མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

—–ཕྱི་ལོ་གསར་པ་བསླེབ་ལ་ཉེ་བ་དང་བསྟུན་ཏེ་འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་རྫོགས་ལ་ཉེ་བའི་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱི་ཐོག་གི་གནས་ཚུལ་ཆེ་ཁག་བཅུ་གསར་འགོད་པ་སྐལ་བཟང་སྦྱིན་པས་འདིར་ཕྱོགས་བསྡུས་བྱས་ཡོད།

ཨི་ཟི་རལ་དང་པ་ལི་སི་ཐན་གྱི་དམག་འཁྲུག་ད་དུང་མཚམས་བཞག་མེད།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་པ་ལི་སི་ཐན་གྱི་ཧ་མ་སི་དམག་དཔུང་གིས་གློ་བུར་དུ་ཨི་ཟི་རལ་གྱི་སྟེང་དུ་དྲག་རྒོལ་བྱས་པར་བརྟེན། ད་ལྟའི་བར་དུ་རྒྱལ་ཁབ་གཉིས་ཀྱིས་དམག་མཚམས་མ་བཞག་པར་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་དང་བྱེད་བཞིན་ཡོད་ཅིང་། དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༩ བར་ (Aljazeera) གསར་ཁང་གི་གནས་ཚུལ་ལ་གཞིགས་ན། རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ཁྲོད། མི་གྲངས་ ༢༡༡༡༠ རྐྱེན་འདས་སུ་ཕྱིན་ཞིང་། དེའི་ཁྲོད་ཀྱི་མི་གྲངས་ ༧༧༠༠ ཙམ་བྱིས་པ་ཡིན་འདུག་ལ། ད་དུང་མི་གྲངས་ ༥༥༢༤༣ ལ་རྨས་སྐྱོན་ཕོག་པ་དང་མི་གྲངས་ ༧༠༠༠ ལྷག་བོར་བརླག་ཏུ་སོང་། ད་ལྟ་ཨི་ཟི་རལ་དང་ཧ་མ་སིའི་དམག་འཁྲུག་རྒྱག་ཡུལ་ཏེ།  གྷ་ཛ་ཁུལ་དུ་ཡོད་པའི་པ་ལི་སི་ཐན་གྱི་མི་གྲངས་ས་ཡ་ ༡།༩ དང་ཨི་ཟི་རལ་གྱི་མི་གྲངས་འབུམ་ལྔ་ལྷག་གནས་ཡུལ་ངེས་མེད་ཅན་དུ་གྱུར་ཡོད་ཟེར།  དེ་རིང་ཕྱི་ཚེས་ ༢༩ བར་ཨི་ཟི་རལ་དང་ཧ་མ་སི་གཉིས་བར་ས་མཚོ་གནམ་གསུམ་གྱི་ཐོག་ནས་དམག་འཁྲུག་བརྒྱབ་སྟེ་ཉིན་གྲངས་ ༨༦ འགྲོ་ཡི་ཡོད་ཅིང་། ཨི་ཟི་རལ་གྱིས་པ་ལི་སི་ཐན་གྱི་སྟེང་དུ་མེ་ཤུགས་འཕུར་མདའ་ཁྱོན་ ༢༩༠༠༠  འཕངས། ཧ་མ་སིས་ཨི་ཟི་རལ་གྱི་སྟེང་དུ་མེ་ཤུགས་འཕུར་མདའ་ཁྱོན་ ༡༢༠༠༠ འཕངས། ཆ་བགོ་བྱས་ན་བརྒྱ་ཆའི་ ༤༠ ནས་ ༤༥ ཆགས་ཡོད་པ་སི་ཨན་ཨན་གསར་ཁང་གིས་བརྗོད། དམག་འཁྲུག་ཁྲོད་འཛམ་གླིང་རྒྱལ་ཁབ་གཞན་གྱི་མི་སེར་ཁྱོན་ ༧༡ དང་རྒྱལ་ཚོགས་ཀྱི་ངལ་སེལ་རོགས་སྐྱོར་ལས་མི་ཁྱོན་ ༡༣༥ བསད་ཡོད་ཅིང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་པ་ཁྱོན་ ༦༨  རྐྱེན་འདས་སུ་བཏང་བ་ཡོངས་བསྒྲགས་བྱས་འདུག ཕྱོགས་ཡོངས་ནས་བལྟས་ན། འདི་ལོའི་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ཁྲོད་པ་ལི་སི་ཐན་གྱི་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་ཤིང་། འཛམ་གླིང་རྒྱལ་ཁབ་མང་པོས་ཨི་པ་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བསྟུད་མར་བྱས་ཏེ། ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ནས་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁཱ་ཊར་གྱི་འདུམ་སྒྲིག་འོག ཕྱི་ཟླ་ ༡༢ ཚེས་ ༡ བར་དམག་འཁྲུག་མཚམས་འཇོག་དང་། ཕན་ཚུན་གྱི་གཏའ་མི་ཨི་ཟི་རལ་  ༧༠ དང་པ་ལི་སི་ཐན་ ༢༡༠ ཀློད་གྲོལ་གཏོང་རེས་བྱས། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ཕྱོགས་གཉིས་བར་བསྐྱར་དུ་དམག་འཁྲུག་ཤོར་ཞིང་། སྐབས་དེར་ཨ་རིས་ཧ་མ་སིས་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལ་རྩིས་མེད་བཏང་བའི་སྐྱོན་བརྗོད་བྱས་པ་དང་། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་ཨི་པ་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཨ་རི་དང་ཨི་ཟི་རལ་གཉིས་ལ་དམག་འཁྲུག་མཚམས་འཇོག་བྱེད་འདོད་མེད་སྐོར་བརྗོད་ནས་སྐྱོན་བརྗོད་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག སྤྱིར་ཨི་ཟི་རལ་དང་པ་ལི་སི་ཐན་གྱི་རྩོད་རྙོག་གི་འབྱུང་ཁུངས་དངོས་ནི། ཕྱི་ལོ་ ༡༩༡༧ ལོར་དབྱིན་ཇིས་ ༼   པ་ལི་སི་ཐན་ནང་ཇོའུ་མི་རིགས་ལ་རྒྱལ་ཁབ་ལྡན་པའི་རང་ཁྱིམ་ཞིག་བསྐྲུན་དགོས་༽   ཞེས་ཡོངས་བསྒྲགས་བྱས་རྗེས། དབྱིན་ཇིའི་དཔུང་ཤུགས་འོག ཇིའུ་མི་རིགས་པ་ལི་སི་ཐན་ནང་གནས་སྡོད་བྱེད་མགོ་བརྩམས་ཤིང་། ཕྱི་ལོ་ ༡༩༤༧ ལོ་ནས་ཇོའུ་མི་རིགས་པ་ལི་སི་ཐན་ནང་བཙན་གྱིས་གནས་སྤོ་དང་དབང་སྒྱུར་བྱེད་མགོ་བཙུགས་ཏེ། པ་ལི་སི་ཐན་གྱི་མི་མང་ ༡༥༠༠༠ བསད་པ་དང་མི་གྲངས་ ༧༥༠༠༠༠ ཙམ་རང་ཁྱིམ་ནས་འདུག་མི་ཐུབ་པར་གྱུར། ཕྱི་ལོ་ ༡༩༤༨ ཟླ་ ༥ ཟླ་ ༡༥ ཉིན་ཇོའུ་མི་རིགས་ཀྱིས་ད་ལྟའི་ཨི་ཟི་རལ་འབོད་པའི་རྒྱལ་ཁབ་དབུ་བརྙེས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ནས། རྒྱལ་ཁབ་གཉིས་བར་དམར་འཛིང་མཚམས་མ་ཆད་པའི་ད་ལྟའི་ལོ་རྒྱུས་འདི་བྱུང་བ་ཞིག་ཡིན་འདུག

