མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་དུང་དུང་གི་སྐད་ཆ་ཐོག་མ། 

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

མགོ་ལོག་ལྕགས་མོ།

བཙན་བྱོལ་བ་ཞིག་གི་ཕྱི་ཡུལ་གྱི་འཚོ་བ་འགོ་བཙུགས་ས་དྷ་སའི་ཕྱི་ཟླ་བཅུ་གཉིས་པའི་ལོ་མཇུག་ནི་ཕ་ཡུལ་གྱི་ནམ་ཟླ་ལྟ་བུའི་ལུས་ཀྱིས་མི་བཟོད་པའི་གྲང་ངར་ཆེན་པོ་མེད་ནའང་། ད་སྐབས་ཧི་མ་ལ་ཡི་རི་རྒྱུད་དྷ་སར་དགུན་དུས་སླེབས་ཡོད་སྟབས་ཕྱི་ནང་ཚང་མ་གྲང་ཤུར་ཤུར་ཞིག་རེད།  ཕྱི་ལོ་ ༢༠༠༦ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ངས་ཕ་ཡུལ་གོས་དཀར་གྱི་གོང་བ་འདྲ་བོ་ཤུལ་དུ་བཞག ཕུ་ནུ་ཁྲབ་དཀར་གྱི་རྒྱུན་ཐག་འདྲ་བོ་རྒྱབ་ཏུ་བསྐྱུར་ནས་མི་ཡུལ་གྱི་ལུང་པར་འཁྱམས་འགོ་བཙུགས་པ་ཡིན། ད་སྐབས་ཕྱིར་འདང་ཞིག་བརྒྱབ་ན་ལོ་ཟླ་ནི་ཆུ་བོ་བཞིན་ཟད་ཐལ། ཀྱག་ཀྱོག་གི་མི་ཚེའི་ལམ་ཕྲན་མང་པོ་དགའ་སྐྱོའི་འཚོ་བས་བསྐྱལ་ནས་རང་མགོ་ཐོན་ཙམ་བྱུང་ཡོད།

སྔོན་ཆད་ལྷུག་རྩོམ་དང་། སྙན་ངག བརྩམས་སྒྲུང་སོགས་བྲི་རྒྱུ་ཅུང་ཙམ་གོམས་འདྲིས་སུ་སོང་ཡོད་པ་མ་ཟད། བོད་ཕྱི་ནང་གི་དུས་དེབ་རེ་ཟུང་ཐོག་འགྲེམ་སྤེལ་ཡང་མི་ཉུང་བ་བྱས།  སྐབས་དེར་རྩོམ་ཡིག་བྲི་རྒྱུ་ནི་རང་གི་གྲོགས་རྙིང་ཞིག་ལ་སྐད་ཆ་བཤད་པ་དང་འདྲ་ལ་གང་དྲན་པ་དེ་ཡི་གེར་ཕབ་རྗེས་རང་སེམས་སུ་བདེ་ལྷོད་ལྷོད་ཅིག་གི་སྣང་བ་སྟེར། ཚོར་བ་བསོར་མོ་དེ་ནི་ཀ་ཁའི་རྩེད་རྡོ་དང་འགྲོགས་པའི་གཤིས་མཐུན་རྩེད་རོགས་ཤིག་དང་འདྲ་ལ་རྩོམ་ཡིག་ཡག་མིན་དང་ཀློག་མཁན་ཡོད་མེད་ང་ལ་ཇུས་གཏོགས་མེད།

རྗེས་སུ་ཁ་ཕོར་བའི་ཆེད་དུ་ལས་ཀ་ལ་ཞུགས་རྗེས་མཐའ་འཁྱོལ་ལ་མི་འཁྱོལ་བའི་ཞིབ་འཇུག་དང་། ཡིག་སྒྱུར་གྱི་བྱ་བར་ཤི་འཐམ་རོ་འཐབ་བྱས།  གྲོད་ཁོག་བརྒྱགས་ཙམ་བྱུང་དུས་རྩོམ་ཡིག་བྲི་རྒྱུ་རྦད་དེ་གཡུགས་ནས་ཁ་པར་རྩེད་རྒྱུ་དང་། སྐོར་ལོག་བཤད་ནས་ཉིན་མ་བསྐྱལ། མཚམས་རེར་ཚོར་བས་ཟིན་པའི་རྩོམ་ཡིག་རེ་འབྲི་འདོད་ཀྱི་འདུན་པ་ཡར་ངོས་ཟླ་བ་བཞིན་སེམས་ཀྱི་ཕུག་ནས་ཤར་ཙམ་བྱས་ཀྱང་། གང་ནས་འགོ་བཙུགས་དགོས་མི་ཤེས་པར་མུན་དུང་དུ་ལྷུང་ནས་ལས་བྲེལ་ལ་ཁ་གཡར་ནས་རང་མགོ་རང་གིས་གཡོགས།

དེ་རིང་ཕྱི་རོལ་དུ་རླུང་བུ་གཡུག་བཞིན་འདུག ཕྱི་ནང་གཉིས་ཀ་གྲང་ཤུར་ཤུར་ཡིན་པའི་སྐབས་སུ་རང་སེམས་ཀྱི་ཚོར་འདུ་ཐན་ཐུན་ཞིག་ཡིག་རྙོག་ལ་མ་འཛེམ་པར་ཤར་མར་འབྲི་འདོད་བྱུང་། ང་དང་ངའི་ཆུང་མ་གཉིས་ལ་མཚོན་ན་དེ་རིང་ནི་ཕ་མ་ཟེར་བའི་འགན་འཁྲི་དེ་ཕྲག་ཏུ་ལྷུང་བའི་ཉིན་མོ་དང་། གཅེས་ཕྲུག་ཟེར་བའི་ཞེ་འདང་གི་མེ་ཏོག་ཆུང་ཆུང་པང་དུ་བླངས་བའི་ཉིན་མོ་ཡིན།  གཅེས་ཕྲུག་སྲོག་འདྲ་བོ་ཞིག་ངེད་བཟའ་མི་གཉིས་ཀྱི་ལས་སྐལ་དུ་ཐོབ་པ་དགའ་བ་བརྗོད་ཀྱིས་མི་ལང་བ་ཡོད་ནའང་། གཞི་རྟེན་གྱི་གནས་མལ་མེད་སའི་མི་ཡུལ་ལུང་པ་ཞིག་ནས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་གིས་དཀའ་སྡུག་ག་ཚོད་ཅིག་ལ་གདོང་གཏོད་དགོས་བསམ་ན། ཡ་ཆུང་ཁོག་ཏུ་རང་བཞིན་གྱིས་དངངས་སྐྲག་ཅིག་སླེབས་ཡོང་། འཚོ་བའི་དཀའ་སྡུག་ཁྲོད་ཀྱི་དངངས་སྐྲག་དེ་ངེད་ཕ་མ་གཉིས་གཅིག་པོའི་མགོ་ཐོག་ཏུ་ལྷུང་བ་ཙམ་མིན་པར་ཕྱི་ཡུལ་ནས་རང་གི་ཤ་ཁྲག་ལས་མཆེད་པའི་གཅེས་ཕྲུག་གསོ་སྐྱོང་བྱེད་མཁན་གྱི་ཕ་མ་ཚང་མའི་སེམས་ཁུར་གྱི་གཞི་མ་ཡིན། འཇིག་རྟེན་འདི་ནི་འཚོ་བ་སྣ་ཚོགས་དང་། མཛེས་སྡུག་སྣ་ཚོགས། བཞུད་ལམ་སྣ་ཚོགས་ཀྱིས་ཁེངས་བའི་མི་ཚེའི་གཞི་རྟེན་བྱེད་ས་ཡིན་ནའང་། རང་གིས་ཁྱིམ་པ་བ་ཞིག་གི་འཚོ་བ་དང་དུ་བླངས་ཉིན་ནས་ཆ་རྐྱེན་ཚད་ལྡན་ཡོད་མེད་ལ་མ་ལྟོས་པར་རང་ལ་འཚམ་པའི་ཁྱིམ་ཐབ་ཅིག་གི་ལས་འགན་ཁུར་ནས་བུ་རྒྱུད་གསོ་སྐྱོང་བྱ་རྒྱུ་ནི་འཇིག་རྟེན་མཐུན་འཇུག་གི་འཚོ་བའི་གཞི་རྩ་ཡིན་པས་ངེད་ཕ་མ་གཉིས་ཀྱིས་ཀྱང་དགའ་མགུ་ཡི་རངས་ཀྱི་འཚོ་བ་བདེ་འཚམ་ངང་སྐྱེལ་བཞིན་ཡོད།

