བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཏེ་ལས་འགུལ་བ་ ༡༦ འཛིན་བཟུང་བྱས་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༡༧ གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་གཅིག་མ་གཏོགས་གཞན་ཚང་མ་འཛིན་བཟུང་བྱས་ཡོད་འདུག
འདི་གའི་གསར་འགོད་པར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ད་ལན་གྱི་ངོ་རྒོལ་ལས་འགུལ་ནང་མི་གྲངས་ ༢༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དང་ཝི་ཐི་ནམ་གྱི་གཞུང་ལ་གནོན་ཤུགས་སྤྲད་དེ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་པ། ཞིབ་འཇུག་གི་གྲུབ་དོན་སྙན་ཐོ་དེ་ཕྱིར་བསྒྲགས་བྱེད་དགོས་པ། ཁོང་གི་སྐུ་ཕུང་ལུང་སྔོན་དགོན་པར་རྩིས་སྤྲོད་བྱེད་དགོས་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་ལྟར་འདས་མཆོད་ཆ་ཚང་བྱེད་དུ་འཇུག་དགོས་པའི་དགོས་འདུན་བཏོན་ཡོད། ཅེས་བརྗོད་བྱུང་།
ཨོ་གླིང་བོད་དོན་ལས་འགུལ་ཚོགས་པས་(Australia Tibet Council)ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་རུ་ཡོད་པའི་ཝི་ཐི་ནམ་སྐུ་ཚབ་དོན་ཁང་དུ་འཕྲིན་ཡིག་ཅིག་བསྐུར་བའི་ནང་། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་པའི་གནས་སྟངས་དང་རྒྱུ་རྐྱེན་རྣམས་གསལ་བཤད་ཁ་གསལ་དང་ཞིབ་འཇུག་ཚད་ལྡན་བྱེད་དགོས་པ་དང་། སྤྲུལ་སྐུ་ཁོང་ཉིད་ཀྱི་སྐུ་ཕུང་མྱུར་དུ་རྩིས་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གཞན་ཡང་། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ པའི་དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།