ལོ་ངོ་ ༡༢༥༠༠༠ ནང་བྱུང་མ་མྱོང་བའི་གོ་ལའི་ཚ་དྲོད།

ཚན་རིག་པས། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ནི་མ་འོངས་པའི་ཉེན་ཁ་ཞིག་མ་རེད། དེ་ནི་མིའི་རིགས་ཀྱིས་གཡོལ་ཐབས་བྲལ་བའི་དོན་དངོས་ཀྱི་དཀའ་ངལ་ཞིག་རེད་ཟེར། ད་སྔ་བར་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་དོན་དྲོད་ཚད་ལ་གཞིགས་ན། ཕྱི་ལོ་ ༢༠༢༣ ལོ་ནི་འདས་པའི་ལོ་ངོ་ ༡༢༥༠༠༠ ནང་བྱུང་མ་མྱོང་བའི་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཞིག་ཆགས་ཡོད། དམིགས་བསལ་ཕྱི་ལོ་ ༢༠༢༣ ལོར་སྔར་བྱུང་མྱོང་མེད་པའི་རང་བྱུང་མེ་སྐྱོན་ནས་ཐན་པ་དང་། ཆུ་ལོག་རྒྱུག་པ་སོགས་ཀྱིས་རྐྱེན་བྱས་ཏེ་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་ཆེ་ཤོས་སུ་གྱུར། གནམ་གཤིས་བརྟག་དཔྱད་རིག་པའི་ལུགས་ལྟར་ན། ད་ལྟའི་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་རིམ་པ་ (lexicon) ཞེས་པར་ཟིན་པ་དང་ཚ་དྲོད་ཆེ་ཞིང་འཁྱག་རོམ་ཞུ་ཚད་མྱུར་བ། གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ཆེས་ཉེན་ཁ་ཆེ་བའི་ཚད་གཞིར་ཐོན་ཡོད་ཅིང་། ད་ལྟ་འཛམ་གླིང་གི་ས་ཆ་མང་ཤོས་སུ་ཚ་དྲོད་ཆེ་ཞིང་བརླན་བཤེར་འདྲེས་མའི་གནམ་གཤིས་གནས་སྟངས་ཆགས་ཏེ། འགྲོ་བ་མི་ཚུད་པའི་སེམས་ཅན་ཀུན་གྱི་སྲོག་ལ་ཉེན་ཁ་བསྐྲུན་གྱི་ཡོད་འདུག་ལ། ལྷག་པར་དུ་ད་ལྟ་དུག་རླངས་དང་འགྱུར་རྡོའི་སྣུམ་རྫས་ (Fossil Fuel) བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། སའི་གོ་ལར་སྔོན་དཔག་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་རྒྱུ་ཡིན་པ་ཚན་རིག་པ་བརྗོད་ཀྱིན་འདུག ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༢ བར་དྷོ་བྷ་ (Dubai) རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་འཚོགས་ཡོད་པ་དང་། ཚོགས་ཆེན་སྟེང་འཛམ་གླིང་རྒྱལ་ཁབ་ ༡༩༧ ནས་མཉམ་ཞུགས་མཁན་མི་གྲངས་ཁྲི་བདུན་ལྷག་ཡོད་པར་བཤད་ལ། ཚོགས་ཆེན་གྱི་གྲོས་ཆོད་དུ་ཉི་མ་དང་རླུང་། ཆུ་སོགས་རང་བྱུང་གི་ནུས་ཤུགས་རྐྱང་པའི་ཐོན་ཁུངས་བཀོལ་སྤྱོད་བྱས་ཏེ། གོ་ལའི་ཚ་དྲོད་སྟངས་སྙོམས་སུ་གཏོང་ཐབས་བྱེད་བཞིན་ཡོད་མོད། འོན་ཀྱང་། ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་སྟེང་འཛམ་གླིང་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས་ཁ་ནས་གཏམ་བཤད་རྒྱས་པོ་རེ་སྤེལ་བ་ལས། ལག་ལེན་བྱ་རྒྱུ་མང་པོ་ལྷག་ཡོད་པར་བརྟེན། མིའི་རིགས་ཀྱིས་རང་བྱུང་གོད་ཆག་ལ་གཡོལ་ཐབས་བྱེད་པའི་གོ་སྐབས་དེ་ཤོར་ཡོད་སྲིད་པའི་སེམས་འཚབ་ཀྱང་བསྟན་འདུག

