་ནས་ལམ་ལྷོང་བྱུང་མེད་དེ། དང་པོ་ནི། སྐབས་དེ་དུས་བོད་འདི་ཁེ་གཙང་ལོགས་སུ་བསྡད་ཡོད་པའི་རྐྱེན་གྱིས། བོད་མི་མང་པོ་ཞིག་རང་ཁོངས་ནས་བཏོན་ཐུབ་པ་བྱུང་མེད་ཅིང་། ཐད་ཀར་བཤད་ན། བོད་མི་ཚོས་སོ་སོའི་རྒྱལ་ནང་གི་རྩིག་གྱང་བཞི་བོ་འདི་ཡི་ཕྱི་ལོགས་ལ་ག་རེ་ཡོད་མིན་ཐད་བསམ་བློ་ཞེ་དྲགས་བཏང་མེད། དེར་བརྟེན། ཡེ་ཤུའི་ཆོས་ལུགས་འདི་བོད་ནང་སླེབས་དུས། ཁོ་ཚོས་དང་ལེན་བྱས་མེད་ལ། ཆོས་ལུགས་འདིའི་ལྟ་གྲུབ། དཔེར་ན། དཀོན་མཆོག་གིས་ལྷ་ཡུལ་དང་འཇིག་རྟེན་གཉིས་བཟོས་ཡོད་པ་ལྟ་བུའི་འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་ལ་ཁོ་ཚོས་དོགས་ཟོན་ཆེན་པོ་བྱས་ཡོད། དེས་ན་དུས་སྐབས་དེར་ཁོ་ཚོས་ཡེ་ཤུའི་འཕྲིན་བཟང་ལ་ཁྱོན་ནས་དང་ལེན་བྱས་ཐུབ་པ་བྱུང་མེད་པར་སེམས།
ཚེ་རིང་། བོད་ཡིག་ཐོག་ཡོད་པའི་ཡེ་ཤུའི་གསུང་རབ་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐོག་ཁྱེད་རང་ལ་གསུང་རྒྱུ་ག་རེ་ཡོད་དམ།
སི་ཊི་ལྦེན། ཡེ་ཤུའི་གསུང་རབ་འདི་བོད་ཡིག་ནང་བསྒྱུར་ནས། ལོ་ངོ་བརྒྱ་ལྷག་ཙམ་ཞིག་འགྲོ་གིན་ཡོད་པ་དང་། སྒྱུར་དང་འབྲེལ་བའི་ལས་དོན་འདིའི་ཐོག་མོ་ར་ལྦེན་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཕེ་རན་ཀི་(Francke)དང་ཇེག་གེ་(Jaschke)རྣམ་གཉིས་ནས་ཕྱག་རྗེས་ཆེན་པོ་བཞག་ཡོད་ལ། རྗེས་སོར་སྐུ་ཞབས་ཇོ་སེབ་དགེ་རྒན་(Joseph Gergan)མཆོག་ནས་ལས་དོན་དེའི་རྒྱུན་བསྐྱངས་ཏེ། ཡེ་ཤུའི་གསུང་རབ་བོད་བསྒྱུར་དང་རྩོམ་སྒྲིག་བྱས་ཡོད་པ་རེད། དམིགས་བསལ་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ནི། ཁོང་གིས་ཡེ་ཤུའི་གསུང་རབ་བོད་སྒྱུར་གྱི་ལས་དོན་མཇུག་སྒྲིལ་ནས། གསུང་རབ་ནང་གི་མ་འོངས་ལུང་བསྟན་དང་འབྲེལ་བའི་ལེའུ་མཐའ་མའི་ཚིགས་བཅད། “སྟོན་པ་ཡེ་ཤུ་ཕེབས་གནང་ཡོང་བར་ཤོག” ཅེས་པ་དེ་བསྒྱུར་ཚར་བའི་ཉིན་ལྔའི་རྗེས་སུ་ཁོ་རང་ཚེ་ལས་འདས་པ་རེད། མདོར་ན་མོ་ར་ལྦེན་ཡེ་ཤུའི་ཆོས་སྡེ་ངོས་ནས། ཡེ་ཤུའི་གསུང་རབ་བོད་སྒྱུར་གྱི་ལས་དོན་ཐད་འགན་འཁུར་གཙོ་བོ་བཞེས་ཡོད་ཅིང་། གསུང་རབ་བོད་འགྱུར་མ་དེ་སྤྱི་ལོ་ ༡༩༤༨ ལོར་པ་ཀི་སི་ཐན་དང་རྒྱ་གར་ན་ཡོད་པའི་ཡེ་ཤུའི་གསུང་རབ་མཐུན་ཚོགས་གཉིས་ནས་དཔར་སྐྲུན་ཞུས་ཡོད་པ་དང་། མིང་ལ། དགེ་རྒན་ཡེ་ཤུའི་གསུང་རབ་བོད་འགྱུར་མ་ཡང་ལབ་སྲོལ་ཡོད།
