ཁེ་ན་ཌས་རྒྱ་ནག་གིས་བཟོས་པའི་གློག་རྡུལ་རླངས་འཁོར་ནང་འདྲེན་བྱས་པ་རྣམས་ལ་ཁྲལ་བརྒྱ་ཆ་ ༡༠༠ རྒྱག་རྒྱུའི་གསལ་བསྒྲགས་སྤེལ་འདུག
ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་གློག་རྡུལ་རླངས་འཁོར་ལ་ཁྲལ་རྒྱག་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་པ་ལྟར། དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཁེ་ན་ཌའི་གཞུང་གིས་ཀྱང་རྒྱ་ནག་གི་གློག་རྡུལ་རླངས་འཁོར་ཐོག་ཁྲལ་བརྒྱ་ཆ་ ༡༠༠ དང་། རྒྱ་ནག་ནས་ནང་འདྲེན་བྱས་པའི་ལྕགས་དང་ཞ་ཉེ་ལ་ཁྲལ་བརྒྱ་ཆ་ ༢༥ རྒྱག་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་འདུག
དེ་འབྲེལ་ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ཊིར་ཌུའུ་ (Justin Trudeau) ལགས་ཀྱིས། རྒྱ་ནག་གིས་སྲིད་གཞུང་གི་བཀོད་འདོམས་འོག་དམིགས་ཡུལ་ལྡན་པའི་ཐོག་ནས་ཁྲོམ་རའི་ཚད་ཐིག་ལས་བརྒལ་བའི་ཐོན་སྐྱེད་བཟོ་བཞིན་ཡོད་པ་ཁེ་ན་ཌས་མགོ་འཚོས་ཡོད་སྟབས། ཁེ་ན་ཌས་རྒྱ་ནག་གི་སྲིད་ཇུས་དེ་དག་ལ་ཁ་གཏད་གཅོག་བཞིན་ཡོད་པ་དང་། རྒྱ་ནག་གིས་སྒྲིག་གཞི་ཚད་ལྡན་ལག་བསྟར་བྱེད་ཀྱི་མེད་པ་ང་ཚོས་ཤེས་གསལ་རེད། ཅེས་བརྗོད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་རྒྱ་ནག་གི་གློག་རྡུལ་རླངས་འཁོར་ལ་དཔྱ་ཁྲལ་བརྒྱ་ཆ་ ༡༠༠ རྒྱག་རྒྱུའི་ཁྲིམས་དེ་ལག་བསྟར་བྱེད་མགོ་འཛུགས་རྒྱུ་ཡིན་འདུག
ད་དུང་ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ལགས་ཀྱིས། ཁེ་ན་ཌའི་གཞུང་གིས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས། འཛམ་གླིང་གི་ཚོང་ཤག་རྣམས་རྒྱ་ནག་ལྟ་བུ་ཁྲོམ་རའི་ལམ་ལུགས་ལག་བསྟར་མི་བྱེད་མཁན་གྱི་གཡོ་འོག་ཏུ་མི་ཚུད་པར་ཐབས་ཤེས་འཐེན་ངེས་ཡིན་སྐོར་སོགས་བརྗོད་འདུག
གནད་དོན་དེའི་ཐད་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་རུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས། ཐབས་ལམ་དེ་ནི་ཆབ་སྲིད་དབང་སྒྱུར་གྱི་བྱེད་ཕྱོགས་ཤིག་ཡིན་པ་དང་། ཁེ་ན་ཌས་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་སྣང་མེད་གཏོང་གི་ཡོད་སྐོར་དང་། ཁེ་ན་ཌའི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་གྱི་དཔལ་འབྱོར་དང་མཉམ་ལས་ཚོང་འབྲེལ་ལ་གནོད་སྐྱོན་ཐེབས་རྒྱུ་ཡིན་པ་དང་། ཁེ་ན་ཌའི་འཛད་སྤྱོད་པ་དང་ཁེ་ལས་རྣམས་ལ་གནོད་སྐྱོན་ཐེབས་རྒྱུ་ཡིན་སྐོར། ཁེ་ན་ཌས་ཚོང་འབྲེལ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བཞིན་པའི་ནོར་འཁྲུལ་ཡོ་བསྲང་དང་། དངོས་ཡོད་གནས་ལུགས་དང་རྒྱལ་སྤྱིའི་ཚོང་འབྲེལ་གྱི་སྒྲིག་གཞི་ལ་བརྩི་འཇོག་བྱེད་དགོས་སྐོར་སོགས་བརྗོད་འདུག
འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༠ ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་གློག་རྡུལ་རླངས་འཁོར་ཐོག་ཁྲལ་བརྒྱ་ཆ་ ༣༦།༣ རྒྱག་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས། ཡུ་རོབ་མཐུན་ཚོགས་ཀྱི་ཐག་གཅོད་དེར་དགག་པ་བརྒྱབ་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་ཐག་གཅོད་དེས་རྒྱ་ནག་གི་བཟོ་ཚོང་ཁང་ལ་དཀའ་ངལ་ཆེན་པོ་བཟོས་ཏེ་ཚོང་འབྲེལ་ལ་དོ་ཕོག་བྱུང་ཡོད་པ། ཡུ་རོབ་མཐུན་ཚོགས་ཀྱི་གློག་རྡུལ་རླངས་འཁོར་བཟོ་གྲྭ་ལའང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ཚུལ་སོགས་ཀྱིས་ལན་འདེབས་བྱས་ཡོད་འདུག
ཡང་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས། ཨ་རིའི་ཁྲོམ་རའི་ནང་རྒྱ་ནག་གི་རིན་གོང་ཆུང་བའི་ཅ་དངོས་བཀག་སྡོམ་སླད། རྒྱ་ནག་གི་གློག་རྡུལ་རླངས་འཁོར་ཐོག་ཁྲལ་བརྒྱ་ཆ ༡༠༠ དང་། གློག་རྫས་ལ་ཁྲལ་བརྒྱ་ཆ་ ༢༥། གློག་རྫས་བརྒྱུད་ཁྲིད་བྱེད་པའི་(semi-conductor) ཐོག་ཁྲལ་བརྒྱ་ཆ་ ༥༠། ལྕགས་དང་ཧ་ཡང་ལ་ཁྲལ་བརྒྱ་ཆ་ ༢༥ རྒྱག་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད། སྐབས་དེར་རྒྱ་ནག་གཞུང་གིས། ཨ་རིས་དྲང་བདེན་གྱི་ཚོང་འབྲེལ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།