རྒྱ་གར་བས་ཟླ་བའི་གོ་ལའི་ལྷོ་སྣེ་རུ་ལོ་རྒྱུས་གསར་པ་བྲིས།

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་ (Indian Scientific Research Organisation) བཟོ་བསྐྲུན་བྱས་པའི་འཕུར་གྲུ་ཅན་དྷ་ར་ཡན་གསུམ་པ་(Chandrayaan-3) དེ་དངོས་སུ་ཟླ་བའི་གོ་ལའི་ལྷོ་སྣེ་རུ་བཏང་སྟེ། ཕྱི་ཟླ་ ༨ ཚེས་ ༢༣ སྟེ་ཟླ་གཅིག་དང་ཉིན་དགུའི་རྗེས་སུ་དངོས་སུ་ཟླ་བའི་ལྷོ་སྣེ་རུ་བབས་ཐུབ་པ་བྱུང་ཡོད་སྟབས། རྒྱ་གར་ནི་ད་སྔ་བར་ཟླ་བའི་ལྷོ་སྣེ་རུ་བབས་པའི་འཛམ་གླིང་གི་རྒྱལ་ཁབ་ཐོག་མ་དེ་ཆགས། རྒྱ་གར་གྱི་ཚན་རྩལ་ཞིབ་འཇུག་མངོན་འགྱུར་གྱི་ལས་དོན་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་ཨ་རི་དང་ཨི་ཊ་ལི། ཉི་ཧོང་། མ་ལི་ཞི་ཡ་སོགས་འཛམ་གླིང་གི་དབུ་འཁྲིད་དང་གནད་ཡོད་མི་སྣ་མང་པོས་ཡི་རང་བསྔགས་བརྗོད་གནང་ཡོད་ལ།  ཕྱི་ལོ་ ༡༩༥༩ ལོ་ནས་ད་སྔ་བར་འཛམ་གླིང་རྒྱལ་ཁབ་མང་པོས་ཟླ་བའི་གོ་ལར་ཞིབ་འཇུག་གི་ཆེད། ཟླ་བའི་སྟེང་བསྐྱོད་ཐབས་གང་མང་བྱས་ཡོད་པ་ལས་ད་ལྟ་ཨུ་རུ་སུ་དང་ཨ་རི། རྒྱ་ནག་དང་རྒྱ་གར་བཅས་རྒྱལ་ཁབ་བཞི་ཟླ་བའི་སྟེང་དུ་བབས་ཐུབ་པ་བྱུང་ཡོད་འདུག

