རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་ཚོགས་ཀྱི་པ་ལི་སི་ཐན་རོགས་སྐྱོར་ཚོགས་པ། དེ་བཞིན། རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་བཅས་ཀྱི་ཚོགས་པ་སྟེ། རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཚོགས་ཁོངས་སོགས་ནས་ཕྱིར་ཐོན་བྱ་རྒྱུ་ཡིན་པའི་ཐག་གཅོད་བླངས་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ཐག་གཅོད་དེར་བློ་འགྱོད་ཆེན་པོ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྒྲགས་གཏམ་ནང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མི་མང་གི་མང་གཙོའི་རང་དབང་གི་ཆེད་དུ་འབད་བརྩོན་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པའི་ཆ་ནས། ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་འགྱོད་ཆེན་པོ་ཡོད། ཨ་རིའི་ཐག་གཅོད་དེས། མཉམ་འབྲེལ་རྒྱལ་ཚོགས་ནང་ཨ་རིའི་མགོ་ཁྲིད་ཀྱི་གོ་གནས་མེད་པར་བཟོས་པ་ཙམ་དུ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་དོན་སྙིང་མགོ་རྟིང་བསློགས་ཏེ་སྒེར་གཅོད་ཀྱི་མངོན་འདོད་སྒྲུབ་མཁན་ཚོར་གོ་སྐབས་སྤྲད་ཡོད་སྐོར་སོགས་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཨ་རི་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱུན་ཆད་མེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་གླེང་སློང་གནང་མཁན་གྱི་རྒྱལ་ཁབ་དག་གི་གྲས་སུ་ཡོད། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་ཁོ་ཚོའི་གཏིང་ཟབ་པའི་ངན་ཇུས་ཁག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་བཀག་འགོག་བྱེད་ཐབས་སུ་འབད་བརྩོན་བྱས་དང་བྱེད་བཞིན་པའི་སྐབས་འདིར། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དག་ནས། འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག
ད་དུང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་འཇིགས་སྐུལ་བྱེད་མུས་ཡིན་ལ། གལ་སྲིད་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་དོན་ཐོག་སྐྱོན་བརྗོད་བྱེད་མཁན་རྣམས་བཀག་འགོག་བྱེད་ཐུབ་ཚེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞིར་སྐྱོན་ཆ་ཆེན་པོ་ཕོག་ངེས་ཡིན་པ་ནན་བརྗོད་བྱས་འདུག
ད་ལྟ་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོ་བྱས་པའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་། པ་རེ་སི་གོ་ལའི་གནམ་གཤིས་གྲོས་ཆོད་སོགས་ནས་ཕྱིར་འཐེན་བྱས་ཡོད་ཅིང་། ཊོམ་ཕུའི་ཨ་རི་དང་པོ་ཞེས་པའི་སྲིད་ཇུས་འོག་ནས་ཨ་རི་རྒྱལ་སྤྱིའི་སྒྲིག་འཛུགས་གལ་ཆེན་ཁག་ནས་ཕྱིར་ཐོན་པ་དེས། འཛམ་གླིང་ནང་ཨ་རིས་མགོ་འཁྲིད་པའི་སྣང་བརྙན་ལ་དོ་ཕོག་དང་འཛམ་གླིང་གི་ཆབ་དཔལ་རིག་གསུམ་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དོན་དངོས་ཡིན། དེ་སྔོན་ཕྱི་ལོ་ ༢༠༡༧ ནས་ ༢༠༢༡ བར་ཊོམ་ཕུའི་སྲིད་འཛིན་ལས་ཁུར་དང་པོའི་སྐབས་སུའང་། ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོ་བྱས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་གལ་ཆེན་ཁག་ནས་ཕྱིར་འཐེན་བྱས་མྱོང་མོད། སྲིད་འཛིན་ཟུར་པ་བྷའེ་ཌན་གྱི་སྐབས་སུ་བསྐྱར་དུ་འཛུལ་ཞུགས་བྱས་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།