ལུང་པ་ཤོར་སོང་བའི་མི་ཞིག་ལ་མཚོན་ན་ཕྱིར་རང་གི་ལུང་པ་ལ་ལོག་རྒྱུ་ནི་མི་ཚེའི་ཕུགས་འདུན་ཡིན་པ་བཤད་མི་དགོས་ལ། ལུང་པ་དགྲ་ལག་ཏུ་ཤོར་རྗེས་མི་ཡུལ་ལུང་པ་ནས་རྒས་སོང་བའི་མི་ཞིག་ལ་མཚོན་ན་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་རང་ཡུལ་དུ་ལོག་ཐུབ་རྒྱུ་ནི་རེ་བ་ཉག་ཅིག་ཡིན།  ང་ཚོའི་ཕ་ཡུལ་ནི་མཐོ་སྒང་གི་དབུ་ཐོད་དུ་བརྒྱན་པའི་ཐོར་ལྕོག་སྟེ་དགུང་སྔོན་དང་ཆེས་ཁ་ཐག་ཉེ་སར་ཡོད། སེམས་ཀྱི་ཟབ་ས་ན་འཁྱིལ་བའི་ལྗང་ལྡེམ་ལྡེམ་གྱི་མཚོ་མོ་སྟེ་བརྩེ་བ་དང་སྤྲོ་སྐྱིད་ཀྱི་ཉ་སྲམ་འཁོར་ཡོད།  དགུན་གསུམ་གྲང་ངར་གྱི་བུ་ཡུག་ཁྲོད་དུ་པགས་རྩག་གྱོན་ནས་དཔུང་རྗེན་དུ་འགྲོ་མཁན། དབྱར་དུས་དྲག་ཆར་གྱི་བརླན་གཤེར་ཁྲོད་དུ་བོད་ལྭ་གྱོན་ནས་མགོ་རྗེན་དུ་འགྲོ་མཁན། ཤ་རྩ་སྨུག་ལ་སེམས་རྩ་དཀར་བ། དཔའ་སྙིང་ལྡན་ལ་ངང་རྒྱུད་དྲང་བ། རི་ཚོགས་དང་སྨུག་ལོང་གི་ཁྲོད་ནས་གོམ་ཁ་མ་ལྷོད་པར། ལོ་ངོ་སྟོང་ཕྲག་གི་རལ་པ་ཐོར་ལྕོག་ཏུ་དཀྲིས་ཏེ། འབྲོང་ཁྱུ་ཤར་གཤར་གྱི་རྫ་ལམ་ན། རྫི་གླུ་སིང་སིང་གི་སྣང་བ་གསོ་མཁན་དག་ནི་ཕ་ཡུལ་གྱི་སྤུན་ཟླ་ཡིན།

ཁྱེད་རང་སྐྱེས་པའི་ཉིན་མོ་དེར་ཨ་ཕས་ཁྱེད་རང་ལ་རྟེན་འབྲེལ་ཞུ་བ་དང་མཉམ་དུ་དབྱིན་ཡིག་གི་ཐོག་ནས་སྐད་ཆ་ཉུང་ཉུང་ཞིག་དྲྭ་ལམ་དུ་སྤེལ་བ་ཡིན། འདིར་བོད་ཡིག་ཐོག་བསྒྱུར་བཞག་ཡོད། “མཇུག་མ་སྒྲིལ་བའི་སྐྱབས་བཅོལ་གྱི་འཚོ་བ་འདི་ཁྱེད་ཀྱི་ཕ་མ་གཉིས་ཀྱི་བདམས་ཀ་ཡིན། བལྟས་ཡོང་ན་ཕ་མ་གཉིས་ཀྱི་མི་ཚེ་བཙན་བྱོལ་ནས་མཇུག་སྒྲིལ་འགྲོ་བ་འདྲ། ཡིན་ནའང་ཁྱེད་རང་རང་ཉིད་ལ་ཐོབ་པའི་རང་དབང་ཡོད་ཚད་དང་། ཕ་མ་གཉིས་ཀྱི་རྣམ་ཤེས་མཉམ་དུ་ཕྱིར་གངས་ཅན་ལྗོངས་སུ་ལོག་ཐུབ་པ་ངེད་ཕ་མ་གཉིས་ཀྱི་ཆེས་ཐོག་མ་དང་ཆེས་མཐའ་མའི་རེ་བ་ཡང་དེ་ཡིན།”

དགའ་སྐྱོ་འདྲེས་མའི་སེམས་གཏམ་ཐུང་ཐུང་འདི་ནི་ཚེ་ཐོག་འདིར་ཨ་ཕ་ཟེར་བའི་མིང་བྱང་འདི་གུས་པས་དང་དུ་བླངས་རྗེས་ཆེས་ཐོག་མའི་སྐད་ཆའི་ཚིག་འབྲུ་དག་ཡིན། གཅེས་ཕྲུག མི་རིགས་ཤིག་གི་འཐབ་རྩོད་ནི་མི་རབས་གཅིག་གི་འགན་འཁྲི་ཙམ་མིན་པར་དེ་ནི་ཆུ་བོ་བཞིན་རྒྱུན་རིང་དགོས་ལ། རི་རབ་བཞིན་རྩ་བ་བརྟན་དགོས་པ་བཤད་མི་དགོས། བདེན་པ་ནི་ནགས་ལ་ལྷུང་བའི་མེ་ལྕེ་འདྲ་བས་རིམ་གྱིས་ཡོད་ཚད་ཟིན་དེ་གྱེན་དུ་མཆེད་ངེས།

གཅེས་ཕྲུག དེ་རིང་ནས་བཟུང་ཕྱི་ཟླ་ ༡༢ ཚེས་ ༨ བོད་ཟླ་བཅུ་བའི་ཚེས་བརྒྱད་ཀྱི་ཆུ་ཚོད་ ༡༡:༤༩ ནི་ཁྱེད་རང་གི་སྐྱེས་སྐར་ཡིན་པ་ནོར་འཁྲུལ་སྤུ་ཙམ་མེད། ཁྱེད་ཀྱི་ཨ་ཕ་ནི་ས་མགོ་ལོག་གནམ་མགོ་ལོག་གི་འབྲོག་ཁྱིམ་ཞིག་ནས་སྐྱེས་པ་ཡིན།  སྐབས་དེར་སྨན་ཁང་གི་མཐུན་རྐྱེན་མེད་སྟབས་སྦྲ་ནང་ནས་སྐྱེས་པ་ཡིན། དེང་སང་སྐྱེས་སྟངས་དེ་འདྲ་ཡིན་ཚུལ་བཤད་ན་མི་ཚོས་ཡིད་ཆེས་བྱེད་ཀྱིན་མི་འདུག དེ་ནི་མི་སྲིད་པ་ཞིག་ཡིན་རབས་བཤད། གང་ལྟར་སྐབས་དེར་འབྲོག་ཕྱོགས་ཀྱི་བྱིས་པ་ཡོད་ཚད་དེ་ལྟར་སྐྱེས་པ་ཡིན། ང་ཚོའི་སྐྱེས་ལོ་མ་གཏོགས་སྐྱེས་ཚེས་གསལ་ཁ་མེད། བདག་གི་ཨ་མས་གསུངས་བ་ལྟར་ན་གཙང་པོར་འགྲམ་དར་ཆགས་སྐབས་ཤིག་ཡིན་ཟེར། ཕལ་ཆེར་ལོ་དེའི་དགུན་འགོ་ཞིག་ཡིན་རྒྱུ་རེད།

མགོ་ལོག་འབུམ་པ་ཁག་གསུམ་ནི་དབང་ཆེན་འབུམ་དང༌། ཨ་སྐྱོང་འབུམ། པདྨ་འབུམ་གསུམ་ཡིན། སྤྱིར་མགོ་ལོག་འབུམ་པ་ཁག་གསུམ་འདི་ནི་བོད་ཆོལ་ཁ་གསུམ་ལས་མདོ་སྨད་རྟའི་ཆོལ་ཁའི་ཁོངས་སུ་གཏོགས་པ་དང་། ཆུ་བཞི་སྒང་དྲུག་ལས། རྨ་ཀླུང་གསེར་ལྡན་ཕྱུག་མོ་དང༌། རྨ་རྫ་ཟལ་མོ་སྒང༌། མདོ་ཆེན་རོལ་ཁམས་བཅོ་བརྒྱད་ལས། རྨ་རོལ། སྨྲ་རོལ། རྡོ་རོལ། ཟླ་རོལ་སོགས་སུ་གཏོགས། ཨ་ཆེན་གངས་ལ་རིང་མོ་དང་། བ་ཡན་ཧ་རི། གཡུ་རི་གངས་ཆེན་རྩེ་རྒྱལ་སོགས་ཀྱིས་མཐའ་ནས་བསྐོར་ཞིང༌། ས་བཅུ་ཐོབ་པའི་རྨ་རྒྱལ་སྦོམ་ར་དང༌། དེ་མིན་གཉན་པོ་གཡུ་རྩེ། རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་སོགས་རི་བོས་ཡོངས་སུ་བསྐོར་བའི་དབུས་ན་བརྗིད་པའི་ཡུལ་གྲུ་མཐོང་བ་ཀུན་སྨོན་གྱི་ཞིང་ཁམས་ཤིག་ཡོད་པ་དེ་ནི་ཁྱེད་ཀྱི་ཕ་རྒན་གྱི་ལྟེ་ཁྲག་ས་རུ་འཕོ་ས་ཡིན། ཡུལ་དེའི་མི་རྣམས་ཀྱིས་འབྲོང་རུ་ཐུར་ཅན་གྱི་སྒོ་ཟོག་བྱས་ཡོད། རྟ་འདོ་བས་མི་ཚེའི་དཔུང་རོགས་བྱས་ཡོད། ཁྲ་རིང་མེ་མདས་སྲོག་གི་ཁེབས་མ་བྱས་ཡོད།

ཁྱེད་ཀྱི་ཨ་མ་ནི་ཧོར་སེར་ད་ར་ཁག་ལྔའི་ཁོངས་གཏོགས་ཧོར་རོང་པ་ཚ་ཟེར་བའི་འབྲོག་རོང་འདྲིས་མ། གསར་རྙིང་འདྲིས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ལོ་ཏོག་འདེབས་པའི་དུས་ཚོད་ཅིག་ལ་སྐྱེས་ཡོད་ཀྱང་སྐྱེས་ལོ་གསལ་ཁ་མེད། ང་ཚོ་སྐྱེས་སའི་བོད་ཁུལ་ནས་བྱིས་པའི་སྐྱེས་སྐར་རོལ་བ་དེ་འདྲ་མཐོང་མྱོང་མེད་ནའང་། བྱིས་པ་ཆུང་ཆུང་ལོ་གསུམ་ལོན་སྐབས་ མནོལ་ སྐྲ་ ལེན་ པ་ ཟེར་ བ་ ནི་ བོད་ ལུགས་ ཀྱི་ བྱིས་ པའི་ སྐྲ་ སྟོན་ ཞིག་ རེད།  བྱིས་ པ་ ལ་ ཨ་ མའི་ མངལ་ གྲིབ་ གང་ ཡོད་ བསང་ བར་ བྱེད་ པ་ དང་ ། བྱིས་ པས་ གོམ་ པ་ སྤོ་ཙམ་ དང་ ། ཅུང་ སྨྲ་ ཤེས་ ནས་ མི་ གྲལ་ ལ་ སོན་ པར་ དགའ་ བའི་ སྟོན་ མོ་ ཞིག་ཡིན།   ལོ་ གསར་ ཚེས་ གཅིག་ གམ་ གསུམ་ དང་ ། ལྔ་ གང་ རུང་ གི་ ཞོགས་ པའི་ ཉི་ ཤར་ གྱི་ ཐོག་ མ་ རྟེན་ འབྲེལ་ གྱི་ དང་ པོར་ བརྩིས་ ཏེ་ སྐྲ་ བཞར་གྱི་ རེད།