བཅོས་མའི་རིག་རྩལ་གྱི་འགྲུལ་བཞུད་གསར་བའི་ཡོ་ལང་།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣༠ ཉིན་ཨ་རིའི་རིག་ནུས་ཞིབ་འཇུག་དང་རྒྱ་སྐྱེད་ཁང་ (OpenAI) གིས། མིས་བཟོས་རིག་ནུས་གསར་གཏོད་ཀྱི་ལས་གཞིའི་ཁྲོད་(ChatGPT)ཞེས་པའི་རིག་ནུས་ཤེས་བྱའི་སྒོ་མོ་གསར་པ་ཞིག་ཡོངས་གྲགས་སུ་ཕྱེས་པ་དང་། འཛམ་གླིང་ནང་མིས་བཟོས་རིག་ནུས་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ལ་དགེ་སྐྱོན་གྱི་ཕན་ནུས་ཇི་ཙམ་ཡོད་མེད་ཐད་གླེང་སློང་ཤུགས་ཆེན་བྱུང་ཞིང་།  དམིགས་བསལ་མིས་བཟོས་རིག་ནུས་གསར་གཏོད་ཀྱིས་མིའི་རིགས་ཀྱི་ཀླད་ཤུགས་གཅིག་མཚུངས་བཞིན་བྱ་བ་སྒྲུབ་ཐུབ་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༢༣ ལོར་ཨ་མ་རྫོན་དང་ཌལ་(Dell)། རྒྱལ་སྤྱིའི་དྲ་རྒྱའི་ཚོང་འབྲེལ་མཐུན་ཚོགས་(IBM)། ཞབས་ཞུའི་རམ་འདེགས་ཚོང་གཉེར་ཁང་(Ernst & Young)། ངོ་དེབ་དང་གྷོ་གྷལ་ (Google) སོགས་བཟོ་ཚོང་ཁང་ ༡༡༦༩ ཡིས། ལས་མི་ཁྱོན་ ༢༦༠༢༣༨ ལྷག་གི་ལས་མཚམས་བཞག་ཡོད་པ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ (Computerworld) དྲ་ཚིགས་ཀྱིས་བསྒྲགས་འདུག་པ་མ་ཟད། འཛམ་གླིང་ཤར་ནུབ་གང་སར་མིས་བཟོས་རིག་ནུས་ལ་བརྟེན་ནས་མིའི་ངལ་རྩོལ་ཇེ་ཉུང་དང་འཕྲུལ་རིགས་ཀྱི་ཞབས་ཞུའི་རིགས་ཇེ་མང་དུ་འགྲོ་མུས་ཡིན་པ་མངོན་གསལ་ཆགས་ཡོང་གི་ཡོད་ལ།  ད་ལྟ་འཛམ་གླིང་ཤར་ནུབ་ཀྱི་སློབ་གསོའི་སྡེ་ཁག་ཕལ་ཆེ་བས་མིས་བཟོས་རིག་ནུས་ཀྱིས་སློབ་མར་ཞིབ་འཇུག་དང་འབྲེལ་བའི་རྒྱུ་ཆ་འཚོལ་སྡུད་དང་སློབ་ཁྲིད་ལག་བསྟར་བྱེད་ཕྱོགས་སོགས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་འབྱུང་གི་ཡོད་ཀྱང་། སློབ་གྲྭའི་ཁོར་ཡུག་ནང་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱ་རྒྱུར་ཐེ་ཚོམ་སྐྱེ་ཡི་ཡོད་པ་དང་། ད་ལྟ་མིས་བཟོས་རིག་ནུས་སམ་བཅོས་མའི་རིག་རྩལ་གྱིས་ཚོང་ལས་ཁོ་ན་ཙམ་མ་ཡིན་པར་འཕྲུལ་རིགས་དང་། ཁྲིམས་དང་སློབ་གསོ་སོགས་འཛམ་གླིང་གི་རིག་ཚན་ཀུན་ལ་འགྱུར་བ་དང་ཤུགས་རྐྱེན་སྤྲོད་བཞིན་ཡོད་ལ། ཕྱི་ཟླ་ ༡༢ ཚེས་ ༢༩ བར་འཛམ་གླིང་གི་རྒྱལ་སྤྱིའི་འཕྲུལ་རིག་གི་ཁྲོམ་རའི་ནང་བཅོས་མའི་རིག་རྩལ་གྱིས་ཨ་སྒོར་ཐེར་འབུམ་ ༡༥༠།༢ ལྷག་གི་ཁྲོམ་ར་བཟུང་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ལོར་བཅོས་མའི་རིག་རྩལ་གྱི་ཁྲོམ་རའི་རིན་བབ་བརྒྱ་ཆ་ ༣༦།༨ འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། བོད་པའི་སྤྱི་ཚོགས་ལ་ཆ་མཚོན་ནའང་། ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་འཇུག་ཁང་གིས་སྨོན་ལམ་མིས་བཟོས་རིག་ནུས་མངོན་འགྱུར་བྱུང་བའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད། གང་ལྟར་མིས་བཟོས་རིག་ནུས་ཚན་རྩལ་དར་སྤེལ་བྱུང་དང་འབྱུང་བཞིན་པ་འདིས་འགྲོ་བ་མིའི་སྤྱི་ཚོགས་ལ་ཚད་ཐིག་མི་དཔོག་པའི་འགྱུར་ལྡོག་ཅིག་བསྐྲུན་རྒྱུ་ཡིན་པ་ནི་གདོན་མི་ཟ་བའོ། །

ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་གཟེངས་རྟགས་རིགས་ལྔ་དེ་མི་བཅུ་ལ་སྤྲད།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༣ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མཚན་གཞུང་སྤྱི་བསྒྲགས་གནང་ཞིང་། ཊོ་ནེ་ཤི་ཡའི་དངོས་ཁམས་རིག་པའི་སློབ་དཔོན་(Pierre Agostini) ལགས་དང་ཧ་གྷི་རེ་ཡའི་དངོས་ཁམས་རིག་པ་བ་(Ferenc Krausz) ལགས། ཧྥ་རན་སིའི་དངོས་ཁམས་སློབ་དཔོན (Anne L’Huillier) བཅས་ཀྱིས་རྡུལ་ཕྲན་རང་སྐྱ་འཕེལ་བ་དང་གཞན་རྟེན་རྡུལ་ཕྲན་བར་ཕྲ་མོའི་གློག་ལམ་མཐུད་ཐུབ་པའི་ལམ་གསར་བཏོད་བྱས་པར་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། ཨ་རིའི་རྫས་འགྱུར་རིག་པ་བ་ (Moungi Bawendi) ལགས་དང་(Louis Brus) ལགས། ཨུ་རུ་སུའི་རྫས་འགྱུར་རིག་པ་བ་(Aleksey Yekimov)བཅས་ཀྱིས། རྫས་འགྱུར་ལ་བརྟེན་ནས་རགས་པའི་རྡུལ་ཕྲན་བཟོ་སྐྲུན་དང་ཆ་རྐྱེན་ཁག་གསར་བཏོད་བྱས་པར་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ། ཧང་གྷི་རེ་ཡ་དང་ཨ་རིའི་སྐྱེ་དངོས་རྫས་སྦྱོར་བ་(Katalin Karikó)ལགས་དང་། ཨ་རིའི་སྨན་པ་དང་ནད་རིགས་སྔོན་འགོག་རིག་པ་བ་ (Drew Weissman) ལགས་གཉིས་ནས་ཏོག་དབྱིབས་གཉན་རིམས་ཆེད་དུ་འགོག་ཁབ་གསར་གཏོད་གནང་བར་ཆེ་བསྟོད་དུ་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ། དེ་བཞིན་ནོ་ཝེའི་རྩོམ་པ་པོ་ (Jon Fosse) ལགས་ཀྱིས། ཟློས་གར་དང་ཚིག་ལྷུག་གི་ལམ་ནས་བརྗོད་པར་དཀའ་བའི་གནད་དོན་དཀྲོལ་བར་བརྟེན་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དང་།  ཨི་རན་གྱི་བུད་མེད་ཐོབ་ཐང་རྩོད་ལེན་པ་ (Narges Mohammadi) ལགས་ཀྱིས་རང་དབང་དང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱས་པའི་བརྒྱུད་རིམ་ཁྲོད་བློས་གཏོང་ཤུགས་ཆེན་བྱས་སྟབས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཅས་སྔ་གཞུག་ཏུ་ཐོབ་ཡོད།

དུས་རབས་ཉེར་གཅིག་པར་བྱུང་བའི་རང་བྱུང་གོད་ཆག་ཆེ་ཤོས་ཤིག

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༢ ཚེས་ ༦ ཉིན་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཊར་ཁེ་ (Turkey)དང་སི་རེ་ཡའི་ (Syria) ས་མཚམས་སུ་ཚད་རིམ་ ༧ དང་གྲངས་ཆུང་ ༨ ཅན་གྱི་ས་ཡོམ་ཞིག་བརྒྱབ་སྟེ། མི་གྲངས་ ༦༧༠༠༠ ལྷག་རྐྱེན་འདས་སུ་བཏང་ཞིང་། མི་གྲངས་ས་ཡ་ ༢༣།༧༣  ལྷག་གི་འཚོ་བར་གནོད་སྐྱོན་བཟོས། ས་ཡོམ་དེ་ནི་ཕྱི་ལོ་ ༡༩༣༩ རྗེས་ནས་ཊར་ཁེ་ནང་དང་ཕྱི་ལོ་ ༡༨༢༢ རྗེས་ནས་སི་རེ་ཡའི་ནང་བྱུང་བའི་ས་ཡོམ་ཆེ་ཤོས་དང་དུས་རབས་ཉེར་གཅིག་པར་འཛམ་གླིང་ཁྱོན་ཡོངས་སུ་བྱུང་བའི་རང་བྱུང་གོད་ཆག་ཆེ་ཤོས་ལྔའི་གྲས་ཤིག་ཆགས་ཡོད། སྤྱིར་ཕྱི་ལོ་ ༢༠༢༣ ལོར་འཛམ་གླིང་ཁྱོན་ཡོངས་སུ་ཚད་རིམ་མི་འདྲ་བའི་རང་བྱུང་གོད་ཆག་ ༡༣༦༩༠ བྱུང་ཡོད་ཅིང་། མི་རྒྱུ་གཉིས་ཀྱི་ཆ་ནས་སི་རེ་ཡ་དང་ཊར་ཁེར་གཉིས་ལ་གྱོང་གུད་ཕོག་པ་ལྟ་བུ་གཅིག་ཀྱང་བྱུང་མེད་པ་དང་། དུས་རབས་འདིའི་ནང་གནོད་སྐྱོན་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་ས་ཡོམ་ནི། ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་རྒྱ་མཚོའི་ཁུལ་དུ་ཚད་རིམ་ ༩ དང་གྲངས་ཆུང་གཅིག་ཅན་ཞིག་བརྒྱབ་པ་དེ་ཡིན་ཞིང་། གོད་ཆག་དེའི་ཁྲོད་རྒྱ་གར་དང་སིངྒ་ལ། ཐའེ་ལན་ཌི། ཨི་ཌོ་ནེ་ཞི་ཡ། ཤི་རི་ལན་ག་སོགས་ཀྱི་མི་གྲངས་ ༢༢༧༨༩༨ རྐྱེན་འདས་སུ་ཕྱིན། སའི་གོ་ལ་ཆགས་པ་ནས་ད་སྔ་བར་ཚན་རིག་གིས་འཕྲུལ་ལམ་ཐོག་ནས་ངོས་འཛིན་བྱེད་བཞིན་པའི་འཛམ་གླིང་གི་ས་ཡོམ་ཆེས་ཆེ་ཤོས་ནི། ཕྱི་ལོ་ ༡༩༦༠ ལོར་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཆི་ལིའི་ (Chile) མཚོ་རྒྱུད་དུ་ཚད་རིམ་ ༩ དང་གྲངས་ཆུང་ལྔ་ཅན་ཞིག་བརྒྱབ་པ་དེ་ཡིན་ཞིང་། སྐབས་དེར་མི་གྲངས་ ༤༩༠ འདས་གྲོངས་དང་རྨས་སྐྱོན་ཕོག་པ་ ༥༧༠༠ ཙམ་དང་། མི་གྲངས་ས་ཡ་ ༢ ཙམ་གནས་སྡོད་ངེས་མེད་ཅན་དུ་གྱུར་ཡོད། ཚན་རིག་པས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དབང་གིས་མི་རིགས་ཀྱིས་རང་བྱུང་གོད་ཆག་མང་དག་ཅིག་ལ་གདོང་ལེན་བྱ་དགོས་པ་ནི་གཡོལ་ཐབས་བྲལ་བ་ཞིག་ཡིན་པའི་ཐ་ཚིག་བསྒྲགས་འདུག

