མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་བརྒྱ་སྟོན་བརྟན་བཞུགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་བྱེས་ཀྱི་བཀྲ་ཤིས་འཁྱིལ་གྱི་བླ་མ་རིགས་གྲྭ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱ་ཕེབས་པའི་བརྒྱ་སྟོན་དང་བསྟུན་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་རིགས་གྲྭ་རིག་པའི་རལ་གྲི་སྐུ་ཕྲེང་བཞི་པ་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་བརྒྱ་སྟོན་མཛད་སྒོ་འཚོགས་གནང་བ་དང་བསྟུན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་ཨ་ལགས་རིགས་གྲྭ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།  བརྒྱ་སྟོན་མཛད་སྒོའི་སྟེང་བཀྲ་ཤིས་འཁྱིལ་གྱི་མཁན་པོ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་སྟག་འཚེར་རིན་པོ་ཆེ་མཆོག ཨ་ལགས་རྔ་རྒོད་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ཀིརྟི་དགོན་པའི་སྐུ་ཚབ། སྒོ་མང་བྲལ་ཁང་ཚན་དང་ཀླུ་འབུམ་ཁང་ཚན། བྱང་ཨ་རིའི་སྐུ་འབུམ་བྱམས་བརྩེ་གླིང་།  དམུ་དགེ་དགོན་རྡོ་སྦིས་ཤིས་ཚང་སྒར་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གྲྭ་བཙུན་གྱི་དབུས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་མགོ་འཛིན་མཆོག་དང་བྱང་ཕྱོགས་ཁྲིམས་ཞིབ་པ་མཆོག  བཀའ་ཟུར་དང་སྤྱི་ཟུར་ཁག་ཅིག དེ་བཞིན།  ས་གནས་ཀྱི་འབྲེལ་ཡོད་མི་སྣ་ཁག་གིས་གཙོས་འཛམ་གླིང་ཡུལ་གྲུ་གང་སར་ནས་ཕེབས་པའི་བཀྲ་ཤིས་འཁྱིལ་གྱི་དད་ལྡན་མི་མང་ཆིག་སྟོང་ཟིན་ལ་ཉེ་བ་ཙམ་འཛོམས་འདུག

མཛད་རིམ་གྱི་ཐོག་མར་ཨ་ལགས་རིགས་གྲྭ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གདན་འདྲེན་ཞུས་རྗེས། སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་པ་རྒྱལ་མཚན་མཆོག་གིས་མཎྡལ་བཤད་པ་གསུངས་པ་དང་འབྲེལ་རྟེན་གསུམ་འབུལ་ལམ་ཞུས་མཚམས། བཀྲ་ཤི་འཁྱིལ་གྱི་ཕྱག་མཛོད་ཆེན་མོ་ནས་རྟེན་གསུམ་འབུལ་ལམ་ཞུས་སོང་ལ།  དེ་ནས་རིམ་བཞིན་བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་དང་ཟུར་པ། རྡེ་ར་ལྡིན་ས་གནས་མགོ་འཛིན་སོགས་ནས་མཎྡལ་རྟེན་གསུམ་འདེགས་འབུལ་དང་།  དགོན་པ་ཁག་དང་དགོན་པའི་ཁང་ཚན་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་རྣམ་པ། དེ་བཞིན་སྐུ་མགྲོན་མི་མང་བཅས་ནས་མཇལ་ཁ་ཞུས་གྲུབ་མཚམས། ཨ་ལགས་རིགས་གྲྭ་རིན་པོ་ཆེ་མཆོག་གི་སྐུ་ཚེ་མཛད་རྣམ་ རྣམ་ཐར་ལོ་བརྒྱ་མའི་ཕྱག་དེབ་ཅིག་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྟག་འཚེར་རིན་པོ་ཆེ་མཆོག ཨ་ལགས་རྔ་རྒོད་རིན་པོ་ཆེ་མཆོག བཀའ་ཟུར་ཐུབ་བསྟན་ལུང་རིགས་དང་བཀའ་ཟུར་འཕགས་པ་ཚེ་རིང་བཅས་ནས་དབུ་འབྱེད་གནང་སོང་།  དེ་རྗེས་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བརྒྱ་སྟོན་གྱི་སྦྲིན་གོར་ཞལ་ཕྱེ་གནང་མཚམས།  བཀྲ་ཤིས་འཁྱིལ་གྱི་ཕྱག་མཛོད་ཆེན་མོ་ཨ་ཁུ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་བརྒྱ་སྟོན་བརྟན་བཞུགས་དང་འབྲེལ་བའི་གསུང་བཤད་གནང་སོང་།