ཚེ་རིང་། བོད་ཡིག་ནང་ཡོད་པའི་ཡེ་ཤུའི་གསུང་རབ་དེར་འགྱུར་མ་འདྲ་བ་ག་ཚོད་ཙམ་ཡོད་དམ།
སི་ཊི་ལྦེན། བོད་ཡིག་ནང་ཡོད་པའི་ཡེ་ཤུའི་གསུང་རབ་དེར་འགྱུར་མ་འདྲ་བ་མང་པོ་ཡོད་པ་དང་། དམིགས་བསལ་སྐད་རིགས་གང་ཞིག་གི་ནང་བསྒྱུར་དགོས་མིན་ཐད་རྩོད་ཉོག་ཀྱང་གང་ཙམ་བྱུང་ཡོད། སྐབས་དེ་དུས། གནད་དོན་འདི་དག་དང་འབྲེལ་བའི་ཐག་གཅོད་བྱེད་དབང་གཙོ་བོ་ལ་དྭགས་ཁུལ་གྱི་མོ་ར་ལྦེན་ཡེ་ཤུའི་ཆོས་སྡེ་ལ་ཡོད་དུས། ཁོ་ཚོས་ས་གནས་དེ་གའི་ཡུལ་སྐད་ལ་བསྒྱུར་ན། མང་ཚོགས་ལ་གོ་བདེ་བོ་ཡོད་པའི་བསམ་འཆར་བཏོན་ཡོད་ལ། ཡང་རྡོར་གླིང་ཁུལ་ལ་ཡོད་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཚོས། ལ་དྭགས་སྐད་ལ་བསྒྱུར་ན། ས་ཁུལ་གཞན་ལ་ཡོད་པའི་མང་ཚོགས་རྣམ་པས་གོ་མི་ཐུབ་པའི་བསམ་འཆར་བྱུང་བའི་རྐྱེན་གྱིས། མཐའ་མར་རྒྱན་དཀྲུག་བརྒྱུད། ལ་དྭགས་སྐད་ལ་བསྒྱུར་རྒྱུའི་ཐག་གཅོད་དེར་མོས་མཐུན་བྱུང་ཡོད་པ་རེད། དེར་བརྟེན། གལ་ཏེ་ཁྱེད་རང་གིས་ལ་དྭགས་སྐད་ནང་ཡོད་པའི་གསུང་རབ་དེ་བཀླག་ན། དུས་རྒྱུན་ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཡིག་དང་མ་འདྲ་བའི་ཚོར་སྣང་དེ་སླེབས་ཀྱི་རེད། འོན་ཀྱང་ད་ལྟ་ང་ཚོས་ལྷ་སའི་སྐད་ནང་བསྒྱུར་རྒྱུའི་འཆར་བཀོད་ཞིག་འཐེན་བཞིན་ཡོད།
ཚེ་རིང་། ལས་དོན་འདི་ག་ཚོད་ཙམ་གྲུབ་ཐུབ་པ་བྱུང་ཡོད་དམ།
སི་ཊི་ལྦེན། བསྐྱར་ཞིབ་བྱས་པའི་ཡེ་ཤུའི་གསུང་རབ་ཀྱི་ཞལ་ཆད་རྙིང་པ་བརྒྱ་ཆ་ལྔ་བཅུ་ཙམ་བོད་བསྒྱུར་བྱས་ཟིན་པ་རེད།
ཚེ་རིང་། འདི་བོད་བསྒྱུར་བྱེད་མཁན་སུ་ཡིན་ནམ།
སི་ཊི་ལྦེན། གསུང་རབ་བོད་བསྒྱུར་དང་འབྲེལ་བའི་ལས་དོན་ཕྱེད་ཙམ་ཞིག་ཁོ་བོས་གཉེར་བཞིན་ཡོད་ལ། གཞན་ནི། ད་ལྟ་ཀ་སྦུག་ལ་གནས་སྡོད་བྱེད་བཞིན་པའི་དེ་སྔོན་བོད་ཀྱི་བླ་མ་ཡིན་ཞིང་། ད་ལྟ་ཡེ་ཤུ་བ་ཡིན་པའི་པི་ཊར་རབ་རྒྱས་ལགས་ནས་གནང་བཞིན་ཡོད།
ཚེ་རིང་། ཡེ་ཤུའི་གསུང་རབ་བོད་བསྒྱུར་བྱེད་དུས། ཁྱེད་ཚོས་དབྱིན་ཡིག་ནང་ཡོད་པའི་ཡེ་ཤུའི་གསུང་རབ་དེ་མ་རྩོམ་ལྟ་བུར་བེད་སྤྱོད་བྱེད་ཀྱིན་ཡོད་དམ། ཡང་ན་གྷེ་རིག་དང་ཧེབ་རུ་ནང་ཡོད་པའི་ཡེ་ཤུའི་གསུང་རབ་དེ་བེད་སྤྱོད་བྱེད་ཀྱི་ཡོད།
སི་ཊི་ལྦེན། ང་ཚོས་བོད་སྒྱུར་བྱེད་དུས། གྷེ་རིག་དང་ཧེབ་རུ། ཨུར་དུ། ད་དུང་ཧིན་རྡི་བཅས་ནང་ཡོད་པའི་ཡེ་ཤུའི་གསུང་རབ་ལ་ཁུངས་བཅོལ་བཞིན་ཡོད་ལ། གཙོ་བོ་ང་ཚོས་བོད་སྒྱུར་བྱེད་དུས། དོན་བསྒྱུར་(Dynamic equivalent)གྱི་ཐབས་ལམ་བེད་སྤྱོད་བྱེད་བཞིན་ཡོད། དེ་ཡང་མ་རྩོམ་ནང་འཁོད་པའི་ཚིག་དེ་ཇི་མ་ཇི་བཞིན་བསྒྱུར་རྒྱུ་
གཙོ་འདོན་མ་བྱས་པར། གཙོ་བོ་ད་ལྟའི་སྤྱི་ཚོགས་ནང་ཡོད་པའི་མི་ཚོར་འབྲེལ་བ་ཡོད་ཅིང་། ལས་སླ་པོ་ཐོག་ནས་རྟོགས་ཐུབ་པའི་སྒྱུར་ཞིག་འདོན་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། དཔེར་ན། གོང་མ་ཇེམ་སེ་(King James)ཡི་ཡེ་ཤུའི་གསུང་རབ་རྙིང་པར། “རྐང་པ་ནས་ལྷམ་ཕུད་ཅིག”ཅེས་བྲིས་ཡོད། འོན་ཀྱང་། ང་ཚོས་རྐང་པ་ནས་མ་གཏོགས། མགོ་ནས་ལྷམ་ཕུད་ཐབས་མེད་པ་སྔ་ས་ནས་ཤེས་ཀྱིན་ཡོད་པས། གོང་བརྗོད་མ་རྩོམ་ནང་ཡོད་པའི་ཚིག་གྲུབ་འདི་བསྐྱར་ཟློས་བྱེད་མི་དགོས་པར། ཐད་ཀར་ “ལྷམ་ཕུད་” ཅེས་བསྒྱུར་ན་ཏག་ཏག་འགྲིག་གིན་ཡོད།
ཚེ་རིང་། ཁྱེད་རང་གིས་ནང་ཆོས་སྦྱངས་མྱོང་ཡོད་དམ།
སི་ཊི་ལྦེན། ཁོ་བོས་ནང་ཆོས་ལ་སློབ་སྦྱོང་ཡག་པོ་ཞེ་དྲགས་བྱས་མྱོང་ཡོད་མོད། འོན་ཀྱང་དེ་ཚོ་ཕལ་ཆེ་བ་ཞིག་ནི། དཔེ་ཆ་བློར་འཛིན་བྱས་པ་ཙམ་ཞིག་རེད། མདོར་ན་ངས་ནང་ཆོས་བློར་འཛིན་བྱས་པ་ཙམ་མ་གཏོགས། དོན་དམ་པའི་ཐོག་ནས་སྦྱངས་མྱོང་མེད།
ཚེ་རིང་། ཁྱེད་རང་གིས་བསམ་ན། ཡེ་ཤུའི་ཆོས་དང་ནང་ཆོས་གཉིས་བར་འདྲ་མཚུངས་ཀྱི་ཆ་ག་རེ་འདུག་གམ།
སི་ཊི་ལྦེན། ང་རང་ཡེ་ཤུའི་ཆོས་ཉམས་ལེན་བྱེད་མཁན་གྱི་བོད་རིགས་ཤིག་ཡིན་པའི་ཆ་ནས། ནང་ཆོས་དང་ཡེ་ཤུའི་ཆོས་གཉིས་བར་འདྲ་མཚུངས་ཀྱི་ཆ་མང་པོ་འདུག་བསམ་ཀྱིན་ཡོད། ང་ཚོས་ལེགས་ཆ་ལེན་དགོས་པའི་གཞི་རྩའི་གནད་དོན་མང་པོ་ཞིག་སོ་སོ་རང་ཉིད་ཀྱི་རིག་གཞུང་ནས་བླངས་ཏེ། ནང་ཆོས་དང་ང་ཚོའི་ཆོས་གཉིས་བར་བར་ཐག་རིང་ཐུང་ཇི་ཙམ་ཡོད་མེད་བལྟ་དགོས་ཀྱིན་ཡོད་པ་དང་། ཡེ་ཤུའི་ཆོས་བྱེད་མཁན་ཚོས་སྒོམ་སྒྲུབ་སྐོར་ཤེས་ཀྱིན་མེད་དུས། ནང་ཆོས་ནས་ང་ཚོས་སྒོམ་སྒྲུབ་ཉམས་ལེན་དང་འབྲེལ་བའི་ཐོག་སློབ་སྦྱོང་བྱེད་ཡག་མང་པོ་ཡོད་རེད་བསམ་གྱིན་འདུག
ཚེ་རིང་། ཁྱེད་རང་གིས་ཆོས་ཚོགས་ནང་སྒོམ་སྒྲུབ་བྱ་རྒྱུའི་སྐོར་སློབ་སྟོན་བྱེད་ཀྱིན་ཡོད་དམ།
སི་ཊི་ལྦེན། ཡིན་དང་ཡིན།