གཏན་དུ་ནུབ་པའི་ཊའེ་ཊན་ནེ་ཁུ་མཚོ་འོག་ལྗོངས་རྒྱུ། 

ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༨ ཉིན་ (North Atlantic) རྒྱ་མཚོའི་གཏིང་འོག་གི་ཚད་ཧྥེ་ཊི་ ༡༢༠༠༠ སར་ཡོད་པའི་ཊའེ་ཊན་ནེག་ (Titanic) གི་ལྷག་འཕྲོར་ལྟ་སྐོར་དུ་ཕྱིན་པའི་མཚོ་འོག་ལྟ་སྐོར་ཚོང་ལས་ཁང་དེའི་སྤྱི་གཉེར་བ་ (Stockton Rush) ལགས་དང་། ཊའེ་ཊན་ནེག་ཆེད་མཁས་པ་དང་ཧྥ་རན་སིའི་མཚོ་འོག་འཚོལ་ཞིབ་པ་ (Paul-Henri Nargeolet) ལགས། དབྱིན་ཇིའི་ཚོང་པ་ (Hamish Harding) ལགས།  དབྱིན་ཇི་དང་པ་ཀི་སི་ཐན་གྱི་ཚོང་པ་ (Shahzada Dawood) ལགས་དང་ཁོའི་བུ་   (Suleman) བཅས་མི་ལྔ་མྱུར་ཚད་ཆེ་བའི་གྲུ་གཟིངས་ཤིག་དང་ལྷན་གཏན་དུ་བོར་བརླག་ཏུ་ཕྱིན་ཞིང་། མཚོ་འོག་ལྟ་སྐོར་ཚོང་ལས་ཁང་(OceanGate) གིས་ཉིན་བཞི་བསྟུད་མར་ཆེད་མཁས་མི་སྣ་སོགས་མངག་གཏོང་བྱས་ཏེ་འཚོལ་ཞིབ་བྱས་ཡོད་ཀྱང་། གྲུ་གཟིངས་དེ་དང་དེའི་ནང་མི་ལྔ་བོ་རྙེད་སོན་བྱུང་མེད་པ་དང་། ཨ་རིའི་མཚོ་ཁུལ་ལྟ་སྲུང་ཁང་གིས་གྲུ་གཟིངས་དེར་བརྡབ་སྐྱོན་བྱུང་བའི་སྡོམ་ཚིག་བཀོད་ཅིང་། དོན་རྐྱེན་དེ་ནི་འཛམ་གླིང་མི་མང་གི་དོ་སྣང་བྱེད་ཡུལ་གྱི་ཊའེ་ཊན་ནེག་གོད་ཆག་གསར་པ་ཞིག་ཆགས། ཊའེ་ཊན་ནེག་གི་གཏམ་རྒྱུད་དེ་ནི་འཛམ་གླིང་དམག་ཆེན་དང་པོ་མ་ཤོར་གོང་གི་ལོ་སྟེ། ཕྱི་ལོ་ ༡༩༡༢ ལོར་འཛམ་གླིང་གི་རྒྱས་སྤྲོ་དང་རྒྱུ་སྤུས་ལེགས་ཤོས་སམ་ཆེ་ཤོས་ཡིན་པའི་དབྱིན་ཇིའི་གྲུ་གཟིངས་ཊའེ་ཊན་ནེག་(Titanic) དབྱིན་ཡུལ་ནས་ཨ་རིའི་བར་འགྲིམས་འགྲུལ་ཐོག་མར་བྱེད་སྐབས། འགྲུལ་བཞུད་ཀྱི་ལམ་བར་ནས་དར་འཁྱག་ཅིག་དང་གདོང་ཐུག་ཤོར་ཏེ། ཊའེ་ཊན་ནེག་ནང་ཡོད་པའི་ནུབ་ཕྱོགས་པའི་སྟོབས་འབྱོར་མངའ་ཐང་ལྡན་པའི་མི་གྲངས་ ༢༢༢༤ ལས། མི་གྲངས་ ༡༥༠༠ ལྷག་གྲུ་གཟིངས་དང་ལྷན་གཏན་དུ་འཇིག་རྟེན་ལ་བདེ་མོ་འཇོག་དགོས་བྱུང་ཡོད་ལ། ཊའེ་ཊན་ནེག་རྒྱ་མཚོའི་ནང་འཐིམས་པའི་སྐྱོ་གར་དེ་ནི་དེང་རབས་ལོ་རྒྱུས་ཁྲོད་ཆེས་འཇིགས་སུ་རུང་བ་དང་ཡ་ང་བའི་གྲུ་གཟིངས་བརྡིབ་སྐྱོན་གྱི་གོད་ཆག་ཅིག་ཆགས་ཏེ། ད་ལྟ་མཚོ་འོག་ཏུ་ལུས་པའི་གྲུ་གཟིངས་དེའི་ཆག་རོར་མི་རྣམས་ལྟ་སྐོར་དུ་འགྲོ་བའི་ལམ་སྲོལ་དེ་ཆགས་པ་རེད།