ཁྱེད་ཀྱི་ཕ་མ་གཉིས་ཀྱི་སྐྱེས་ཡུལ་གྱི་འཚོ་བ་དང་། ཡུལ་སྐད། ཆས་གོས་སོགས་ཀྱི་ཐད་ནས་མི་འདྲ་ས་མང་པོ་ཡོད་ནའང་ཤ་དང་རུས་པ་གཅིག་གི་རྒྱུན་ཐག་གཅིག་ནས་མཆེད་པའི་མི་རིགས་ཤིག་གི་རྒྱུན་འཛིན་ཡིན་སྟབས་ཧ་ཅང་མི་མཐུན་ས་ཆེན་པོ་མེད། དད་སྡེ་དགོན་སྡེ་ཁྲ་གྱི་ལེ། འདུ་དབང་གསེར་ཏོག་སེར་ལྷང་ངེ་། ཆོས་དུང་སྒྲ་དབྱངས་སྙན་ལྷང་ངེ་ཡོད་པའི་དགོན་སྡེ་ལ་དད་པ་བྱེད་མཁན་ཡིན་པ་གཅིག་འདྲ་ཡིན། ལྷག་པར་དུ་ཕ་མ་གཉིས་ཀྱི་ཕ་ཡུལ་དུ་གླིང་སྒྲུང་གི་རིག་གནས་དར་ཁྱབ་ཧ་ཅང་ཆེ། གནའ་མིའི་བཤད་སྲོལ་ལྟར་ན་གེ་སར་གྱི་ཆིབས་རྟ་རྐྱང་རྒོད་འཕེར་བ་ཡང་གནས་དེ་ནས་བྱུང་བ་ཡིན་ཞིང་། རྟ་རྐྱང་རྒོད་འཕེར་བའི་ཞབས་རྗེས། འབྲུག་མོའི་ཐབ་ཀ་སོགས་ཆེས་མང་ཞིང་། དེ་དག་ལ་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡོད། མགོ་ལོག་ཡུལ་གྱི་མི་སྡེ་དག་གིས་ཀྱང་གླིང་སྒྲུང་ལ་མཐོང་ཆེན་གནང་བར་མ་ཟད། སྒྲུང་ཕལ་ཆེར་བློ་ལ་བཤད་ཐུབ་མཁན་མང་། ཁྱད་པར་དུ་མང་ཚོགས་ཀྱིས་སྒྲུང་ལ་ཆེས་དགའ་བོ་གནང་བ་དང་། སྒྲུང་ཉན་བཤད་ཀྱི་བསྟན་པ་རྒྱ་ཆེ་དར་ཡོད། ཁྱེད་ཀྱི་ཨ་ཕ་ཡང་ཆུང་ཆུང་སྐབས་སུ་ཕ་མའི་རྩིབ་ནས་གླིང་སྒྲུང་ལ་ཉན་པའི་གོ་སྐབས་མང་པོ་ཐོབ་ཡོད་པས། གླིང་སྒྲུང་ནང་གི་མཛེས་དཔྱོད་ཀྱི་ལྟ་བ་དེས་རང་གི་མི་ཚེའི་ལྟ་སྟངས་ཁྲོད་བག་ཆགས་ཟབ་མོ་བཞག་ཡོད།

གཅེས་ཕྲུག ང་ཚོ་འཚོ་སྡོད་བྱེད་སའི་གནས་འདི་ཁྱེད་ལ་ནམ་ཡང་མི་དབང་ལ་ཁྱེད་ཉིད་ཀྱང་ས་འདི་དང་ཡུལ་འདིའི་བདག་པོ་མིན། འོན་ཀྱང་གནས་འདི་ན་ཁྱེད་ལ་ཕོ་ལྟོ་བ་ལྟོག་ན་ཟས་སློང་སའི་ཕ་མ་ཞིག་དང་། ལས་སྐྱིད་སྡུག་སྐབས་སུ་རྒྱབ་གཏད་སའི་སྤུན་ཟླ་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཚེ་འདི་ཕྱི་གཉིས་ཀྱི་མགོན། སྐྱབས་བླ་མ་གསེར་ནག་གི་རི་བོ་འདྲ་ཞིག་དང་། ཚེ་རིང་ཐུང་གི་ལམ་རྒྱགས་བཅུད་ཅན། རིག་གཞུང་གཡུ་ཡི་མཎྜལ་འདྲ་ཞིག་གིས་ཁྱེད་ཀྱི་མི་ཚེའི་འཚར་ལོངས་ཀྱི་རྒྱབ་རྟེན་བྱས་ཡོད།  ཨ་ཕས་ཁ་ཚོད་ཆོད་པའི་ཐོག་ནས་བཤད་ཐུབ་ཞིག་ནི་ཁྱེད་རང་སྐྱེས་ནས་འཆི་རག་བར་དུ་༧གོང་ས་མཆོག་ལྟ་བུའི་སྐྱེས་བུ་དམ་པ་ཞིག་གི་ཞབས་པད་ལ་བཏུད་ནས་མི་ཚེའི་མདུན་ལམ་འཚོལ་བའི་གོ་སྐབས་རག་པ་དང་། གསེར་འོད་ལམ་ལམ་འཕྲོ་བའི་རང་གི་རིག་གཞུང་གིས་ཁྱེད་ཀྱི་ཤེས་རབ་དང་། རྣམ་དཔྱོད་རྒྱས་པར་རོགས་འདེགས་བྱས་པ་ལ་ཁྱེད་རང་བློ་འགྱོད་རྩ་བ་ནས་སྐྱེ་མི་སྲིད། ཉིན་ཞིག་ཁྱེད་རང་ནར་སོན་ནས་མི་རིགས་གཞན་དང་་དཔུང་བ་མཉམ་གཤིབ་བྱེད་སྐབས། ཁྱེད་རང་གིས་ཁྱེད་རང་གཞན་དང་མི་འདྲ་བའི་སེམས་རྒྱུད་གཙང་མ་ཞིག སྣང་བ་སྐྱིད་པོ་ཞིག བསམ་ཤེས་ཡོད་མཁན་ཞིག་མཐོང་སྲིད། དེ་ནི་བླ་མ་ཐུགས་རྗེ་ཅན་དང་། རིག་གཞུང་བཀའ་དྲིན་ཅན་འདིའི་བྱིན་རླབས་ཞུགས་པ་ཡིན།

ཁྱེད་རང་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་ནའང་ཕ་མ་ཞིག་གི་ངོས་ཐད་ནས་བཤད་ན་ཨ་སྒོར་དུང་ཕྱུར་ཅན་གྱི་ཕྱུག་བདག་ཅིག་གི་གཅེས་ཕྲུག་དང་ཁྱད་པར་སྤུ་ཙམ་མེད། ཕ་མ་སུ་ཡིན་ནའང་རང་གི་བུ་ཕྲུག་རྩིས་ཆེན་དང་། རྩ་ཆེན་དུ་བརྩི་བ་བཤད་མི་དགོས། ཡིན་ནའང་དངོས་པོའི་གནས་ལུགས་ཐོག་ནས་སྐད་ཆ་བཤད་ན་ཕྱུག་བདག་གི་བུ་ཕྱུག་པོ་ཆགས་པའི་ངེས་པ་མེད་ལ། དབུལ་པོའི་བུ་ཕྱུག་བདག་ལ་མི་ཆགས་པའི་ངེས་པ་ཡང་མེད། བོད་མིའི་ཁ་དཔེར་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲི་སྟོང་པ་ཡིན་ཟེར་བ་ལྟར་དཀའ་སྤྱད་དང་། ཧུར་བརྩོན་གྱི་ལོ་ཟླའི་ཁྲོད་དུ་རྒྱལ་ཁའི་གསང་བ་སྦས་ཡོད།  མི་ཚེའི་ཁ་ཕྱོགས་དང་འབྲེལ་བའི་གནད་དོན་འདིའི་རིགས་རྗེས་ཕྱོགས་ཨ་ཕས་ཁྱོད་ལ་ལྷོད་ལྷོད་ངང་ཁ་བརྡ་བྱ་ཆོག

ངེད་ཕ་མ་གཉིས་ཀྱི་ངོས་ནས་བཤད་ན་ངེད་གཉིས་རྒས་འཁོགས་ཆགས་རྗེས། ཁྱེད་ཀྱིས་ལྟ་སྐྱོང་བྱ་དགོས་པའི་ཕྱིར་དུ་ཁྱེད་རང་གསོ་སྐྱོང་བྱས་པ་རྩ་བ་ནས་མིན། མི་སུ་ཡིན་ནའང་རང་གི་མི་ཚེའི་ནང་གི་བཀའ་དྲིན་ཅན་གྱི་མི་བུ་མི་བརྗེད་པ་དང་། རྗེས་སུ་དྲན་པ་ནི་ཀུན་སྤྱོད་ཀྱི་གཞི་རྩ་ཡིན་ནའང་། དཔྱ་ཁྲལ་འཇལ་དགོས་པ་ལྟ་བུའི་ཀུན་སློང་ནི་བརྩེ་འདང་གི་འཚོོ་བ་རོལ་སྟངས་ཤིག་མིན་ལ། དེ་ནི་ཉོ་ཚོང་རྒྱག་སྟངས་ཡིན། ང་དེ་འདྲའི་རིགས་ལ་མི་དགའ་བ་མ་ཟད་རང་གིས་ཀྱང་བྱ་འདོད་མེད། ཁྱེད་རང་གཉོར་སྐྱོང་ལེགས་པོ་བྱས་རྗེས་འདྲ་མཉམ་ཐོག་མི་གྲལ་དུ་གཏང་རྒྱུ་ངེད་ཕ་མ་གཉིས་ཀྱི་འོས་འགན་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་གི་མཇུག་ཏུ་སྐད་ཆ་ཧ་ཅང་གི་བློ་ལ་བབས་པ་འདི་འདྲ་ཞིག་ཡོད། འཇིག་རྟེན་འདིར་སྐྱེས་པའི་མི་སུ་ཡིན་ནའང་རང་གི་ཕྲག་ཏུ་བབས་པའི་ལས་འགན་རེ་ཡོད། ལས་འགན་དེ་ངེས་པར་དུ་བསྒྲུབ་ཐུབ་དགོས་ཞེས་གསུངས་བ་ལྟར། ཁྱེད་རང་གསོ་སྐྱོང་བྱ་རྒྱུ་ཡང་རང་གི་ཕྲག་ཏུ་བབས་པའི་ལས་འགན་ཡིན་པས་ངེས་པར་དུ་བསྒྲུབ་དགོས་པ་ཞིག་ཀྱང་ཡིན།

ཁྱེད་རང་འཇིག་རྟེན་འདིར་སྐྱེས་ཉིན་ནས་རང་གི་བསོད་ནམས་ཀྱིས་བསགས་པའི་ཚོགས་དང་། ལས་ལ་བསྐོས་པའི་རི་མོ། དགའ་སྐྱོ་ཆགས་སྡང་གི་ཚོར་བ། ཕྲག་ཏུ་བབས་པའི་འགན་འཁྲི། ངོ་མཚར་དང་། མཛེས་སྡུག རྨི་ལམ་སྣ་ཚོགས་ཀྱིས་བྱུགས་ཡོད་པས་ཤེས་རབ་དང་། བློ་གྲོས་ལྡན་པའི་ཐོག་ནས་ལོངས་སུ་སྤྱད་དགོས་པ་ལས་ཕ་མ་ལ་དྲིན་ལན་འཇལ་དགོས་བསམ་པའི་ཁུར་བོ་འདིས་མི་ཚེ་སྡུག་ལ་སྦྱར་མི་ཉན།  ཡིད་ལ་འཛིན་དགོས་པ་ཞིག་ལ་ཁྱེད་རང་གི་མི་ཚེའི་ཕུགས་འདུན་འགྲུབ་སོང་ན་ངེད་ཕ་མ་གཉིས་ཀྱི་མི་ཚེའི་ཕུགས་འདུན་ཡང་འགྲུབ་སོང་བ་ཡིན།

ཁྱེད་རང་ཁྱིམ་དུ་འབྱོར་རྗེས་ངེད་ཕ་མ་གཉིས་ཀྱི་ཕ་ཡུལ་གཅིག་པ་དང་། གྲོགས་པོ། ལས་གྲོགས་སོགས་མང་པོས་ལེགས་སྐྱེས་ཁུར་ནས་ཁྱེད་རང་ལ་འཚམས་རྟགས་ཞུ་བར་འབྱོར་སོང་། ཁོ་ཚོའི་ངག་གི་སྨོན་འདུན་དང་གདོང་གི་འཛུམ་མདངས་མཐོང་ན་ངེད་ཕ་མ་གཉིས་ཀྱི་སེམས་སུ་བརྗོད་ཐབས་བྲལ་བའི་སྤྲོ་སེམས་ཀྱི་མཆི་མས་བཀང་ཡོད།  ནང་ཕུ་ནུའི་ལག་རྡང་མེད་ས། དྲིན་ཕ་མའི་ལྟ་སྐྱོང་མེད་སའི་མི་ཡུལ་ས་མཐའ་ཞིག་ནས་ཁོ་ཚོ་ལྟ་བུའི་ཞེ་སེམས་མཐུན་སའི་གྲོགས་པོ་ཁྱུ་གཅིག་ཡོད་པས་འཚོ་བ་ལ་སུན་སྣང་དང་། ཁེར་རྐྱང་གི་མིག་ཆུ་ཤོར་མྱོང་མེད།  དེ་རིང་གཅེས་ཕྲུག་ཁྱེད་སྐྱེས་ནས་ཟླ་གཅིག་ཏག་ཏག་ལོན་ཡོད། སྟབས་འདི་དང་བསྟུན་ཏེ་ཡུལ་གྱར་གྱི་གྲོགས་པོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. འཇམ་དཔལ། says:
    ལོ་ 1 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  2. འཇམ་དཔལ། says:
    ལོ་ 1 སྔོན།

    རྟེན་འབྲེལ་ཞུ། ཁྱེད་ཀྱི་གཅེས་ཕྲུག་ཚེ་རིང་ལོ་བརྒྱ་བསམ་དོན་འགྲུབ། ཁྱེད་ལྟ་བུའི་ཨ་ཕ་ཞིག་ཡོད་ན་སེམས་དྲོ་གི །དངོས་གནས་ཡག་པོ་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese