ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་རུ་ ༢༠༢༤ ལོའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འཚོག་བཞིན་འདུག
ཁ་སང་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་རུ་ཕྱི་ལོ་ ༢༠༢༤ ལོའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཐེངས་གཉིས་པ་འཚོག་བཞིན་ཡོད་འདུག་ལ། ད་ལན་གྱི་འདུ་འཛོམས་ནང་སློབ་ཕྲུག་རྣམས་ཀྱིས་བོད་སྐད་དང་དབྱིན་སྐད་ཀྱི་བགྲོ་གླེང་དང་། བོད་སྐད་གཏམ་བརྗོད། བོད་དབྱིན་གྱི་སྙན་ཚིག་གྱེར་འདོན། གཞས་སྣ་འཁྲབ་སྟོན་བཅས་གནང་གིན་འདུག
དེ་རིང་འདི་གའི་གསར་འགོད་པས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་པ་སངས་ཚེ་རིང་ལགས་སུ་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འཚོགས་པའི་དགོས་དམིགས་གཙོ་བོ་གང་ཡིན་སྐོར་དྲིས་པར། ཁོང་གིས། འདུ་འཛོམས་འདི་ནི་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་ཡོང་ཆེད་དུ་དམིགས་པ་ཞིག་རེད། དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་པའི་ཤེས་ཡོན་སྲིད་ཇུས་གཙོས་རྒྱ་གར་རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་ཇུས་ཀྱི་ལམ་སྟོན་གཞིར་བཟུང་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འཚོག་མུས་ཡིན་པ་མ་ཟད། སློབ་ཕྲུག་རྣམས་ཀྱིས་གོ་སྐབས་འདི་བརྒྱུད་སློབ་གྲྭ་ཁག་གི་བྱེད་སྒོ་རྣམ་གཞག་མཁྱེན་རྟོགས་དང་ལེགས་ཆ་བླངས་ཏེ་སོ་སོའི་ས་གནས་སུ་ལག་བསྟར་གནང་རྒྱུ། སློབ་ཕྲུག་ནང་ཁུལ་གྱི་འབྲེལ་ལམ་ཡར་རྒྱས་གཏོང་བ། དེ་བཞིན་མ་འོངས་པར་སློབ་ཕྲུག་རྣམས་ཀྱིས་འདུ་འཛོམས་འདི་ལྟ་བུའི་སློབ་གྲྭའི་བྱེད་སྒོ་ཁག་ཏུ་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་བྱུང་།
དེ་རིང་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་རུ་བོད་སློབ་ཁག་བརྒྱད་ཀྱི་སློབ་ཕྲུག་གིས་བོད་སྐད་གཏམ་བརྗོད་འཁྲབ་པ་དང་ཉིན་རྒྱབ་ཏུ་བོད་ཡིག་དང་དབྱིན་ཡིག་ཐོག་ནས་སྙན་ངག་གྱེར་འདོན་བྱས་སོང་། ཁ་སང་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཁེ་ན་ཌའི་ཨི་ལི་ནའི་རོགས་ཚོགས་ཀྱི་འབྲེལ་མཐུད་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས། སྦིར་ས་གནས་མགོ་འཛིན། དྷ་སའི་ཉེ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ལྔ་དང་སཾ་བྷོ་ཊའི་སློབ་གྲྭ་གསུམ་གྱི་ངེས་སྟོན་པ་དང་སློབ་སྤྱི། དེ་བཞིན་དགེ་རྒན། སློབ་མ་སོགས་ཁྱོན་མི་གྲངས་ ༦༠༠ ལྷག་ཚང་འཛོམས་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།