ཡོ་ཁུ་རེན་དང་ཨུ་རུ་སུའི་དམག་འཁྲུག་ལོ་ངོ་གཉིས་འཁོར་ལ་ཉེ།

ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༠ ཉིན་ཨུ་རུ་སུས་ཡོ་ཁུ་རེན་ལ་དྲག་པོའི་བཙན་འཛུལ་བྱེད་མགོ་བརྩམས་ཏེ། ཡུལ་གཉིས་བར་དམག་འཁྲུག་བྱུང་ནས་ཟླ་བ་ ༢༢ འགྲོ་བཞིན་ཡོད། ད་ལྟ་ཨུ་རུ་སུས་ཡོ་ཁུ་རེན་གྱི་ཤར་ཕྱོགས་གྲོང་ཁྱེར་(Kupiansk) དང་བྱང་ཕྱོགས་གྲོང་ཁྱེར་ (Bakhmut)། ལྷོ་ནུབ་གྲོང་ཁྱེར་ (Avdiivka) སོགས་སུ་བཙན་འཛུལ་བྱས་དང་བྱེད་མུས་ཡིན་པ་རེད། དེ་རིང་ཕྱི་ཚེས་ ༢༩ བར་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གྲངས་ཐོ་ལྟར་ན། ད་སྔ་བར་ཡོ་ཨུ་གཉིས་ཀྱི་དམག་འཁྲུག་ཁྲོད། དམག་མི་ཁོ་ནའི་མི་གྲངས་ ༥༠༠༠༠༠ རྐྱེན་འདས་སུ་ཕྱིན་ཞིང་། དེའི་ནང་དུ་ཨུ་རུ་སུའི་དམག་མི་ཁྱོན་ ༡༢༠༠༠༠ ཚུད་ཡོད་པ་དང་། ཨུ་དམག་ ༡༧༠༠༠༠ ལྷག་ལ་རྨས་སྐྱོན་ཕོག དེ་བཞིན་ཡོ་ཁུ་རེན་གྱི་དམག་མི་ ༧༠༠༠༠ རྐྱེན་འདས་སུ་བཏང་ཞིང་། དམག་མི་ ༡༠༠༠༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཐོ་ལྟར་ན། ཡོ་ཨུ་གཉིས་ཀྱི་དམག་འཁྲུག་ཁྲོད། སྤྱི་དམངས་ ༡༠༠༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་མི་ ༡༨༥༠༠ ལྷག་ལ་རྨས་སྐྱོན་ཕོག་པའི་ཁྲོད་བྱིས་པ་ ༡༡༨༠ ཡོད་འདུག སྤྱིར་འདས་ལོར་ཨུ་རུ་སུས་ཡོ་ཁུ་རེན་གྱི་ཤར་བརྒྱུད་ཕལ་ཆེར་བ་དབང་འོག་ཏུ་བསྡུས་ཏེ་རྒྱལ་ས་ཀིབ་(Kyiv)ཀྱི་མཐའ་མཚམས་བར་བཙན་འཛུལ་བྱས་ཡོད་ཀྱང་། ཨ་རི་གཅིག་པོས་ཨ་སྒོར་ཐེར་འབུམ་ ༧༥ ལྷག་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ནུབ་ཆིངས་སྒྲིག་འཛུགས (NATO) སོགས་འཛམ་གླིང་རྒྱལ་ཁབ་ ༤༧ ལྷག་གིས་ཨ་སྒོར་ཐེར་འབུམ་ ༨༠ ལྷག་གི་མི་འགྲོ་དང་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་ད་སྔ་བར་བྱུང་མྱོང་མེད་པ་བྱས་སྟབས། བར་སྐབས་ནས་འཛམ་གླིང་གི་དམག་ཤུགས་ཆེས་ཆེ་བའི་ཨུ་རུ་སུའི་དམག་ལ་ཕམ་ཁ་མི་ཉུང་བ་ཞིག་སྤྲད་པའི་གནས་ཚུལ་རིམ་པར་ཐོན་ཞིང་།  ཡོ་ཨུ་གཉིས་ཀྱི་དམག་འཁྲུག་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འཛམ་གླིང་གི་དམག་འཁྲུག་ཆེས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱིན་འདུག

རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་སྡུག་ཤོས་རྒྱ་ནག་རེད།

ཕྱི་ལོ་  ༢༠༢༣ ཟླ་ ༤ ཚེས་ ༦ ཉིན་ཨ་རིའི་རང་དབང་ཁང་པས་(Freedom House) འཛམ་གླིང་རྒྱལ་ཁབ་ ༢༠ ལྷག་གིས་རྒྱལ་མཚམས་ལས་བརྒལ་ནས་མི་མང་ལ་དྲག་གནོན་བྱེད་ཀྱིན་ཡོད་པའི་ཤོག་གྲངས་ ༤༨ ཅན་གྱི་སྙན་ཐོ་ཞིག་བཏོན་པའི་ཁྲོད། རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་ཆེས་ཤུགས་ཆེན་བྱེད་མཁན་སྡུག་ཤོས་རྣམས་ནི། རྒྱ་ནག་དང་ཊར་ཁེ ཊ་ཇི་ཀི་སི་ཐན་ (Tajikistan) ཨུ་རུ་སུ། ཨི་ཇིབ་ (Egypt) བཅས་ཡིན་པ་ཐེར་འདོན་བྱས་ཡོད་ཅིང་། དེའི་ཁྲོད་རྒྱ་ནག་ནི་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་སུ་ངོས་འཛིན་བྱས་འདུག དེ་བཞིན་ཨ་རིའི་རང་དབང་ཁང་ (Freedom house ) པས། ཕྱི་ལོ་ ༢༠༢༣  ལོའི་འཛམ་གླིང་གི་རང་དབང་ (Freedom in the world 2023) ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་།  འདས་པའི་ལོ་གཅིག་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་ས་སྐྱོང་ས་ཁུལ་ ༢༡༠ ཡི་སྤྱི་དམངས་རང་དབང་དང་།  ཆབ་སྲིད་ཁེ་དབང་གི་གནས་སྟངས་སོགས་ཀྱི་ཐད་ཉམས་ཞིབ་བྱས་ཏེ། རང་དབང་ལྡན་པའི་རྒྱལ་ཁབ་དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ། རང་དབང་མི་ལྡན་པའི་རྒྱལ་ཁབ་བཅས་རིམ་པ་གསུམ་དུ་དབྱེ་བ་ཕྱེ་ཡོད་པའི་ཁྲོད། རང་དབང་གི་གནས་སྟངས་སྐྱོ་ཤོས་ཀྱི་རྒྱལ་ཁབ་ཁོངས་སུ་བོད་ཚུད་ཡོད་པ་རེད།

རྒྱ་གར་འཛམ་གླིང་གི་མི་འབོར་མང་ཤོས་དེ་ཆགས།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༩ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་མི་འབོར་གྲངས་ཚད་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་ལ་མི་གྲངས་ཐེར་འབུམ་ ༡ (༡,༤༢༨,༦)ལྷག་དང་། རྒྱ་ནག་ལ་མི་གྲངས་ཐེར་འབུམ་ ༡ (༡,༤༢༥,༧)ལྷག  ཨ་རིར་མི་གྲངས་དུང་ཕྱུར་ ༣,༤༠ བཅས་རྒྱ་གར་དེ་འཛམ་གླིང་གི་ཆེས་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་གྱུར་ཡོད་པ་མ་ཟད།  འཛམ་གླིང་སྤྱི་ཡོངས་ཀྱི་མི་འབོར་ཐེར་འབུམ་ ༨(༨,༠༤༥ )ལྷག་ཟིན་ཡོད་འདུག་ཅིང་།  ཕྱི་ལོ ༢༠༥༠ ལོར་ཐེར་འབུམ ༩,༧ དང་ ༢༠༨༠ ལོར་ཐེར་འབུམ ༡༠,༤ ལ་ཟིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 1

  1. རྣོ། says:
    ལོ་ 1 སྔོན།

    པ་ལི་སི་ཐན་ཨེ་སུ་རལ་གཉིས་དམག་འཁྲུག་རེད་དམ། ཧ་མ་སུ་དང་ཨེ་སུ་རལ་གྱི་དམག་འཁྲུག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese