སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཐུགས་སྣང་དང་བོད་དོན་ལ་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་པ་ལྟར་གྲོས་ཚོགས་འཐུས་མི་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱ་ངེས་ཡིན་པའི་ལན་ཕུལ་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ཡུ་རོབ་ཞུ་གཏུགས་ཚན་པའི་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས་གཉིས་ནས། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་བགྱིས་ཏེ། རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་བོད་མི་རྣམས་ལ་དྲག་གནོན་སྔར་ལྷག་བྱེད་བཞིན་པའི་གནས་སྟངས་སོགས་ལ་དོ་སྣང་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་། སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ཞུ་གཏུག་འགན་འཛིན་བསྟན་འཛིན་ཕུན་ཚོགས་གཉིས་ནས། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དག་ལ། ཉེ་ལམ་ཝི་ཏི་ནམ་དུ་རྒྱ་ནག་གཞུང་གིས་དཀྲོངས་པའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནས་སྟངས་ཡར་ཞུ་དང་དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱིས་བསྐྱངས་པའི་གསར་འགོད་གསལ་བསྒྲགས་ཀྱི་འདྲ་བཤུ་ཞིག་ཀྱང་ཕུལ་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཝི་ཏི་ནམ་དང་རྒྱ་ནག་གཞུང་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་དཀྲོངས་པར་སྐྱོན་བརྗོད་དང་དོན་རྐྱེན་དེའི་བརྒྱུད་རིམ་ཆ་ཚང་ཕྱི་གསལ་ནང་གསལ་བཟོ་བའི་འགན་འཁུར་བྱེད་པར་སྐུལ་མ་གཏོང་དགོས་སྐོར་ཞུས་ཡོད་འདུག
ཐེངས་འདིའི་ཞུ་སྐུལ་ཁྲོད། རྒྱ་ནག་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་མིའི་འགྲོ་བ་ཐོབ་ཐང་སོགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་དག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཡུ་རོབ་གྲོས་ཚོགས་སུ་གླེང་སློང་བྱས་ཏེ། བོད་དོན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་བྱས་ཡོད་ཅིང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་། བོད་ནང་གི་བོད་མིའི་གནས་སྟངས་ལ་སེམས་འཚབ་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་སུ་བགྲོ་གླེང་བྱས་ཏེ་བོད་དོན་ལ་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༣ ནང་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་སྐབས་བཅུ་བཞི་བའི་ཚོགས་ཆེན་སྐབས་བཅུ་པ་དང་མི་དམངས་སྲིད་གྲོས་སྐབས་བཅུ་བཞི་བའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་འཐུས་མི་ཚོས་ཁ་གཅིག་གྲགས་སུ། ཁ་བྲལ་ལ་གདོང་ལེན་ཚ་འདེད་བྱ་རྒྱུ་ཡིན་ཞེས་བོད་དོན་དང་འབྲེལ་བའི་ལས་འགུལ་གྱི་རིགས་ལ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་རྒྱུ་ཡིན་པའི་ཁས་ལེན་བརྟན་པོ་བྱས་ཡོད་སྐོར་བསྒྲགས་ཡོད་ལ། དམིགས་བསལ་གསུམ་བཅུའི་དུས་དྲན་གྱི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་ས་དང་མཚོ་སྔོན་སོགས་སུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་བྱས་ཡོད།
ཉེ་བའི་ལོ་ཤས་གོང་ནས་རྒྱ་ནག་དམར་ཤོག་ཚོགས་པས་རང་ལོ་ ༦ ནས་ ༡༨ བར་གྱི་བོད་པའི་བྱིས་པ་བརྒྱ་ཆ་ ༨༠ སྟེ། བྱིས་པ་ས་ཡ་གཅིག་རང་གི་ཁྱིམ་ཚང་ཕ་མ་དང་ཕ་ཡུལ། སྐད་ཡིག་སོགས་དང་བཙན་གྱིས་ཁ་བྲལ་དུ་བཅུག་སྟེ། རྒྱ་གཞུང་གིས་མི་སེར་སྤེལ་ལུགས་ཀྱི་སྲིད་ཇུས་སྤེལ་སའི་བཅའ་སྡོད་སློབ་གྲྭར་རྒྱ་བསྒྱུར་གྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་རིག་གནས་འཆད་སའི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་གཏོར་བཤིག་གཏོང་གི་ཡོད་ལ། རྒྱ་ནག་གཞུང་གིས་བོད་ཀྱི་ཕ་མ་རྣམས་ཀྱི་རང་ཉིད་ཀྱི་བྱིས་པའི་མ་འོངས་པའི་འཚར་ལོངས་དང་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ཐོབ་ཐང་ཡོད་ཚད་བཙན་འཕྲོག་བྱས་ཡོད་པ་དང་། ལོ་ཆུང་བྱིས་པའི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་རེད་ལ། ད་ལྟ་རྒྱ་ནག་གཞུང་གིས་ཞི་དྲག་གཉིས་ཀྱི་ཐོག་ནས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་དང་སློབ་གསོ་བ། རྩོམ་པ་པོ། སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ། ཁོར་ཡུག་སྲུང་སྐྱོབ་པ། བོད་མི་རིགས་ཀྱི་ལ་རྒྱ་ཆེ་བའི་བོད་མི་མང་དག་ཅིག་རྒྱུ་མཚན་སྣ་ཚོགས་ཀྱི་འོག་ནས་བསུན་གཙེར་དང་ཐུབ་ཚོད། གཉའ་གནོན། གང་བྱུང་འཛིན་བཟུང་བཀག་ཉར་སོགས་བྱས་དང་བྱེད་མུས་ཡིན་པ་རེད།