ཚེ་རིང་། ཁྱེད་རང་གིས་བསམ་ན། ནང་ཆོས་ནས་གསུངས་པའི་མཚན་ཉིད་དང་ཀུན་སྤྱོད་ཀྱི་རྣམ་གཞག་འདི་ཚོ་ཡེ་ཤུའི་ཆོས་ལུགས་ལ་འབྲེལ་བ་འདྲ་ཡོད་དམ།
སི་ཊི་ལྦེན། ཡོད་དང་ཡོད། ངས་བསམ་ན། ནང་ཆོས་ནས་གསུངས་པའི་ཚུལ་ཁྲིམས་སྐོར་ལ་ང་ཚོས་སྦྱང་དགོས་པ་མང་པོ་ཞེ་དྲགས་ཡོད་རེད་བསམ་གྱིན་འདུག
ཚེ་རིང་། ཁྱེད་རང་གིས། ཡེ་ཤུའི་ཆོས་ལུགས་ནས། ནང་ཆོས་ནང་ལེགས་ཆ་ལེན་དགོས་པ་དེ་འདྲ་ག་རེ་མཐོང་གིན་འདུག
སི་ཊི་ལྦེན། སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ཐོག་ནས། ཡེ་ཤུའི་ཆོས་ལུགས་ཀྱིས་ནང་ཆོས་ལ་ལེགས་སྐྱེས་ཕུལ་ཐུབ་པ་དེ་འདྲ་མང་པོ་ཡོད་པ་རེད། དེ་ཡང་སོ་སོས་སྦྱངས་པའི་ཆོས་དེ། དངོས་ཡོད་ལག་ལེན་གྱི་ཐོག་ནས་འགྲོ་རྒྱུ་གལ་ཆེན་ཡིན་ཞིང་། འདི་ནི་སོ་སོའི་ཁེར་སྡོད་བྱེད་སའི་ཁོར་ཡུག་ཙམ་ཞིག་ལ་མ་ཡིན་པར། ཕྱི་རོལ་གྱི་འགྲོ་བ་མི་ཡོངས་ལ། དཀོན་མཆོག་གི་ཆོས་འདི། སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་དངོས་ཡོད་ལས་དོན་གྱི་ཐོག་ནས་མཐོང་ཐུབ་པ་བྱ་རྒྱུ་དང་། རང་ཉིད་སྒེར་སོ་སོ་ནས་དཀོན་མཆོག་དང་ལྷན་དུ་དད་དམ་གཡོ་མེད་ཀྱི་འབྲེལ་བ་ཞིག་འཛུགས་ཐུབ་པ་བྱ་དགོས། ལག་ལེན་མེད་པའི་ཆོས་དད་ནི། གཤིན་པོའི་རོ་དང་གཅིག་མཚུངས་ཡིན།
ཚེ་རིང་། ཁྱེད་རང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་དད་མོས་དང་འབྲེལ་བའི་གནད་དོན་རྣམས་བོད་པའི་བླ་མ་དང་གྲྭ་པ་ཚོའི་མཉམ་དུ་བགྲོ་གླེང་འདྲ་བྱ་རྒྱུ་བྱུང་སོང་ངམ།
སི་ཊི་ལྦེན། གོང་གི་གནད་དོན་འདི་ཚོ་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་བྱ་རྒྱུར་ད་ལྟ་དུས་ཚོད་སླེབས་མེད་པ་དང་། ཕྱོགས་གཅིག་ནས་ཆོས་ཕྱོགས་ཀྱི་གནད་དོན་འདི། མི་སོ་སོའི་དད་མོས་སྒང་ཐུག་གི་ཡོད་དུས། ད་ལྟའི་བར་བགྲོ་གླེང་བྱས་མེད། འོན་ཀྱང་མ་འོངས་པར་ཁོ་ཚོ་དང་ལྷན་དུ་བགློ་གླེང་བྱ་རྒྱུར་ང་རང་འདོད་མོས་ཆེན་པོ་ཡོད།
ཚེ་རིང་། ད་ལྟ་རྒྱ་གར་ནང་བོད་རིགས་ཡེ་ཤུ་བའི་གྲངས་འབོར་ག་ཚོད་ཙམ་ཡོད་དམ།
སི་ཊི་ལྦེན། ད་ལྟ་རྒྱ་གར་ནང་བོད་རིགས་ཡེ་ཤུ་བ་ཉིས་བརྒྱ་ཡོད།
ཚེ་རིང་། ཁོ་ཚོ་ཕལ་ཆེ་བ་ཞིག་ད་ལྟ་ས་ཆ་ག་པར་གཞིས་ཆགས་ནས་བསྡད་ཡོད་དམ། ཁོ་ཚོ་ཚང་མ་སྤྱི་ཚོགས་ལྟ་བུ་ཞིག་གི་ནང་འཚོ་སྡོད་བྱེད་ཀྱིན་ཡོད་དམ།
སི་ཊི་ལྦེན། ད་ལྟ་ཕལ་ཆེ་བ་ཞིག་ས་ཆ་འདྲ་མིན་ལ་འཚོ་སྡོད་བྱེད་ནས་བསྡད་ཡོད།
ཚེ་རིང་། ཁྱེད་ཚོ་ཕན་ཚུན་བར་རོགས་སྐྱོར་དང་མཉམ་རུབ་ཀྱི་ཐོག་ནས་འབྲེལ་བ་བྱེད་སའི་ཚོགས་པ་འདྲ་ཡོད་དམ།
སི་ཊི་ལྦེན། ང་ཚོར་བོད་རིགས་ཡེ་ཤུ་བའི་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་ཡོད་པ་དང་། ཚོགས་པ་དེ་ནི། བོད་རིགས་ཡེ་ཤུ་བ་དང་ཡེ་ཤུའི་ཆོས་སྡེ་དང་འབྲེལ་བའི་བོད་མིའི་ཚོགས་པ་ཁག་ཕན་ཚུན་འབྲེལ་གཏུག་བྱེད་སའི་བརྒྱུད་ལམ་ལྟ་བུ་ཞིག་ཆགས་ཀྱིན་ཡོད་པ་དང་། ལོ་གཅིག་ནང་ཐེངས་རེར་ས་གནས་འདྲ་མིན་དུ། མཉམ་འཛོམས་བྱེད་ཀྱི་ཡོད། ང་ཚོས་འདི་འདྲ་བའི་ཚོགས་པ་ཞིག་གསར་འཛུགས་བྱེད་དགོས་པའི་རྒྱུ་མཚན་ནི། སྤྱི་ལོ་ ༡༩༥༩ ལོར་བོད་ནས་བོད་མི་མང་པོ་ཞིག་རྒྱ་གར་ལ་སླེབས་པ་དང་མཉམ་དུ། བོད་རིགས་ཡེ་ཤུ་བ་སྐོར་ཞིག་ཀྱང་སླེབས་ཡོད་པ་དང་། རྗེས་སོར་བོད་མི་མང་པོ་ཞིག་གཞིས་ཆགས་ལ་ཕྱིན་པ་དང་མཉམ་དུ། ཁོ་ཚོ་ཡང་བོད་མི་གཞན་ཚོ་དང་ལྷན་དུ་འདྲེས་ནས། རེ་ཞིག་བོད་མི་ཡེ་ཤུ་བ་གཞན་ཚོ་དང་འབྲེལ་བ་ཡུན་གྱིས་ཆད་ཡོད་ལ། ཁོ་ཚོའི་སེམས་ལ་ད་དུང་ཡང་ཡེ་ཤུའི་ཆོས་ལ་དད་མོས་དང་། འབྲེལ་ཡོད་ཡེ་ཤུ་བ་གཞན་ཚོ་དང་འབྲེལ་བ་བྱ་འདོད་ཀྱི་འདུན་པ་དེ་ཡོད་ཀྱང་དེ་ཉིད་ལེགས་གྲུབ་མ་བྱུང་བའི་རྐྱེན་སོགས་ལ་བརྟེན་ནས། ང་ཚོས་ཚོགས་པ་འདི་འདྲ་ཞིག་བཙུགས་དགོས་བྱུང་བ་རེད། ཚོགས་པ་འདི་བརྒྱུད་རྒྱ་གར་གྱི་ས་ཕྱོགས་གང་སར་གྱར་ནས་སྡོད་ཡོད་པའི་བོད་རིགས་ཡེ་ཤུ་བ་རྣམས་མཉམ་འཛོམས་ཐོག ཕན་ཚུན་ངོ་སྤྲོད་དང་སོ་སོ་ཡེ་ཤུའི་ཆོས་ལ་ག་དུས་བསྒྱུར་ཡོད་མེད་དང་ཐོས་ཡོད་མེད་སོགས་ཀྱི་ཐད་ཁ་བརྡ་དང་བགྲོ་གླེང་བྱས་ཐུབ་པ་བྱུང་ཡོད།
ཚེ་རིང་། ང་ཚོ་བོད་རིགས་བྱིངས་ཚོའི་ནང་ལ། བོད་རིགས་ཡེ་ཤུ་བ་དང་འབྲེལ་བའི་སྐོར་ཤེས་མཁན་མེད་པས། ཁྱེད་རང་གིས་བསམ་ན། དེའི་སྐོར་ཚང་མས་ཤེས་རྒྱུ་གལ་ཆེན་རེད་འདོད་ཀྱིན་འདུག་གམ།
སི་ཊི་ལྦེན། དེའི་སྐོར་བོད་རིགས་ཚང་མས་ཤེས་རྒྱུ་གལ་ཆེན་རེད་བསམ་གྱིན་འདུག་ནའང་། ད་ལྟ་ཧ་ཅང་ཁག་པོ་ཆགས་བསྡད་ཡོད། བོད་རིགས་བྱིངས་ཀྱིས། བོད་མི་ཡེ་ཤུ་བ་རྣམས་བོད་པའི་རིག་གཞུང་ཀྱི་ཕྱི་ལོགས་ལ་ཡོད་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ནས། ཁོ་ཚོར་དོ་སྣང་དང་ཁས་ལེན་མི་བྱེད་ནའང་། ངས་འདི་ནས་ཞུ་རྒྱུ་ཞིག་ལ། ཁོ་ཚོ་བོད་པའི་རིག་གཞུང་གི་ནང་དུ་ཚུད་ཀྱིན་ཡོད་ལ། བོད་རིགས་ཡེ་ཤུ་བ་ཚོས། ཕྱིའི་རིག་གནས་ཚུར་བླངས་པའི་སྐད་ཆ་སོགས་གང་ཡང་མིན་པ་ངས་ཤེས་ཀྱི་ཡོད། ཁོ་ཚོས་སོ་སོའི་རིག་གཞུང་གི་ནང་དུ་བསྡད་ནས། སོ་སོར་འདོད་མོས་ཡོད་པའི་ཆོས་ལུགས་ཤིག་ལ་གདམ་གསེས་བྱས་ཡོད་པས། བོད་རིགས་གཞན་ཚོས་ཁོ་ཚོ་ཕྱི་མི་ལྟ་བུ་ཞིག་ལ་བརྩིས་ཡག་འདི། ཏག་ཏག་རང་སྡོད་ཀྱི་རེད་བསམ་གྱིན་མི་འདུག
ཚེ་རིང་། ཁྱེད་རང་གིས་ཞལ་འདོན་འདོན་ཡག་ལ་སོགས་པ་བོད་སྐད་ནང་བྱེད་ཀྱིན་ཡོད་དམ།
སི་ཊི་ལྦེན། འདི་ཡིན་དང་ཡིན།
ཚེ་རིང་། ཁྱེད་རང་གི་ཆོས་ཚོགས་ནང་ཡོད་པའི་དད་ལྡན་ཕལ་ཆེ་བས་བོད་ཡིག་ཤེས་ཀྱི་ཡོད་དམ།
སི་ཊི་ལྦེན། བོད་རིགས་ཡེ་ཤུ་བ་རྣམས་ཀྱིས་དམ་པའི་གསུང་རབ་(Bible) འདི་བོད་ཡིག་ནང་ཀློག་དགོས་ཀྱི་ཡོད་དུས། བོད་ཡིག་འདི་ཁོ་ཚོའི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད། སོ་སོའི་སྐད་ཡིག་ནང་ཡེ་ཤུའི་གསུང་རབ་ཀློག་ཡག་འདི། སྐད་ཡིག་གཞན་དག་ནང་ཀློག་པ་དང་ཁྱོན་ནས་འདྲ་གི་མ་རེད།
ཚེ་རིང་། ཁྱེད་ཚོས་བོད་ནང་གི་གནས་སྟངས་དང་འབྲེལ་བའི་སྐོར་དོ་སྣང་བྱེད་ཀྱིན་ཡོད་དམ།
སི་ཊི་ལྦེན། ང་ཚོར་འཆར་གཞི་མང་པོ་ཡོད་པའི་ཁྲོད་ཀྱི་གཅིག་ནི། བོད་མིའི་བསམ་ཚུལ་དང་མཆོད་དབྱངས། ད་དུང་གཞས་སོགས་རླུང་འཕྲིན་བརྒྱུད་རྒྱང་སྲིང་བྱ་རྒྱུ་དང་། ང་ཚོས་(Seychelles) བརྒྱུད་རླུང་འཕྲིན་རྒྱང་སྲིང་བྱེད་བཞིན་ཡོད་ལ། བོད་ནང་ང་ཚོའི་རླུང་འཕྲིན་ཉན་མཁན་ཚོའི་གནས་ཚུལ་ཡང་མཁོ་སྤྲོད་བྱེད་བཞིན་ཡོད། སྐབས་འགར་བོད་རིགས་ཡེ་ཤུ་བ་རྣམས་ནས། ང་ཚོར་ཡིག་ལན་སོགས་བཏང་ནས། རླུང་འཕྲིན་ལས་རིམ་ལ་དགའ་མོས་དང་བསམ་ཚུལ་སོགས་གསུང་གིན་ཡོད་པ་རེད། ང་ཚོ་ཕན་ཚུན་བར་དངོས་སུ་ཐུག་འཕྲད་བྱུང་མེད་ལ། ང་ལྟ་བུར་མཚོན་ན། ལྷ་སར་འགྲོ་མྱོང་མེད། འོན་ཀྱང་བོད་ནང་ཡོད་མཁན་ཚོས་ང་ཚོར་བོད་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཡིག་ལམ་བརྒྱུད་གཏོང་གིན་ཡོད།
ཚེ་རིང་། ཁྱེད་ཚོས་བོད་སྐད་ཐོག་རླུང་འཕྲིན་རྒྱང་སྲིང་བྱེད་ཀྱི་ཡོད་དམ། གལ་ཏེ་ཡོད་ན། ཆུ་ཚོད་ག་ཚོད་ཐོག་རྒྱང་སྲིང་བྱེད་ཀྱི་ཡོད།
སི་ཊི་ལྦེན། ང་ཚོས་ཉིན་རྟག་པར་རྒྱ་གར་གྱི་དགུང་མོའི་ཚོུད་ ༥ཿ༤༥ འོད་ཚད་ ༢༥ m SW ཐོག་རླུང་འཕྲིན་རྒྱང་སྲིང་བྱེད་ཀྱིན་ཡོད།
ཚེ་རིང་། བོད་ནང་ནས་རླུང་འཕྲིན་ཉན་མཁན་ཚོས་བསྐུར་བའི་ཡི་གེའི་ནང་དོན་སྐོར་གསུང་རོགས།
སི་ཊི་ལྦེན། ཁོ་ཚོས་ཡི་གེའི་ནང་སོ་སོའིི་འཚོ་བ་སྐྱེལ་སྟངས་དང་ནང་མའི་གནས་སྟངས་སོགས་ཀྱི་སྐོར་བཀོད་ཡོད་ལ། སྐབས་འགར་ང་ཚོའི་རླུང་འཕྲིན་ལས་རིམ་གཉེར་སྟངས་དང་འབྲེལ་བའི་བསམ་ཚུལ་དང་ལེ་ཚན་སྐོར་ཞིག་ཡང་བསྐྱར་རྒྱང་སྲིང་བྱ་དགོས་པའི་འབོད་སྐུལ་བྱེད་ཀྱིན་ཡོད།
ཚེ་རིང་། བོད་ནང་ཡོད་མཁན་ཚོས་ཁྱེད་ཚོར་ཡི་གེ་གཏོང་སའི་བརྒྱུད་ལམ་དེ་ག་རེ་ཡིན་ནམ།
སི་ཊི་ལྦེན། ཧོང་ཀོང་དང་ལྡེ་ར་ལྡུན་ཁུལ་ནས་ང་ཚོར་སྦྲག་ཐོག་ཡི་གེ་གཏང་ཐུབ་པའི་ཨང་གྲངས་ཡོད་པ་རེད།
ཚེ་རིང་། ཁོ་ཚོས་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་ཡི་གེའི་རིགས་གཏོང་གིན་འདུག་གམ།
སི་ཊི་ལྦེན། ཁོ་ཚོས་ཡི་གེའི་ནང་སོ་སོ་བདེ་བོ་ཡིན་མིན་གྱི་གནས་ཚུལ་ཙམ་ལས། ཆབ་སྲིད་ཀྱི་ནང་དོན་ཡོད་པ་དེ་འདྲ་གང་ཡང་བཀོད་ཀྱི་མིན་འདུག
ཚེ་རིང་། འདས་པའི་ལོ་ཤས་ནང་། བོད་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གང་ཙམ་ཞིག་བྱུང་ཡོད་ལ།
དེའི་ཁྲོད་བོད་མི་མང་པོ་ཞིག་ཀྱང་འདས་གྲོངས་སུ་ཕྱིན་ཡོད་པས། ཁྱེད་ཅག་རྣམ་པས། ཁོ་ཚོའི་ཆེད་དུ་སྨོན་ལམ་འདོན་གྱིན་ཡོད་དམ།
སི་ཊི་ལྦེན། ང་ཚོས་ཁོ་ཚོའི་སླད་དུ་སྨོན་ལམ་འདོན་གྱིན་ཡོད་ལ། དུས་ནམ་ཡང་བོད་ཅེས་པ་དེ་རྒྱལ་ཁབ་ཅིག་དང་། བོད་མི་ཚོར་རྒྱལ་སྤྱིའི་མི་མང་ཡོངས་ནས་རྒྱབ་སྐྱོར་དགོས་ཀྱི་རེད་བསམ་གྱིན་འདུག ང་ཚོས་སོ་སོའི་ལྷ་ཁང་དང་། འཚོ་གནས་བྱེད་སའི་སྤྱི་ཚོགས་ནང་ལའང་། བོད་དོན་འཐབ་རྩོད་དང་འབྲེལ་བའི་གཞི་རྒྱ་ཆུང་བའི་བྱེད་སྒོ་སྣ་མང་ཞིག་སྤེལ་ནས་བོད་དོན་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། ཕྱི་རྒྱལ་གྲོགས་པོ་ཚོར་ཡང་དེ་ལྟར་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱིན་ཡོད།
བསྒྱུར་མཆན། རྩོམ་ཡིག་འདི་ནི། སྤྱི་ལོ་ ༡༩༩༠ ལོའི་བོད་དོན་བསྐྱར་ཞིབ་(Tibetan Review) ཀྱི་བཅར་འདྲི་ལེ་ཚན་གྱི་ཁོངས་སུ་ཡོད་ལ། མ་རྩོམ་ནང་སི་ཊི་ལྦེན་ཡེ་ཤེས་ལགས་ཀྱི་པར་མ་གཏོགས། ཇོ་སེབ་དགེ་རྒན་དང་ལ་དྭགས་ཨག་པར་གྱི་པར་ཁོ་བོས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་སྤྱི་ལོ་ ༡༩༩༨ ལོར་ “ཡེ་ཤུའི་ཆོས་སྤེལ་མཁན་དང་བོད་”ཅེས་པའི་བརྗོད་གཞིའི་ཐོག་འདོན་སྤེལ་བྱས་པའི་རླུང་རྟ་དུས་དེབ་ནས་བླངས་པ་ཡིན། མཁྱེན་ལྡན་ཀློག་པ་པོ་རྣམ་པས་མ་རྩོམ་དེ། གོང་ཞུས་སྤྱི་ལོ་ ༡༩༩༠ ལོའི་བོད་དོན་བསྐྱར་ཞིབ་ཀྱི་བཅར་འདྲི་ལེ་ཚན་ནས་བལྟ་ཀློག་བྱ་ཐུབ།
[1] སྤྱི་ལོ་ ༡༥༤༠ ལོར་གསར་འཛུགས་བྱས་པའི་ཡེ་ཤུའི་ཚོགས་སྡེ་ཡི་ཚོགས་མི་ཡིན་པའི་རོ་མན་རྣམ་དག་ཆོས་ལུགས་ཀྱི་ཆོས་དཔོན་རྣམས་ལ་གོ། ཡེ་ཤུའི་ཆོས་དར་སྤེལ་གཏང་རྒྱུ་ནི། ཁོ་ཚོའི་དམིགས་ཡུལ་ཡིན།
[2] Church ཞེས་པ་དེ་ཡེ་ཤུ་བ་རྣམས་ཀྱི་ཆོས་བྱ་ཡུལ་ཙམ་ཞིག་མ་ཡིན་པར་ཚོགས་པ་ཞིག་ལ་ཡང་གོ་དགོས་ཀྱིན་ཡོད་དུས། སྐབས་བབས་ཀྱི་བརྗོད་དོན་ལྟར་ཆོས་སྡེ་ཞེས་བསྒྱུར་ན། འོས་པར་མཐོང་།
[3] Baptism ཞེས་པ་དེ་མདོར་དྲིལ་ན། ཡེ་ཤུའི་ཆོས་སྒོར་ཞུགས་རྒྱུའི་ཆོས་ཀྱི་ཆོ་ག་ལྟ་བུ་ཞིག་ཡིན།
གསུངས་གླིང་འདི་བཀླཀས་དུས་ཁོ་བོའི་གཞི་ཆགས་ Nepal, Pokhara བཀྲ་ཤིས་དཔལ་འཁྱིལ་ནང་ཕལ་ཆེར་ཕྱི་ལོ་༢༠༠༠ ཙམ་ནས་ཕྱི་རྒྱལ་བ་གེར་གྱི་རྣམ་པ་བསྟོན་ནས་བོད་ཕྲུག་རྣམས་ལ་ལས་ཀ་སྟེར་རྒྱུ་ཡིན་ཚུལ་གྱིས་ཤིང་ཏོག་ཁུ་བ་བཟོ་སའི་བཟོ་གྲྭ་ Rasilo Juice ཆུང་ཆུང་ཞིག་རོགས་ཚོགས་ལྟར་བསླེབས། ད་ནས་ལོ་མང་ཙམ་རིང་ནམ་དུས་དང་བསྟུན་ནས་བཟོ་གྲྭ་ཁ་ཕྱེས། ད་ནས་ཉེ་ཆར་ལོ་ངོ་ལྔ་ཙམ་རིང་བཟོ་གྲྭའི་བདག་པོ་ཆོས་ལུགས་ཡིན་པ་དེ་ཡང་ཡེ་ཤུ་ཁྱབ་སྤེལ་གཏང་མཁན་ Christian Missionarry ཡིན་ཚུལ་དངོས་སུ་རྣམ་པ་ཐོན་ཡང་་་གཞིས་མི་རྣམས་ངོ་རྒོལ་སོགས་ཀྱིས་བྱ་ཐབས་བྲལ་གང་ཡིན་ཟེར་ན་བོད་མི་འགས་ཤས་བཟོ་གྲྭ་དེ་ལས་ནང་མི་གསོ་སྐྱོང་བྱས། ཚོགས་པ་དེའི་རང་ཉིད་ཁོ་ནས་ཁེ་ཕན་བསམས་ནས་ལས་འགུལ་ལྟར་བས་དེ་སང་གཞིས་མི་དེའི་བོད་མི་ནང་མི་ཕལ་ཆེ་ལྔ་ཙམ་གྱི་བོད་འཕྲུག་ཡེ་ཤུ་བ་ཆགས་སོང་། དེ་ལ་བསྟན་ནས་ནང་ཁུལ་ཉེ་སྤུན་རྣམས་རིང་དུ་འགྲོ་བ་དང་ གྲོགས་ནང་ཁུལ་དབྱེ་བ་འབྱེད་དགོས་པ་སོགས་བོད་མི་ནང་འཆམ་འཐུན་གྱི་རེ་བ་བྲལ། མང་ཚོགས་ནས་བོད་འཕྲུག་དེ་རྣམས་ལ་ཐ་ཤལ་བ་རྩིས། ཁོང་རྣམས་ཡང་ལོ་མང་རིང་བསམ་བློ་བསྒྱུར་བ་བཏང་བས་གཞན་དང་མི་འཐུན། བཟའ་མི་དང་སྤོ་སྤོ་མོམོ་རྣམས་ཕུ་གུ་དེ་ཆོས་ལུགས་གང་དུས་བཞུག་རྒྱུའི་རྩོད་པ་མང་དག་གཅིག་ད་ལྟ་འགྲོ་བཞིན་པ་ཡིན།