བསོད་ནམས་གང་བཟང་ལགས་ཀྱིས་མ་འོངས་པར་སློབ་གྲྭའི་ནང་སྤྱི་ཡོངས་ཀྱི་ཤེས་ཡོན་གཅིག་པུ་མིན་པར་རྩེད་མོ་དང་ཟློས་གར་སོགས་ཀྱི་ཐོག་ལ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཟབ་སྦྱོང་མུ་མཐུད་ནས་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཁ་སང་ཕྱི་ཚེས་ ༡༣ ནས་ ༡༦ བར་ཉིན་གྲངས་བཞིའི་རིང་དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་གླེང་མོལ་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག གཏན་ཉིན་སློབ་གྲྭའི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག ད་ལན་གྱི་ཟབ་སྦྱོང་འདིའི་ནང་སམ་བྷོ་ཊ་སློབ་ཁག་དང་བོད་ཁྱིམ་སློབ་ཁག་ནས་ལུས་རྩལ་དགེ་རྒན་ ༣༡ མཉམ་ཞུགས་གནང་འདུག
དེ་རིང་འདི་གའི་གསར་འགོད་པས་ཟབ་སྦྱོང་གི་གོ་སྒྲིག་པ་བསོད་ནམས་གང་བཟང་ལགས་སུ་ལུས་རྩལ་གྱི་ཟབ་སྦྱོང་འཚོགས་པའི་དགོས་དམིགས་གཙོ་བོ་གང་ཡིན་སྐོར་དྲིས་པར། ཁོང་མོས། འདས་པའི་ལོ་མང་པོའི་རིང་ལ་ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་གྱི་ཐོག་ལ་ཤུགས་མང་པོ་བསྐྱོན་ཡོད་པ་རེད། ལོ་མང་པོའི་རིང་ལ་ལུས་རྩལ་དང་འབྲེལ་ནས་ཟབ་སྦྱོང་གོ་སྒྲིག་བྱས་མེད་པར་བརྟེན། དེ་གལ་ཆེན་པོ་མཐོང་སོང་། རྒྱུ་མཚན་ནི་སློབ་གྲྭའི་ནང་དུ་ལུས་རྩལ་དང་རྩེད་མོའི་ཐོག་ནས་སློབ་ཕྲུག་ལ་གོ་སྐབས་བསྐྲུན་རྒྱུ་དང་། དགེ་རྒན་རང་ཉིད་ཀྱི་ཁེ་ལས་ཡར་རྒྱས་གཏོང་རྒྱུ། ལུས་རྩལ་དགེ་རྒན་རྣམས་འཛོམས་ནས་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་དང་། ཁེ་ལས་པ་དང་སློབ་སྟོན་པ་སོགས་ཐུག་རྒྱུའི་ཆེད་དུ་དམིགས་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བསོད་ནམས་གང་བཟང་ལགས་ཀྱིས། ད་ལྟའི་ཆར་ཟབ་སྦྱོང་འཚོག་རྒྱུའི་དུས་ཚེས་གཏན་ཁེལ་མེད་པ་རེད། ད་ལོ་ཟབ་སྦྱོང་ཞིག་འཚོགས་ཡོད་པར་བརྟེན། ཁོང་ཚོའི་བསམ་ཚུལ་དང་སློབ་གྲྭའི་གནས་སྟངས། དགོས་མཁོ་སོགས་ལ་བལྟས་ནས་མ་འོངས་པར་ཟབ་སྦྱོང་འཚོག་འཆར་ཡོད་པ་རེད། དེ་ཡང་། མ་འོངས་པར་དགེ་རྒན་དང་། སློབ་ཕྲུག སློབ་གྲྭའི་ནང་སྤྱི་ཡོངས་ཀྱི་ཤེས་ཡོན་གཅིག་པུ་མིན་པར་རྩེད་མོ་དང་། རི་མོ། གཞས། ཟློས་གར་སོགས་ཀྱི་ཐོག་ལ་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཟབ་སྦྱོང་མུ་མཐུད་ནས་ཡོང་གི་རེད། ཅེས་བརྗོད་བྱུང་།
གསར་འགོད་པས་འདས་པའི་ལོ་དགུའི་རིང་ལུས་རྩལ་དང་འབྲེལ་ནས་ཟབ་སྦྱོང་སྤྲད་མེད་པ་དེས་བོད་པའི་སྤྱི་ཚོགས་ནང་ལུས་རྩལ་གྱི་ཐོག་ལ་འཐུས་ཤོར་ཕྱིན་ཡོད་མེད་སྐོར་དྲིས་པར། ཁོང་མོས། ཤེས་ཡོན་གྱི་ཐོག་ལ་ཤུགས་རྒྱག་དགོས་ས་མང་པོ་ཡོད་པ་རེད། ང་ཚོས་ཤེས་ཡོན་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་དག་ལ་ཤུགས་བརྒྱབ་ཡོད་པ་རེད། ད་དུང་ལུས་རྩལ་དང་ཟློས་གར་སོགས་མ་ལྷག་པ་བྱས་ནས་ད་ལྟ་ཟབ་སྦྱོང་གོ་སྒྲིག་བྱེད་ཐུབ་པ་རེད། དེ་བཞིན་ཟབ་སྦྱོང་གཅིག་པུ་མིན་པར་རོགས་ཚོགས་ཀྱི་མཐུན་འགྱུར་གནང་བའི་ཐོག་ནས་སློབ་གྲྭ་ཁག་ལ་རྩེད་ཆས་ཉོ་རྒྱུ་སོགས་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་ཐུབ་ཀྱི་རེད། དེར་བརྟེན་འཐུས་ཤོར་མ་རེད་བསམ་གྱི་འདུག ང་ཚོས་མུ་མཐུད་ནས་ཤུགས་རྒྱག་རྒྱུའི་ལས་གཞི་ཞིག་རེད། ཅེས་བརྗོད་བྱུང་།
ལུས་རྩལ་གྱི་གལ་ཆེ་ལུགས་དང་འབྲེལ་ནས་གང་བཟང་ལགས་ཀྱིས། ལུས་རྩལ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་སྔ་ནས་ཕྱིའི་རྒྱལ་ཁབ་མང་ཆེ་བས་འཕྲོད་བསྟེན་དང་། གཟུགས་པོའི་འཚར་ལོངས་སོགས་ཀྱི་ཐད་དོ་སྣང་གནང་གི་ཡོད་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་དེང་སང་གཉིད་སད་ནས་གཟུགས་པོའི་འཕྲོད་བསྟེན་དང་། ཟས་བཅུད། འཚར་ལོངས་སོགས་གང་ཅིའི་ཐད་ལ་སྔར་ལས་ལྷག་གིས་དོ་སྣང་སྤྲོད་ཀྱི་ཡོད་པར་བརྟེན། ལུས་རྩལ་དགེ་རྒན་གྱིས་སློབ་ཕྲུག་ལ་གོ་སྐབས་བསྐྲུན་རྒྱུ་དང་། སློབ་ཕྲུག་མང་པོ་མཉམ་ཞུགས་གནང་རྒྱུ། དེ་བཞིན་ཕོ་མོ་དབྱེར་མེད་ཀྱི་ཐོག་ནས་གོ་སྐབས་བསྐྲུན་རྒྱུ་སོགས་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་པས། ལུས་རྩལ་དགེ་རྒན་གྱི་ཐོས་རྒྱ་མཐོང་རྒྱ་དང་། ཁེ་ལས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཟབ་སྦྱོང་སྤྲོད་རྒྱུ་སོགས་ལུས་རྩལ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།
ཟབ་སྦྱོང་དེའི་བརྒྱུད་ནས་ཕན་ཐོགས་ཇི་ཙམ་བྱུང་ཡོད་པའི་སྐོར་ལ་གང་བཟང་ལགས་ཀྱིས། ལུས་རྩལ་དགེ་རྒན་རྣམས་ཐེངས་དང་པོ་ཐུག་གི་ཡོད་པར་བརྟེན། ཕན་ཚུན་ཐུག་འཕྲད་བྱུང་བ་ཙམ་གྱིས་ཕན་ཐོགས་བྱུང་ཡོད་པའི་རྣམ་པ་ཞིག་འདུག ད་ལན་གྱི་ཟབ་སྦྱོང་ནང་ལུས་རྩལ་དང་། རྐང་སྤོལ་དང་། སིལ་སྤོལ། རྩེད་མོའི་ཚན་རིག་ (sports science)། ཕོ་མོ་འདྲ་མཉམ་སོགས་ཀྱི་བརྗོད་གཞིའི་ཐོག་ལ་ཟབ་སྦྱོང་གནང་དུས་ཚང་མས་མཉམ་ཞུགས་ཡག་པོ་གནང་གི་འདུག དེའི་ནང་མཉམ་ཞུགས་བྱེད་འདོད་མེད་པའི་རྣམ་པ་ཁྱོན་ནས་མི་འདུག ཟབ་སྦྱོང་འདི་འདྲའི་གོ་སྐབས་རག་པར་འདོད་པ་དང་དགའ་མོས་ཤུགས་ཆེན་པོ་འདུག ཅེས་བརྗོད་བྱུང་།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།