རྩོམ་པ་པོ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས།
རྩོམ་ཁུངས། བོད་ཀྱི་དུས་བབ།
ཕྱི་ཟླ་ ༧ ཚེས་ ༦ ཉིན་ནི་༸གོང་ས་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཕྱི་ལུགས་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་ལ་འཁེལ་ཡོད་པ་དང་། སྐུའི་གོ་སྟོན་གྱི་ཟླ་བ་གཅིག་སྔོན་ལ་རྒྱ་ནག་གི་ཀྲུའུ་ཞིའམ་དམར་ཤོག་དྲུང་ཆེ་ཞི་ཅིན་ཕིང་ (习近平) ནས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་༸པཎ་ཆེན་རྒྱལ་མཚན་ནོར་བུ་དང་ཐུག་འཕྲད་བྱས་ཡོད། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་ཏུ་བཀོད་པར་“ཞི་ཅིན་ཕིང་ནས་པཎ་ཆེན་ཨ་ཏི་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་ལ་དང་ལེན་གནང་ཡོད་ཟེར།” 1 མཇལ་ཞུ་ཟེར་བའི་ཡིག་འབྲུ་གཉིས་ཧ་ཅང་གི་མངོན་གསལ་དོད་པོ་ཞིག་འདུག དེས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་བརྡ་ཞིག་གཏང་ཡོད་པ་ནི་རྒྱ་ནག་གི་དབང་ཤུགས་དང་མཐོ་ས་གོང་མའི་དབང་ཆས་དམའ་ས་ཆོས་ལུགས་ལ་ཚོད་འཛིན་དང་ཁ་སྒྱུར་བྱེད་ཀྱི་ཡོད་པ་བཏོན་ཡོད།

《新华社》ཞི་ཅིན་ཕིང་ནས་༸པཎ་ཆེན་ཨ་ཏི་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་ལ་དང་ལེན་གནང་ཡོད་ཟེར། དེ་ནི་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་བཅུའི་རྗེས་སུ་ཞི་ཅིན་ཕིང་དང་རྒྱལ་མཚན་ནོར་བུ་གཉིས་ཡང་བསྐྱར་ཐུགས་འཕྲད་བྱས་པ་དེ་ཆགས་ཡོད།
དེ་སྔོན་རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་གཞིགས་ན། མའོ་ཙེ་ཏུང་ (毛泽东) དང་ཏིང་ཞོ་ཕིང་ (邓小平) རྒྱ་ནག་གུང་ཁྲན་ཏང་གི་འགོ་འཁྲིད་རྒན་གྲས་ཁོང་གཉིས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དང་མཇལ་འཕྲད་སྐབས་ཐུགས་འཕྲད་ཟེར་བ་བེད་སྤྱོད་བྱས་འདུག་པ་མ་ཟད། 2 ཕྱི་ལོ་ ༡༩༩༦ ལོར་ཅང་ཙེ་མིང་ (江泽民) དང་ལོ་ན་ཕྲ་བའི་རྒྱལ་མཚན་ནོར་བུ་གཉིས་ཐུགས་སྐབས་ཡང་ཐུགས་འཕྲད་ཟེར་བའི་ཡིག་འབྲུ་གཉིས་དེ་བེད་སྤྱོད་བྱས་འདུག 3 འོན་ཀྱང་ད་རེས་ཞི་ཅིན་ཕིང་དང་རྒྱལ་མཚན་ནོར་བུ་གཉིས་ཐུགས་སྐབས་མཇལ་ཞུ་ཟེར་བའི་ཡིག་འབྲུ་གཉིས་བེད་སྤྱོད་བྱས་པ་དང་། གཞན་ཧང་སང་དགོས་པ་ཞིག་ལ་ཞི་ཅིན་ཕིང་དང་གཤམ་འོག་བོད་ཀྱི་དཔོན་རིགས་བར་ཐུགས་སྐབས་“ཞི་ཅིན་ཕིང་གིས་ལྷ་སར་མཛའ་ཞིང་བརྩེ་བས་བོད་ལ་བཅའ་སྡོད་དམག་དཔུང་དཔོན་དང་དམག་མིར་ཐུགས་འཕྲད་གནང་ཡོད་ཟེར།”4 དེ་མཚུངས་ཞི་ཅིན་ཕིང་དང་བོད་མི་དཀྱུས་མ་ཐུགས་པའི་སྐབས་སུ་“བོད་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་རྣམས་ལ་འཚམས་འདྲི་ཞུས་ཡོད་ཟེར།”5 ཞི་ཅིན་ཕིང་དང་རྒྱལ་མཚན་ནོར་བུ་ཐུགས་འཕྲད་སྐབས་གཞི་ནས་མཇལ་ཞུ་ཟེར་བ་ཡིག་འབྲུ་གཉིས་བེད་སྤྱོད་བྱས་འདུག
ག་རེ་བྱས་ནས་ཞི་ཅིན་ཕིང་དང་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཕྱི་ངོས་མཚོན་པའི་རྒྱལ་མཚན་ནོར་བུར་ཐུག་སྐབས་མཇལ་ཞུ་ཟེར་བ་བེད་སྤྱོད་བྱས་པ་རེད་དམ། དེས་རྒྱ་གཞུང་གི་ཆབ་སྲིད་ཀྱིས་སྔོན་བརྡ་ཞིག་བཏང་ཡོད་པ་ནི་རྒྱ་ནག་གི་དཔོན་པོ་བོད་ཀྱི་ནང་བསྟན་གྱི་མགོ་ཐོག་ཏུ་སྡོད་པ། མཐོ་ས་གོང་མའི་དབང་ཆས་དམའ་ས་ཆོས་ལུགས་ལ་ཚོད་འཛིན་དང་ཁ་ལོ་སྒྱུར་གྱི་ཡོད་པ་མངོན་ཆེད་རེད།
《环球网》ཕྱི་ལོ་ ༡༩༥༤ ཟླ་ ༩ པར་མའོ་ཙེ་ཏུང་གིས་པེ་ཅིང་དུ་བོད་ཀྱི་ཆོས་ལུགས་དབུ་འཁྲིད་༸ཏཱ་ལའི་བླ་མ་༸བསྟན་འཛིན་རྒྱལ་མཚོ་དང་༸པཎ་ཆེན་ཨ་ཏི་ནི་༸ཆོས་ཀྱི་རྒྱལ་མཚན་གཉིས་དང་ཐུག་འཕྲད་གནང་བ།
《中国西藏网》ཕྱི་ལོ་ ༡༩༩༦ ཟླ་ ༡ ཚེས་ ༡༢ ཉིན་ཅང་ཙེ་མིང་གིས་རྒྱལ་མཚན་ནོར་བུ་དང་གདན་ས་བཀྲིས་ལྷུན་པོའི་སྐུ་ཚབ་ཚོགས་པ་དང་ཐུག་འཕྲད་གནང་བ།
རྒྱ་ནག་གི་གསེར་བུམ་དཀྲུག་པ་ཟེར་བ་ནི་ཆབ་སྲིད་ཀྱི་ལག་ཆ་ཙམ་རེད།
རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་ནི་ལྷ་མེད་སྨྲ་བ་དང་ཆོས་དུག་རེད་ཟེར་བའི་ལྟ་ཚུལ་དང་ཆོས་མེད་པ་བཟོ་ཐབས་བྱེད་མཁན་ཞིག་རེད། དེས་བོད་ཀྱི་ལོ་ངོ་སྟོང་ཕྲག་ལྡན་པའི་བླ་སྤྲུལ་ཡང་སྲིད་ཐོག་ཐེ་ཇུས་བྱས་པ་དེ་ནི་གད་མོ་སློང་བའི་སྐད་ཆ་ཞིག་རེད། ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་དེ་སྔོན་”གསང་གཏོལ་དུས་ཚོད། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་བ།“ཞེས་པའི་དམིགས་གསལ་ལེ་ཚན་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་གྱི་ཡང་སྲིད་ལམ་ལུགས་སུ་ཚོད་འཛིན་བྱས་ནས་རྒྱལ་མཚན་ནོར་བུ་ངོས་འཛིན་བྱས་པའི་བརྒྱུད་རིམ་གསལ་སྟོན་བྱས་ཡོད།6 ལོ་སྔོན་མར་ YOUTUBE ཞེས་པའི་དྲྭ་ཚིགས་ཀྱི་བརྒྱུད་ལམ་王局拍案ཟེར་བས་ཨ་ཀྱཱ་རིན་པོ་ཆེར་བཅའ་འདྲི་ཞུས་པའི་ལེ་ཚན་དེས་རྒྱ་གཞུང་གི་བྱ་ངན་དེ་རྒྱ་རིགས་ཁྲོད་ཁ་གསལ་ངོ་སྤྲོད་ཤུགས་ཆེན་བྱུང་ཡོད། དེའི་ཁྲོད་ཨ་ཀྱཱ་རིན་པོ་ཆེ་མཆོག་ནས་ལྷ་ལྡན་གཙུག་ལག་ཁང་དུ་རྒྱ་ནག་གཞུང་གིས་གསེར་བུམ་དཀྲུག་ནས་བོད་ཀྱི་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལ་ལག་རྩེད་བྱས་པའི་བརྒྱུད་རིམ་གཟིགས་གནང་ཡོད་པའི་སྐོར་བརྗོད་ཡོད།7
དེའི་ནང་རྒྱ་མི་ཝང་ཀྲི་ཨན་(王志安)ཟེར་བས་རིན་པོ་ཆེ་མཆོག་ལ་བཅའ་འདྲི་ཞུས་པའི་ལེ་ཚན་དེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གི་རང་རྣམ་《逆风顺水》ཞེས་པའི་ནང་དེ་སྔོན་ནས་གསལ་སྟོན་གནང་ཡོད། རིན་པོ་ཆེས་ཕྱག་བྲིས་གནང་དོན་”ངས་བསམ་པར་ཁོ་རང་གིས་གསེར་བུམ་དཀྲུག་དཀྲུག་བཏང་ནས་མཐར་དེའི་ནང་གི་བྱང་བུ་ཞིག་མར་རང་འགུལ་གྱིས་ཐོན་ཡོང་གི་རེད་བསམ་བྱུང། བསམ་ཡུལ་ལས་འདས་པར་ཁོ་རང་གིས་བྱང་བུ་གསུམ་ལ་རེག་ཙམ་བྱས་ནས་དེའི་ནང་གི་བྱང་བུ་གཅིག་ལེན་རྗེས་དབུས་ཀྱི་དམིགས་གསལ་སྐུ་ཚབ་པ་ལོ་ཀན་(罗干)ལ་སྤྲད་སོང། ལོ་ཀན་གྱིས་དབུ་ལྕོག་ལྕོག་གནང་ནས་ར་སྤྲོད་བྱས་པའི་རྣམ་འགྱུར་བསྟན་སོང། སྤོ་མེས་རིན་པོ་ཆེས་བྱང་བུ་དེ་རྒྱལ་མཚན་ནོར་བུར་སྤྲད། དེ་ནས་རྒྱལ་མཚན་ནོར་བུས་སྐད་ཤུགས་ཆེན་པོས་ལྷ་རི་རྒྱལ་མཚན་ནོར་བུ་ལ་རྒྱན་ཐོབ་སོང་ཞེས་ཁྱབ་བསྒྲགས་བྱས།“8 སྐབས་དེ་དུས་ཀྱི་རྒྱ་ནག་ཆོས་ལུགས་ལྷན་ཁང་གི་འགན་འཛིན་གཡས་ཞཱོ་ཝན་(叶小文)གྱིས་ཨཱཀྱ་རིན་པོ་ཆེ་དང་འཇམ་དབྱངས་བཞད་པ་རིན་པོ་ཆེ་རྣམ་པ་གཉིས་ལ་ཞུས་པར་”ཁྱེད་གཉིས་ཀྱི་བྱང་བུ་གསུམ་གྱི་ཐོག་བྲིས་པའི་མིང་མཐོང་བྱུང་ངམ། ཁུག་མ་གསེར་པོ་གསུམ་དེ་ཡང་མཐོང་ཡོད་ཀྱི་རེད། རེད་བས། དེ་ཚོ་ཚང་མ་ཆིང་རྒྱལ་རབས་ཀྱི་ལུགས་སྲོལ་ནང་བཞིན་རེད། བྱང་བུ་གཅིག་གི་ནང་དུ་ང་ཚོས་སྲིང་བལ་ཏོག་ཙམ་བཅུག་པ་ཡིན། བརྟན་པོ་ཡོང་ཆེད་ཡིན། ཁྱེད་ཚོས་དོ་སྣང་བྱུང་སོང་ངམ། ངའི་བྱང་བུ་དེ་ཏོག་ཙམ་མཐོ་བ་ཡོད། ང་ཚོས་བྱང་བུའི་ནང་དུ་སྲིང་བལ་ཏོག་ཙམ་བཅུག་ཡོད། བྱང་བུ་དེ་བུམ་པའི་ནང་ནས་ཏོག་ཙམ་མཐོ་བ་ཡོང་ཆེད་དང་ཡང་སྤྲུལ་དངོས་དེར་རྒྱན་འཁེལ་ཆེད་ཡིན་ཟེར།“9 བྱས་ཙང་རྒྱ་གཞུང་གསེར་བུམ་དཀྲུག་པ་ཟེར་བ་ནི་ཁོ་ཚོས་ལྐོར་ཏུ་ཚུལ་མིན་བྱེད་པའི་ལག་ཆ་ཙམ་རེད།
རྒྱ་གཞུང་ནས་གོང་མའི་དབང་ཆ་ལག་རྩེད་བྱས་ནས་བོད་ཐོག་མན་ཆིང་གིས་ལུགས་སྲོལ་ཟེར་བ་བསྐྱར་ལོག་བྱས།
སྔོན་ལ་ལུང་འདྲེན་ཞུས་པའི་ནང་གཡས་ཞཱོ་ཝན་གྱིས་གསེར་བུམ་དཀྲུག་པ་ཚང་མ་ཆིང་རྒྱལ་རབས་ཀྱི་ལུགས་སