མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༡ ལོར་༧གོང་ས་མཆོག་ལ་བསྟར་འབུལ་ཞུས་པའི་བརྟན་བཞུགས་ཁག

བོད་ཀྱི་དུས་བབ།
༢༠༢༥/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༤ ཉིན་སྐུའི་བླ་གཟའ་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་བླ་གྲྭ་སོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༧གོང་ས་མཆོག་ནས། འཛམ་གླིང་གང་སར་གྲོགས་པོའི་འདུ་ཤེས་དང་། མིའི་བརྩེ་བ་བཅས་ཀྱི་ཐོག་ནས་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོད། དེ་དག་ཚང་མར་ཕན་ཐོགས་ཡོང་ཐུབ་པའི་བག་ཆགས་བཟང་པོ་ཞིག་བཞག་ན་ཚེ་རབས་ནས་ཚེ་རབས་སུ་ང་ཚོར་ལས་ཀྱི་འབྲེལ་བ་ཡོད་པ་དང་། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡོད་པའི་མི་ཞིག་ཆགས་ཡོད་པས། དངོས་སུ་ངོས་དང་འབྲེལ་བ་ཡོད་པ་རྣམས་དོན་གྱིས་འཕགས་པ་སྤྱན་རས་གཟིགས་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན། ངོས་དང་འབྲེལ་བ་ཡོད་པ་རྣམས་ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་སྐྱེ་བ་ནས་སྐྱེ་བར་བསྐལ་བ་བཟང་དུ་འགྲོ་བ་ཞིག་དང་། བདེ་སྐྱིད་ལྡན་པ་ཡོང་ཐུབ་པ་ཞིག སྐབས་སུ་བབས་པའམ་གཙོ་ཆེ་ཤོས། བོད་གངས་ཅན་ལྗོངས་ཀྱི་བོད་མི་ཚོ་ཧ་ལས་པའི་དད་པ་དང་། མོས་པ་རྩེ་གཅིག་ཡོད་པ་རེད། དེ་བཞིན་ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ཀྱིས་ངོས་ལ་དགའ་མོས་རྩེ་གཅིག་ཏུ་ཡོད་པས་མི་ཚེ་འདི་ལ་བག་ཆགས་བཟང་པོ་ཞིག་བཞག་ནས་ཚེ་རབས་ནས་ཚེ་རབས་སུ་བག་ཆགས་དེའི་འབྲས་བུ་སྨིན་ཡོང་དུས་རིམ་པར་སངས་རྒྱས་ཀྱི་སར་སླེབས་ཐུབ་པ་ཞིག་ལ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན་ལ། ཁྱོད་ཚོ་ཚང་མས་སྨོན་ལམ་རྒྱག་རོགས། ཞེས་གསུངས།

༧གོང་ས་མཆོག་ལ་སྟོད་པ་སྐྱིད་སྡུག་དང་སྤུ་ཧྲེང་མི་མང་གིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྟོད་པ་གཞིས་བྱེས་དང་སྤུ་ཧྲེང་མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་ནས། བརྟན་བཞུགས་བསམ་པ་རྣམ་དག་དང་། སྦྱོར་དངོས་རྗེས་གཙང་ཧ་ཅང་ཡག་པོ་བྱུང་སོང་། ངོས་རང་ལ་ཆ་བཞག་ན་ལོ་བརྒྱ་ཕྲག་ལ་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། སེམས་ཤུགས་ཀྱང་བསྐྱེད་ཀྱི་ཡོད། གང་ལྟར་འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཏོག་ཙམ་རྒུད་འགྲོ་བའི་དུས་ཚོད་ལ་ངོས་ཀྱིས་བསྟན་པའི་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་པའི་ཕྱི་ནང་གི་རྐྱེན་མང་པོ་ཞིག་འདུག དེ་སྔ་ནང་པའི་ཆོས་དམིགས་བསལ་དར་ཁྱབ་མེད་པའི་ས་ཁུལ་དུའང་། དེང་སང་དོ་སྣང་གསར་པ་ཞིག་སླེབས་ཡོད། ལྷག་པར་དུ་ཚན་རིག་པ་ཆོས་ཁས་མི་ལེན་མཁན་མང་པོ་ཞིག་གིས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཆོས་ཁས་ལེན་མཁན་དང་། ཆོས་ཁས་མི་ལེན་མཁན་ཚང་མས་སེམས་ཀྱི་ཞི་བདེ་རྒྱུད་དེ་འཛམ་གླིང་ཞི་བདེ་ཡོང་བར་དམིགས་བསལ་དོ་སྣང་ཞིག་བྱེད་བཞིན་ཡོད། དེར་དོ་སྣང་བྱེད་པའི་ཚན་རིག་པ་མང་པོ་ཞིག་ངོས་ཀྱི་གྲོགས་པོ་ཆགས་ཡོད། མང་པོ་ཞིག་གིས་དམིགས་བསལ་གྱིས་དོ་སྣང་དང་དགའ་བོའང་བྱེད་ཀྱི་འདུག ཅེས་གསུངས།

༧གོང་ས་མཆོག་ལ་ཚོགས་པ་ཁག་གསུམ་གྱིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། སྐུ་སྲུང་ཟུར་པ། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་ཀྱིས་༧གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས། དེ་རིང་འདིར་ཆོས་གྲོགས་ཚོས་བརྟན་བཞུགས་ཕུལ་བ་རེད། རྨི་ལམ་ལ་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་རྒྱུ་ཧ་ཅང་གསལ་པོ་ཞིག་འདུག དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྒང་དུ་བཞུགས་ཏེ་ཁྱོད་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་རེད་ཅེས་གསུང་གི་འདུག རིགས་པའི་རྒྱུ་མཚན་བཀོད་པ་ཡིན་ན་ད་ལྟ་ང་ཚོ་བོད་པ་དཀའ་ངལ་ཆེན་པོ་ཞིག་གི་སྒང་ལ་བསྡད་ཡོད། བོད་པའི་སྤྱི་མཐུན་གྱི་ལས་དང་སྨོན་ལམ་གྱི་སྟོབས་ལས་ངོས་རང་མདོ་སྨད་ནས་སྐྱེས་ཤིང་། བོད་པ་མང་པོས་དགའ་བོ་བྱེད་ས་ཞིག་དང་། ལུང་རྟོགས་ཀྱི་བསྟན་པ་ལ་ཡིན་ནའང་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཐུབ་མཁན་ཞིག་ཆགས་ཡོད་པས་ལྷ་མོའི་ལུང་བསྟན་དེ་རྒྱུ་མཚན་ལྡན་པ་ལྟ་བུ་འདུག ངོས་རང་འདིར་ལས་དང་སྨོན་ལམ་གྱི་དབང་གིས་སྐྱེས་པ་ཞིག་རེད། དེར་བརྟེན། ལྷ་མོའི་ལུང་བསྟན་ནང་བཞིན་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་རེད། ཁྱོད་ཚོ་ཚང་མ་བློ་བདེ་བར་བཞུགས། ཞེས་གསུངས།

༧གོང་ས་མཆོག་ལ་བྱང་ཨ་རིའི་ནང་པ་ཡོངས་ནས་བརྟན་བཞུགས་ཕུལ།

ཕྱི་ ༢༠༢༤ ཟླ་ ༨ ཚེས་ ༢༢ ཉིན་ཨ་རིའི་ནེའུ་ཡོག་ཡུག་བྷི་ཨེ་སི་ཨ་རེ་ནཱ་རྩེད་རའི(UBS ARENA) ནང་དུ། བྱང་ཨ་རིར་གནས་སྡོད་བོད་མི་སྤྱི་དང་། ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གཙོས་དགེ་ལུགས་པའི་ཆོས་ཚོགས་ཁག སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་བཅས་ཐུན་མོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༧མགོན་པ་གང་ཉིད་མཆོག་ནས། དེ་རིང་འདིར་བོད་ཀྱི་མདོ་སྟོད་སྨད་དབུས་གཙང་སོགས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་མི་སྣ་འཛོམས་ཡོད། འདིར་མི་སྣ་འཛོམས་པ་དེ་རྒྱུ་དངོས་པོའི་ཐོག་ནས་འཛོམས་པ་མ་རེད། ཚང་མས་སེམས་ནང་བོད་རིགས་ཞེས་པའི་བསམ་ཚུལ་གྱི་ཐོག་ནས་ང་ཚོ་ཚང་མ་རྡོག་སྒྲིལ་ནས་ཡོང་གི་ཡོད། ང་ཚོ་བོད་པ་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤེས་ནས་དད་པ་ཐོབ་པའི་གྲོགས་པོ་མང་པོ་ཞིག་འདིར་འདུས་ཡོད། ཚང་མས་བོད་ཀྱི་རིག་གཞུང་འདི་འཛམ་གླིང་སྤྱི་ལ་མཁོ་བའི་རིག་གཞུང་ཞིག་ཆགས་ཡོད། བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་རྗེས་སུ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གསུངས་པ་རེད། གང་ལྟར་སངས་རྒྱས་བཅོམ་ལྡན་མྱ་ངན་ལས་འདས་རྗེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་སྤུས་དག་པོའི་ཐོག་ཆ་ཚང་བདག་པོ་རྒྱག་མཁན་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཚོ་གཙོ་བོ་རེད་འདུག དེང་སྐབས་ང་ཚོས་དངོས་སུ་མཐོང་ཆོས་སུ་ཡོད་པ་དེ་རེད། དངོས་གནས་དྲང་གནས་བོད་གངས་ཅན་ལྗོངས་ཀྱི་སློབ་གཉེར་གཙོ་བོ་ཚིག་གི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་། དོན་དག་ལ་བསམ་བློ་གཏོང་རྒྱུ་ཡོད་པ། སོ་སོ་རང་གི་ཉམས་ལེན་གྱི་ཐོག་ནས་བསམ་བློ་གཏང་ན་བསླབ་པ་གསུམ་གྱི་ཐོག་ལ་ཉམས་ལེན་བྱ་རྒྱུ་ནི་ང་ཚོ་བོད་པར་ལོ་ངོ་སྟོང་ཕྲག་རིང་གོམས་ཏེ་སྤུས་དག་པོ་ཆགས་ཡོད། ཅེས་གསུངས།

༧གོང་ས་མཆོག་ལ་ཡུ་རོབ་ཀྱི་བོད་མི་ཚོས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༥ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་གི་ཧཱ་ལན་སི་ཌེ་ཤོན་(Hallenstadion ) ཚོགས་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་ཏུ་གནས་བཞུགས་བོད་མི་ ༡༥༠༠༠ བརྒལ་བར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་བསྡུས་པའི་བཤད་ལུང་དང་མ་ཎིའི་ལྗགས་ལུང་གི་བཀའ་ཆོས་བསྩལ་བ་དང་སྦྲགས། ཆོས་ཀྱི་སྙིང་པོ་ནི་ཡ་རབས་སྤྱོད་བཟང་རེད། དེ་ནས་ཆོས་ཁས་མ་བླངས་ཀྱང་སོ་སོའི་མི་ཚེ་འདི་ཡ་རབས་སྤྱོད་བཟང་གིས་བསྐྱལ་རྒྱུ་བྱུང་ན་ཆོས་ཀྱི་དགོས་པ་ཚང་ཡོད། ཁ་ནས་ཆོས་མང་པོ་བཤད་ཅིང་། ཆོས་ཕྱོགས་ཀྱི་ཐོག་ནས་གྲུབ་འཐའི་འཐེན་འཁྱེར་བྱེད་བསྡད་ལྟ་བུ་དང་། སེམས་ཞི་ཞིང་དུལ་བ་ཡག་པོ་ཞིག་མེད་ཚེ་དེ་ནི་ཆོས་འབག་ལ་གྱོན་པ་ལྟ་བུ་ཞིག་རེད། ཕན་ཐོགས་གང་ཡང་མེད། ང་ཚོ་བོད་རྣམས་ཧ་ཅང་ཡག་པོ་རེད། ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཚང་མས་ཧུར་ཐག་བྱོས། སངས་རྒྱས་པའི་ཆོས་ནི་ལྟ་གྲུབ་དང་འབྲེལ་ནས་འགྲོ་བཞིན་ཡོད་པས་སློབ་སྦྱོང་གང་ལ་གང་འཚམ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད། སློབ་སྦྱོང་ཡོད་པའི་ཆོས་དད་དང་སློབ་སྦྱོང་མེད་པའི་ཆོས་དད་ལ་ཁྱད་པར་ཡོད་པ་རེད། འགྲེལ་བཤད་སྐྱོན་དུས་ཀྱང་ཟབ་ཁྱད་ཡོད་པ་རེད་ལ། གཙོ་ཆེ་ཤོས་སེམས་རྒྱུད་འདུལ་བར་ཆོས་ཀྱི་གནད་འགག་ཤེས་པའི་ཐོག་ནས་དད་པ་བྱས་པ་ཡིན་ན་ཁྱད་པར་ཆེན་པོ་ཡོད་པ་རེད། མི་རིགས་ཀྱི་ཆ་ནས་བཤད་པ་ཡིན་ནའང་། ཆོས་དད་ཀྱིས་མི་རིགས་ཀྱི་རྣམ་པ་མཚོན་ཐུབ་པ་ཞིག་དང་། ལུང་པའི་གོམས་གཤིས་དང་རིག་གཞུང་ཟེར་ཡང་ནང་པའི་ཆོས་ཀྱིས་སྒྲོམ་གཞི་བྱས་ཡོད། དེར་བརྟེན། ང་ཚོ་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བའི་གོམས་གཤིས་བཟང་པོ་འདིར་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།

༧གོང་ས་མཆོག་ལ་མོན་ཡུལ་དད་ལྡན་མི་མང་གིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མོན་ཡུལ་གྱི་དད་ལྡན་མི་མང་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༧མགོན་པོ་གང་ཉིད་མཆོག་ནས། ང་ཚོ་བོད་ནས་ཁ་བྲལ་ཏེ་བཙན་བྱོལ་བ་ཆགས་པ་རེད། རྒྱ་གར་ནང་འགྲོ་དོན་རྒྱ་ཆེན་པོ་བྱས་ནས་བསྡད་པ་རེད། དེ་རིང་སྐབས་སུ་བབས་པ་མོན་པ་ལྷ་ལྡན་མི་རིགས་ཡོངས་ནས་བཞུགས་སྒར་དུ་ཆེད་དུ་བརྟན་བཞུགས་འབུལ་གྱི་ཡོད། ངོས་རང་བོད་ནས་མོན་ཡུལ་བརྒྱུད་རྒྱ་གར་དུ་ཡོང་དུས། མོན་པ་ཚོས་དངོས་གནས་དྲང་གནས་དད་པ་ཆེན་པོ་བྱས་ཏེ། ངོས་རང་གི་ལྷམ་མགོར་མགོ་ཐུག་པ་སོགས་བྱས་སོང་། ང་ཚོ་བཙན་བྱོལ་དུ་ཐོག་མར་ཡོང་སྐབས་མོན་ལ་འབྱོར་བ་རེད། མོན་པ་ཚོས་དད་འདུན་ཆེན་པོ་བྱས་ཏེ་སེམས་འགུལ་ཐེབས་པ་ཞིག་བྱུང་། དེ་རིང་མོན་པ་ཚོས་བརྟན་བཞུགས་ཕུལ་གྱི་ཡོད་པ་རེད། ཁྱེད་རང་ཚོ་གཞིས་བྱེས་མི་མང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་སྟེ། འཕྲད་ལ་ཉེ་བའི་འདོད་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་སྐྱབས་འཇུག་ཞུ་ཡི་ཡོད། ཅེས་གསུངས།

༧གོང་ས་མཆོག་ལ་ཚོགས་སྐྱིད་ཁག་གསུམ་ནས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག  ཌལ་ཧོར་སློབ་ཟུར་བཅས་ཀྱི་གོ་སྒྲིག་འོག  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༧མགོན་པོ་གང་ཉིད་མཆོག་ནས། ངོས་རང་ལ་ཆ་བཞག་ན་ཚེ་རབས་མང་པོའི་ལས་བསགས་ཏེ། ད་ལྟའི་དུས་ཚོད་ཁག་པོ་འདིའི་སྐབས་སུ་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་བོད་བསྟན་སྲིད་ཀྱི་དོན་བྱེད་མཁན་གྱི་སྐྱེ་གནས་ཤིག་བླངས་ཡོད། ནང་པའི་ཆོས་ལ་འགྲེལ་བཤད་དང་། སེམས་ཁམས་རིག་པའི་ཐོག་ནས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་ཡག་པོ་བྱེད་ཐུབ་པ་ཞིག་ཆགས་ཡོད། ལས་དང་སྨོན་ལམ་གྱིས་མདོ་སྨད་པ་ལྷ་མོ་དོན་གྲུབ་ཅེས་པ་མི་གོ་ཆོད་མཁན་ཞིག་ཆགས་ཡོད། ངོས་ཀྱིས་ད་ལྟའི་བར་དུ་བོད་བསྟན་སྲིད་ཀྱི་དོན་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན་ལ། གང་ལྟར་ངོས་ཀྱི་མི་ཚེ་འདིར་བོད་བསྟན་སྲིད་ལ་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་ཅེས་བཀའ་སློབ་བསྩལ།

༧གོང་ས་མཆོག་ལ་ཐའེ་ཝན་གྱི་དད་ལྡན་མི་མང་གིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐའེ་ཝན་གྱི་དད་ལྡན་མི་མང་གིས་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་བརྟན་བཞུགས་འབུལ་མཁན་གཙོ་བོ་ནི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཡིན། ངོས་ཀྱིས་དུས་གཏན་དུ་རྒྱ་བོད་ཧོར་གསུམ་ལ་སངས་རྒྱས་ཀྱི་བསྟན་པ་དངོས་གནས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། དེ་རིང་ཁ་སང་རྒྱ་རིགས་མི་མང་ནང་ནས་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འགྲོ་བསྡད་པ་དངོས་ཡོད་རེད། མ་འོངས་པར་ངོས་རང་གི་ངོས་ནས་རྒྱ་ཧོར་བོད་གསུམ་ལ་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ། དེ་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཡག་པོ་ཞིག་ཡོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡིན་ལ་སྨོན་ལམ་ཡང་རྒྱག་གི་ཡིན། ཞེས་གསུངས།

༧གོང་ས་མཆོག་ལ་ཁུ་ནུ་ནང་པའི་དགོན་སྡེ་དང་ཡུལ་སྡེ་ཁག་གིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་  ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁུ་ནུའི་སྟོད་སྨད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ ༢༠༠༠ ཙམ་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་ནས། ང་ཚོ་བོད་ནས་ཁ་བྲལ་ཏེ་བཙན་བྱོལ་བ་ཆགས་པ་དང་། རྒྱ་གར་གྱི་ས་ཁུལ་འདིར་འགྲོ་དོན་རྒྱ་ཆེ་ཐག་ཆོད་བྱས་ནས་བསྡད་པ་རེད། དེ་རིང་སྐབས་སུ་བབ་པ་མོན་པ་ལྷ་སྡེ་མི་སྡེའི་ཡོངས་ཆེད་དུ་བརྟན་བཞུགས་འབུལ་བར་བཅར་བ་རེད། ངོས་རང་དེ་སྔ་བོད་ནས་ཚུར་སླེབས་ཏེ་མོན་གྱི་ས་ཟིན་མཚམས་མོན་པ་ཚོས་ཧ་ཅང་དད་པ་ཆེན་པོ་བྱས་ཏེ་ངོས་ཀྱི་ལྷམ་ལ་མགོ་གཏུགས་ཀྱི་འདུག སྙིང་རྗེ།  ཞེས་དང་། ངོས་རང་བཙན་བྱོལ་དུ་དང་པོ་མོན་ལ་འབྱོར་སྐབས་མོན་པ་ཚོས་དད་འདུན་ཧ་ཅང་ཆེན་པོ་བྱས་ཏེ་སེམས་འགུལ་ཐེབས་པ་བྱུང་། དེ་རིང་མོན་པ་ཚོས་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་གཞིས་བྱེས་མི་མང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་འཕྲལ་དང་ཡུན་གྱི་འདོད་དོན་ཐམས་ཅད་བདེ་ལེགས་ཏུ་འགྲུབ་པའི་སྐྱབས་འཇུག་ཞུ་གི་ཡོད། ཅེས་གསུངས།

༧གོང་ས་མཆོག་ལ་གྲྭ་ཚང་གསུམ་ཐུན་མོང་གིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༥ ཉིན་སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་འདུ་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སེ་ར་བླ་སྤྱི་དང་། སེར་སྨད་གྲྭ་ཚང་། སེར་བྱེས་གྲྭ་ཚང་གསུམ་ཐུན་མོང་ནས་སྒྲོལ་དཀར་ཚེ་སྒྲུབ་དང་བླ་མ་མཆོད་པའི་མདོ་ལུགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་ལས་དང་སྨོན་ལམ་གྱི་ཐོག་ནས་༧མགོན་པོ་གང་ཉིད་མཆོག་དང་བོད་གངས་ཅན་གྱི་བསྟན་འགྲོ་དང་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་པ་དང་། ལྷག་པར་དུ་གདན་ས་གསུམ་ལ་ཐུགས་ཉེ་བོ་ཡོད་པ། དེ་བཞིན། ད་བར་བོད་བསྟན་སྲིད་དོན་དུ་སྙིང་ཁོངས་རུས་པའི་གཏིང་ནས་སེམས་ཤུགས་སྒྲིལ་ཏེ་༸སྐུ་འཚོ་བཞུགས་མཛད་ཡོད་པ་མ་ཟད། ད་དུང་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་རྒྱུ་ཡིན་པའི་ཞལ་བཞེས་མཛད་ཡོད། ཅེས་བརྒྱུད་ལམ་ཁག་ཏུ་གསལ་འདུག

༧གོང་ས་མཆོག་ལ་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དགོན་པས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་དང་། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཕྱོགས་སྒྲིག་ཞུསས་པའི་པོད་ ༢༩ ཅན་གྱི་དཔེ་ཚོགས་ཤིག་དབུ་འབྱེད་མཛད་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དེ་རིང་བཀྲ་ཤིས་ལྷུན་པོས་བརྟན་བཞུགས་ཕུལ་བ་རེད། ༧རྒྱལ་དབང་དགེ་འདུན་གྲུབ་པ་དང་། བསོད་ནམས་རྒྱ་མཚོ་ལ་སོགས་པ་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད། ངོས་རང་ཡང་༧རྒྱལ་དབང་སྐུ་ཕྲེང་གོང་མ་དག་གི་སྐྱེས་སྤྲུལ་ཆགས་བསྡད་ཡོད་རེད། སྐབས་རེར་ངོས་རང་གི་རྨི་ལམ་དང་བསམ་བློའི་ནང་ལ་༧རྒྱལ་དབང་གོང་མ་ཚོའི་བྱིན་རླབས་ཀྱི་རྒྱུན་ཞིག་ཡོད་པའི་ཚོར་སྣང་ཡོང་གི་འདུག བཀྲ་ཤིས་ལྷུན་པོ་དགོན་པ་དང་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ཡིན་དུས། དེའི་ཐོག་ནས་དེ་རིང་བརྟན་བཞུགས་གནང་བ་དེ་དགའ་པོ་བྱུང་། ཚེ་རབས་མང་པོའི་ལས་དང་འབྲེལ་བའི་ཆ་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོང་གི་ཡོད་རེད། ངོས་རང་སྐྱེས་ས་མདོ་སྨད་ཀྱི་ཕྱོགས་ནས་ཡོང་བ་རེད་དེ། སྐྱེས་རབས་མང་པོའི་འབྲེལ་བའི་ཆ་ནས་བཀྲ་ཤིས་ལྷུན་པོ་དང་དམིགས་བསལ་གྱི་འབྲེལ་བ་ཆགས་བསྡད་ཀྱི་ཡོད། ཅེས་གསུངས།

༧གོང་ས་མཆོག་ལ་རྒྱ་གར་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་གིས་བརྟན་བཞུགས་ཕུལ།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཧོན་སུར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དཔལ་ལྡན་སྨད་རྒྱུད་པའི་བཤད་སྒྲུབ་འཆད་ཉན་གྱི་བསྟན་པའི་བདག་པོར་མངའ་གསོལ་བའི་གཟེངས་རྟགས་དང་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་ནས་དད་ལྡན་སེར་སྐྱ་མང་ཚོགས་ལ་བརྒྱུད་འདེབས་ཀྱི་ལྗགས་ལུང་དང་། གསང་འདུས་རིམ་ལྔ་དམར་ཁྲིད་ཀྱི་བཤད་ལུང་མདོར་བསྡུས་ཤིག་གསུངས་རྗེས་བཀའ་སློབ་བསྩལ་དོན། གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཚོས་སྔོན་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་སེམས་གཏིང་ནས་འགུལ་བསྐྱོད་ཐེབས་པ་ཞིག་དགོས། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་མེད་ན་སྔགས་ཉམས་ལེན་བྱ་ཤེས་ཐབས་མེད། འཛམ་གླིང་འདིའི་སྟེང་གི་ཉམས་ཐག་པའི་སེམས་ཅན་སྤྱི་དང་། ད་ལྟ་ང་ཚོའི་མཐོང་ཆོས་ལ་ཡོད་པའི་འཛམ་གླིང་གི་མི་གཙོ་བོར་གྱུར་པའི་སྲོག་ཆགས་རྣམས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་དང་མཚུངས་པ་རེད་དེ། སྡུག་བསྔལ་གྱིས་མནར་བ་དང་བདེ་བས་ཕོངས་ནས་ཡོད་པ་ང་ཚོ་ཚང་མས་མཐོང་བསྡད་པ་འདི་རེད། འཛམ་གླིང་འདིའི་སྒང་གི་མི་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་འདོད་པ་བདེ་བ་དང་། མི་འདོད་པ་སྡུག་བསྔལ་ཡིན་ཡང་། སེམས་མ་རུང་བ་དང་རྨོངས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་སྡུག་བསྔལ་གྱི་རྒྱུ་ཡིན་པ་མ་ཤེས་པར་སྣང་མེད་དུ་བཞག་སྟེ། སྡུག་བསྔལ་སྐྱེ་བའི་རྒྱུ་མང་པོ་ཞིག་ལ་ཉིན་རེ་བཞིན་དུ་དང་དང་དོད་དོད་བྱེད་པ་ཞིག་ཡོང་གི་འདུག  ཅེས་གསུངས།

གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག པར་འབྲེལ་ཡོད་ནས་འདི་གའི་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༥།༥།༣༠
Mobile App

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

༢༠༢༥/༠༥/༣༠
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༩
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese