དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ཞབས་རཱ་མ་ཕཱོ་ས་(Cyril Ramaphosa) ལགས་སླར་ཡང་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འཕྲིན་སྩལ་གནང་མཛད།
༧མགོན་པོ་གང་ཉིད་མཆོག་གིས། ལྷོ་ཨ་ཧྥི་རི་ཁའི་ནང་མི་རིག་དབྱེ་འབྱེད་མཚམས་འཇོག་བྱས་པ་ནས་དམངས་གཙོའི་ལམ་ལུགས་བརྟན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ཨ་ཧྥི་རི་ཁའི་ནང་སྐད་དང་ཆོས་ལུགས། རིག་གཞུང་སོགས་མི་རིགས་འདྲ་མིན་ལྷན་གཅིག་ཏུ་ཞི་བདེ་མཉམ་གནས་ཐུབ་ཀྱི་ཡོད་པ་དེས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མིག་དཔེ་གལ་ཆེན་སྟོན་གྱི་ཡོད། ངོས་ནས་ཁྱེད་ཀྱི་དབུ་ཁྲིད་འོག ཨ་ཧྥི་རི་ཁའི་རྒྱལ་ཁབ་དར་རྒྱས་བྱུང་ཞིང་དམིགས་བསལ་གྱིས་མཐུན་རྐྱེན་ཞན་པའི་རིགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་པར་རེ་བ་བྱེད་ཀྱིན་ཡོད། ཅེས་གསུངས།
མཇུག་ཏུ། ༧གོང་ས་མཆོག་གིས་སྐུ་ཞབས་རཱ་མ་ཕཱོ་ས་ལགས་ནས་་མ་འོངས་གདོང་ལེན་གནང་དགོས་ཀྱི་རིགས་དང་གོ་སྐབས་སོགས་དམ་འཛིན་གྱིས་ལྷོ་ཨ་ཧྥི་རི་ཁའི་མི་མང་གི་མངོན་འདོད་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་མཛད་འདུག
ཉེ་ལམ་སྐུ་ཞབས་རཱ་མ་ཕཱོ་ས་ལགས་བསྐྱར་དུ་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཛམ་གླིང་གི་དབུ་ཁྲིད་མང་པོས་འཚམས་འདྲི་འདུག་པ་དང་། དེ་དག་གི་ཁྲོད་ཨ་རིའི་སྲིད་འཛིན་བྷའེ་ཌན་དང་རྒྱ་གར་སྲིད་བློན་མུ་དྷི། ཞི་ཅིན་ཕིན་དང་པོའུ་ཊུ་སོགས་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ད་ལྟ་དགུང་ལོ་ ༧༡ ཡིན་པའི་སྐུ་ཞབས་རཱ་མ་ཕཱོ་ས་ལགས་སུ་འོས་བསྡུའི་ཁྲོད་གྲོས་ཚོགས་ཀྱི་སྲིད་སྟེགས་ ༢༨༣ ཐོབ་སྟེ་རྒྱལ་ཁ་ཐོབ་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།