༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་དང་འགྲོགས་པའི་བོད་ཀྱི་ཆག་འཇིག་གི་གནས་བབ་མཚོན་པའི་ཕྱག་དེབ་ཅིག་མི་འགྱངས་བར་སྤྱི་ཚོགས་སུ་དགྲམ་རྒྱུ་ཡིན་འདུག
འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་ཨ་རིའི་མི་ལིམ་མོར་རོ་(William Morrow) དཔེ་སྐྲུན་ཁང་དང་དབྱིན་ཡུལ་གྱི་ཧར་པར་དངོས་སྒྲུང་དཔེ་སྐྲུན་ཁང་( HarperNonFiction) གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཛད་པའི་སྨྲ་བརྗོད་བྲལ་བ་རྣམས་ཀྱི་འབོད་སྒྲ་ (Voice for the Voiceless)། མི་ལོ་བདུན་ཅུ་ལྷག་རིང་ངོས་ཀྱི་ཡུལ་དང་མི་དམངས་ཀྱི་ཆེད་རྒྱ་ནག་དང་འཐབ་རྩོད་ཅེས་པའི་ཕྱག་དེབ་དེ་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞིང་། དཔེ་དེབ་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་། འཇར་མན། ཨི་ཊ་ལི། ཧོ་ལེན་དང་། ཁེ་ན་ཊ་སོགས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག
ནེའུ་ཡོག་དུས་བབ་ཀྱི་གནས་ཚུལ་ལྟར་ན། དཔེ་དེབ་འདིའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ཕྲ་བའི་དུས་ཏེ། ཆབ་སྲིད་ཀྱི་རྙོག་འཛིང་ཆེས་ཆེ་བའི་དུས་སྐབས་སུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཆ་ཚང་བཞེས་ནས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱེད་སྐབས། རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་མགོ་ཁྲིད་མཱའོ་དང་རྒྱ་ནག་གི་མགོ་ཁྲིད་དག་དང་ཞི་མོལ་གནང་བའི་བརྒྱུད་རིམ། དེ་བཞིན་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས། རྒྱ་ནག་གཞུང་གི་མགོ་ཁྲིད་ལྷན་རེ་འབྲས་བྲལ་བའི་གྲོས་མོལ་བྱུང་མཚམས། བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་སླད། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐད་ལ་ཤར་སྐྱོད་གནང་ཡོད་པའི་སྐོར་སོགས་གསལ་འདུག
ཡང་ཕྱག་དེབ་དེའི་ཁྲོད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་འགན་དབང་ཡོད་ཚད་མི་མང་རང་བཞིན་གྱི་འོས་བསྡུའི་ལམ་བུར་བསྒྱུར་ནས། མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་སྐོར་དང་། ཕྱི་ལོ་ ༢༠༡༠ ཙམ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་ཆད་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ བར་༧མགོན་པོ་གང་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོ་དང་འབྲེལ་འདྲིས་བྱུང་ཡོད་པའི་སྐོར། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་ཡིག་བཙན་གྱིས་སྦྱོང་སྤྱོད་བྱེད་འཇུག་གིན་ཡོད་པའི་སྐོར་སོགས་གསལ་འདུག
དཔེ་དེབ་དེའི་རྩོམ་སྒྲིག་པ་སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། དཔེ་དེབ་འདི་དཔེ་ཕྲེང་གཅིག་གི་ངོ་བོར་བསྐྲུན་ཡོད། དཔེ་དེབ་དེ་ནི་རྒྱ་ནག་ལ་འབྲེལ་མོལ་བྱ་རྒྱུ་གཅིག་པུ་དང་འབྲེལ་བའི་གནད་དོན་ཞིག་མིན་པར། བཙན་བྱོལ་སྤྱི་ཚོགས་ཀྱི་དཔལ་ཡོན་བསྐྱར་བསྐྲུན་སླད་ཡིན་སྐོར་སོགས་བརྗོད་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།