 དེ་རྗེས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་ལགས་རིགས་གྲྭ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པར་འཚམས་འཕྲིན་བསྩལ་འདུག་པ་སྒྲོག་སྦྱངས་གནང་ཞིང་འཚམས་འཕྲིན་ནང་། བཤེས་གཉེན་དམ་པ་སྤྱི་བོའི་རྒྱན་དུ་བསྟེན། །གཞུང་ལུགས་དུ་མར་ཐོས་བསམ་སྒོམ་པ་བགྱིས། །སྐལ་བཟང་བསྟན་པ་རབ་རྒྱས་འགྲོ་བའི་གཉེན། །ཀུན་ཏུ་དགེ་བས་རིང་དུ་བརྟན་གྱུར་ཅིག །ཅེས་པ་འདི་ནི་མདོ་སྨད་བཀྲ་ཤིས་འཁྱིལ་བའི་ཨ་ལགས་རིག་གྲྭ་སྤྲུལ་སྐུ་སྐལ་བཟང་བསྟན་པ་རབ་རྒྱས་ལོ་བརྒྱར་སོན་པ་དང་བསྟུན་རིང་འཚོའི་སྨོན་ཚིག་དགོས་ཞེས། བྱེས་འཁོད་བླ་བྲང་བཀྲ་ཤིས་འཁྱིལ་བའི་འདུས་སྤྱི་ནས་རྟེན་བཅས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། ཞེས་གསལ་འདུག

འབྲས་སྤུངས་བཀྲ་ཤིས་སྒོ་མང་མཁན་པོ་བྱ་བྲལ་འཇིགས་མེད་རྒྱ་མཚོ་མཆོག་གིས་སྩལ་བའི་འཚམས་ནང་། མདོ་སྨད་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་སྐྱེས་ཆེན་གསེར་རིའི་ཕྲེང་བའི་དབུས་ན་མངོན་པར་མཐོ་བ། རིགས་གྲྭ་རིགས་པའི་རལ་གྲི་ཞེས་ཡོངས་སུ་གྲགས་པའི་སྐྱེས་ཆེན་དམ་པ་གང་དེའི་སྤྲུལ་བའི་ཟློས་གར། མཚུངས་མེད་ཨ་ལགས་རིགས་གྲྭ་རིན་པོ་ཆེ་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་དཔལ་བཟང་བོ་མཆོག་བསྟན་པ་དང་འགྲོ་བའི་སླད་དུ། དགུང་ གྲངས་བརྒྱ་ལ་ཕེབས་པའི་བཀྲ་ཤིས་རྟེན་འབྲེལ་གྱི་རི་མོ་མངོན་པར་གསལ་བའི་དུས་བཟང་ཁྱད་པར་ཅན་འདིར། དེ་ག་བཀྲ་ཤིས་འཁྱིལ་དགོན་པས་ཐུགས་འགན་རྐང་བཞེས་ཀྱིས་རིན་པོ་ཆེ་མཆོག་གི་སྐུའི་བརྒྱ་སྟོན་མཛད་སྒོ་དང༌། བརྟན་བཞུགས་དཀྱུས་གཅིག་ཏུ་འབུལ་རྒྱུའི་མཛད་རིམ་གོ་སྒྲིག་གནང་བཞིན་པར་ ལེགས་གསོལ་བསྔགས་བརྗོད་ཞུ།

རིན་པོ་ཆེ་མཆོག་ནས་འདི་གར་ཆེད་དུ་མགྲོན་ཤོག་བཏང་གནང་བར་ཐུགས་རྗེ་ཆེ། འོན་ཀྱང༌། ལོ་སར་རྗེས་ཀྱི་སྨོན་ལམ་ཆེན་མོ་སོགས་ལ་བརྟེན་དེ་གར་དངོས་སུ་བཅར་མ་ཐུབ་ཀྱང༌། འདིར་ང་རང་སྒེར་དང་བཀྲ་ཤིས་འཁྱིལ་བ་རྣམས་ཀྱི་ཚབ་ཞུས་ཏེ། རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་ངང་སྐུ་ཚེ་ཡུན་དུ་བརྟན་ཅིང་། བསྟན་འགྲོར་སྨན་པའི་མཛད་བཟང་མུ་མཐུད་རྒྱས་པ་སོགས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ལ་དམིགས་ནས། རྟེན་དོད་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་བྱོན་ལེགས་ཤིག་གིས་ཐོག་དྲངས་ཏེ་མཎྜལ་རྟེན་དོད་བཅས་འབུལ་ལམ་ཞུ་བ་ལགས་ན། ཇི་ལྟར་སྨོན་པ་ལྟར་རིན་པོ་ཆེ་མཆོག་གི་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོར་བརྟན་པ་དང༌། ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་བ་བཅས། ཞེས་གསུངས་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བྱེས་ཀྱི་དཔལ་ལྡན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ྋསྐྱབས་རྗེ་མཁན་རིན་པོ་ཆེ་སྨད་རྒྱུད་མཁན་ཟུར་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཨ་ལགས་རིགས་གྲྭ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་གིས་དབུས་བླ་སྤྲུལ་ལས་སྣེ་དགེ་འདུན་འདུས་མང་ཡོངས་ལ་བོད་རབ་གནས་ཤིང་སྤྲེལ་གནམ་ལོ་གསར་ཚེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྐབས་བབ་དེ་གའི་འདུས་མང་ཡོངས་དང་། བོད་གཞིས་བྱེས་དད་ལྡན་རྗེས་སློབ་ཐུན་མོང་ནས་ྋསྐྱབས་རྗེ་ཨ་ལགས་རིགས་ གྲྭ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐབས་བསྟུན་བརྟན་བཞུགས་བསྟར་འབུལ་དང་། བརྒྱ་སྟོན་གྱི་མཛད་སྒོ་སྟབས་བདེ་ཞིག་ལོ་གསར་ཚེས་ལྔ་ཉིན་སྐྱོང་གཏན་ཁེལ་བའི་བཀྲ་ཤིས་དགའ་སྟོན་ལ་ལེགས་གསོལ་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

 ྋསྐྱབས་རྗེ་ཨ་ལགས་རིགས་གྲྭ་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རིམ་བྱོན་ནི། མཁས་པ་དང་གྲུབ་པའི་རྒྱལ་མཚན་འཛིན་པའི་སྐྱེས་མཆོག་ཤ་སྟག་ཏུ་བྱོན་ཏེ། འཆད་རྩོད་རྩོམ་གསུམ་སོགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པར་ལེགས་སྐྱེས་རྒྱ་ཆེར་ཕུལ་མྱོང་མཁན་གྱི་སྐྱེས་མཆོག་ཅིག་ཏུ་མ་ཟད་། རྒྱ་ཆེའི་དད་ལྡན་མང་པོ་ཕན་བདེ་རྒྱ་ཆེར་མཛད་པའི་རྣམ་ཐར་གྱི་བྱུང་བ་མང་པོ་མདོ་སྨད་ཀྱི་ཡུལ་ཕྱོགས་ཀུན་ལ་ཡོངས་སུ་གྲགས་ཆེ་ཞིང་། ལྷག་པར་སྐུ་ཕྲེང་འདི་ཉིད་དགུང་གྲངས་བརྒྱད་ཀྱི་ཐོག་ཀུན་མཁྱེན་ ༧འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་གིས་མཁས་མཆོག་རིགས་གྲྭ་རིག་པའི་རལ་གྲིའི་སྐུ་ཕྲེང་བཞི་པར་ངོས་འཛིན་གྱིས་སྐུ་གཞོན་ནུའི་དུས་ནས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་དང༌། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཙ་ཡུས་དགའ་ལྡན་ཆོས་འཁོར་གླིང་དང་། དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ལོ་བཞི་རེར་ཁྲི་པའི་མཛད་འགན་བསྐྱངས་པ་མ་ཟད། ཤིས་ཚང་སྒར་གསར་དུའང་ལོ་གསུམ་གྱི་རིང་ཁྲི་པའི་ཐུགས་འགན་བཞེས་ཏེ་སྐུ་གཞོན་ནུའི་དུས་ནས་མཁས་པའི་མཛད་པ་རྒྱ་ཆེར་བསྐྱངས་ཤིང་།

ཕྱི་ལོ་ ༡༩༥༧ ལོར་རྒྱ་གར་དུ་ཕེབས་ནས་ད་ལྟའི་བར་བློ་བརྟན་འགྱུར་མེད་ངང་༸གོང་ས་སྐྱབས་མགོན་ཆེན་པོར་དབུ་འོག་དཔུང་འདེགས་ཀྱི་ཚུལ་དུ་རང་ནུས་གང་ཡོད་བཏོན་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་མང་ཞུས་ཡོད་པ་དང་། ལྷག་བར་ཐང་བྲིས་སྒྱུ་རྩལ་ཐོག་མཛད་རྗེས་བླ་མེད་བཞག་ཅིང་། དོན་གཉེར་ཅན་མང་པོར་ལུང་མན་ངག་སྩོལ་གནང་དང་། དཀའ་ངལ་ཅན་མང་པོར་ཕན་བདེ་རྒྱ་ཆེར་བསྒྲུབས་པའི་མཛད་རྗེས་ལ་ཡི་རང་ ངསྔགས་བརྗོད་ཞུ་བཞིན་ཡོད་ལ། ད་དུང་སྐུ་ཚེ་ཡུན་རིང་བརྟན་པའི་ཐོག་བསྟན་འགྲོ་སྤྱི་དང་ཁྱད་པར་དད་ལྡན་རྗེས་འཇུག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་གཟིགས་ཀྱིས་ཐུགས་བསྐྱེད་སྨོན་པའི་སྨོན་འདུན་ཞུ་བ་ལགས་ཞེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་ནས་བོད་ནང་དྲག་ཤུགས་བཙན་གནོན་རྒྱ་ཆེ་བྱས་རྐྱེན་མཐར་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཕྲག་བརྒྱད་ཙམ་བཙན་བྱོལ་དུ་ཕེབས་དགོས་བྱུང་། རིམ་པས་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་མི་ཉམས་རྒྱུན་འཛིན་ཐུབ་སླད་བྱེས་ཀྱི་དགོན་སྡེ་སོགས་གསར་འཛུགས་གནང་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ཀེ་ལེ་མེན་ཊའུ་ཁུལ་དུ་བྱེས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ནི་ཕྱི་ལོ་ ༡༩༦༦ ལོ་ཙམ་ནས་གསར་བཞེངས་གནང་ཞིང་དགེ་བའི་བཤེས་གཉེན་རྣམ་པས་དགེ་འདུན་གྱི་སྡེ་སྐྱོང་ཞིང་བསྟན་པ་སྤྱི་དང་བྱེ་བྲག་ལ་ཕན་ཐོགས་དང་གྲུབ་འབྲས་བཟང་པོ་བྱུང་ཡོད།

ཡོངས་གྲགས་སུ་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ས་ཆེན་པོ་༧ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་ཉིད་དབུས་པའི་གསེར་ཁྲི་རྣམ་པ་བཞི་དང་། མཁན་པོ་རྣམ་པ་བརྒྱད། གྲུབ་ཆེན་རྣམ་པ་བཞི་སོགས་བཞུགས་པའི་རིགས་གྲྭ་གྲུབ་ཆེན་སྐུ་ཕྲེང་བཞི་པ་རྗེ་བཙུན་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་ལོ་བཅོ་བརྒྱད་ནས་བོད་མདོ་སྨད་ཙ་ཡུས་དགོན་སོགས་ལ་ཁྲི་པ་གནང་ཞིང་། བོད་ཀྱི་རྒྱལ་ས་ལྷ་ལྡན་དང་། དེ་རྗེས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་རིམ་པས་འཕགས་ཡུལ་བྱེས་ཀྱི་གདན་ས་བཀྲ་ཤིས་འཁྱིལ་གྲྭ་ཚང་གི་སྐུ་ཐང་རྟེན་བཞེངས་སོགས་ཀྱི་ཐུགས་འགན་གཙང་བཞེས་དང་། ལྷག་པར་དགོན་པའི་འགན་འཛིན་གྱི་མཚན་བཞེས་ཀྱིས་ད་ལྟའི་བར་དུ་དོན་གཉེར་ཅན་དུ་མར་དབང་ལུང་མན་ངག་གི་རྒྱུན་དཀོན་རིགས་མང་པོ་འབུལ་མནོས་དང་། ནད་པ་སོགས་ལ་བཅོས་ཐབས་འདྲ་མིན་གྱི་སྒོ་ནས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་རྗེས་སུ་ཡི་རངས་དང་། རིན་པོ་ཆེ་མཆོག་འདི་ལོ་དགུང་ལོ་ཧྲིལ་པོ་བརྒྱ་ཐམ་པ་འཁོར་བཞིན་ཡོད་པར་དགོན་པའི་འདུས་མང་སྦྱིན་བདག་ལྟོས་བཅས་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་བརྟན་བཞུགས་དང་བརྒྱ་སྟོན་རྟེན་འབྲེལ་མཛད་སྒོ་གོ་སྒྲིག་ཞུས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང༌། རིན་པོ་ཆེ་གང་ཉིད་བསྟན་པ་དང་འགྲོ་བའི་དོན་དུ་མུ་མཐུད་མཛད་འཕྲིན་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་ཞུ་རྒྱུ་ཡིན། མཐའ་དོན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། བྱེས་ཀྱི་བླ་བྲང་བཀྲ་ཤིས་ འཁྱིལ་དགོན་པའི་བསྟན་འགྲོའི་མཛད་བཟང་གེགས་མེད་ལྷུན་གྱིས་འགྲུབ་ཅིང་། བོད་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས། ཞེས་གསུངས་འདུག

བླ་བྲང་བཀྲ་ཤིས་འཁྱིལ་དུ་༧ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གི་དབུས་པའི་གསེར་ཁྲི་རྣམ་པ་བཞི་དང་། མཁན་པོ་རྣམ་པ་བརྒྱད། གྲུབ་ཆེན་རྣམ་པ་བཞི་སོགས་བཞུགས་པའི་རིགས་སྨྲའི་ཁྱུ་མཆོག་རིགས་གྲྭ་རིག་པའི་རལ་གྲི་སྐུ་ཕྲེང་བཞི་བ་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་ནི་ཕྱི་ལོ་༡༩༢༦ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ནང་མ་ཁོ་ཚེ་རུ་ཡབ་རིན་ཆེན་དང་ཡུམ་ཀླུ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྲུལ་སྐུར་ངོས་འཛིན་མ་གནང་བའི་གོང་དུ་མཚན་ལ་རྟ་མགྲིན་སྐྱབས་ཞུ་ཡི་ཡོད་ཅིང་། ཁོང་ཚང་ལ་བུ་སྤུན་ཆེ་བ་བློ་བཟང་དང་འབྲིང་བ་གཅོད་པ་བཅས་ཡོད་འདུག ཕྱི་ལོ་ ༡༩༣༤ ལོར་ཁོང་དགུང་ལོ་བརྒྱད་ཀྱི་སྟེང་ནས་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་མཆོག་གིས་རིགས་གྲྭ་སྐུ་གོང་མ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་རྗེས། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་བགྱིས་ཏེ་ཁྲི་འདོན་གནང་།

དེ་ནས་རིམ་བཞིན་ཨ་ལགས་ཡོངས་སྐུ་གོང་མ་ཚང་དབུས་པའི་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་ཐོས་བསམ་སྒོམ་གསུམ་གྱི་བསླབ་པ་སློབ་གཉེར་དབུ་ཚུགས། དགུང་ལོ་ཆུང་དུས་ནས་སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་དུ་རི་མོ་འབྲི་རྒྱུར་ཐུགས་སྣང་ཡོད་ཅིང་གྲུབ་ཆེན་ཉི་མ་འཛིན་དང་རྗེ་བཙུན་མི་ལ་རས་པ་སོགས་ཀྱི་སྐུ་ཐང་བྲིས་གནང་མྱོང་། བླ་བྲང་དུ་གུང་ཐང་འཇམ་པའི་དབྱངས་དང་བརྒྱ་སྟོན་ལྷ་རམས་པ། ཨ་ལགས་བྲག་དཀར་ཚང་སོགས་དུས་མཉམ་དུ་འཛིན་གྲྭར་བཞུགས་ཏེ།  ཁ་དོག་དཀར་དམར་ནས་དབུ་ཚུགས་ཏེ་གཞུང་ཆེན་ཁག་ལ་རིམ་བཞིན་སློབ་གཉེར་མཛད་ཅིང་། ཕྱིས་སུ་ཀུན་མཁྱེན་རིན་པོ་ཆེའི་བཀའ་དགོངས་འོག་ནས་ཙ་ཡས་དགའ་ལྡན་ཆོས་འཁོར་གླིང་དང་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན། ཤིས་ཚང་སྒར་གསར་སོགས་ཀྱི་ཁྲི་པར་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད།

ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཕེབས་ཏེ་ཐོག་ཀ་ལིམ་པོང་དུ་ཕེབས་འབྱོར་བྱུང་རྗེས། རྒྱ་གར་འཕགས་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དང་ཝཱརཱཎསཱི། ཡངས་པ་ཅན་དང་མཚོ་པདྨ་སོགས་ནང་པའི་གནས་ཆེན་ཁག་ལ་གནས་གཟིགས་མཛད་གྲུབ་མཚམས་རི་ཁྲོད་དུ་ཕེབས། ཕྱིས་སུ་རྡེ་ར་ལྡུན་དོན་འགྲུབ་གླིང་དུ་ཕེབས་ནས་ཐང་བྲིས་རྟེན་བཞེངས་སོགས་ཀྱི་མཛད་འཕྲིན་བསྐྱངས་གནང་བ་མ་ཟད། བྱེས་ཀྱི་བཀྲ་འཁྱིལ་དགོན་པ་བཞེངས་བསྐྲུན་གྱི་ཕྱག་ལས་རྒྱ་ཆེར་མཛད་ཡོད་ཅིང་། དམིགས་བསལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རང་ནུས་ཅི་ལྕོགས་ཀྱིས་དབུ་འོག་དཔུང་འདེགས་ཞུས་ཏེ། བོད་ཀྱི་ཆོས་རིག་གང་ཐད་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་མང་ཞུས་མྱོང་ཞིང་། ལྷག་པར་དུ་ཐང་བྲིས་སྒྱུ་རྩལ་ཐོག་མཛད་རྗེས་བླ་མེད་བཞག་ཅིང་བོད་ཕྱི་ནང་གཉིས་སུ་ཐང་བྲིས་སྒྱུ་རྩལ་གྱི་རྒྱུན་འཛིན་སློབ་མ་བསྐྱངས་གནང་། མདོར་ན་རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་གིས་བོད་དུ་གཞུང་ཆེན་ཁག་ལ་སློབ་གཉེར་བགྱིས་ཏེ་བསྟན་འགྲོའི་དོན་དུ་མཛད་འཕྲིན་བསྐྱངས་པ་དང་བཙན་བྱོལ་དུ་སྐུ་ཚེ་ཧྲིལ་པོ་ཆེས་དཀྱུས་མར་སྙེག་སྟེ་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཞུས་ཏེ་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་སྒོ་མང་སོགས་སུ་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་གནང་ཡོད་འདུག

རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ནས་གསར་འགོད་པ་སྐལ་བཟང་སྦྱིན་པས་སྤེལ།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༦ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༨ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༠ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese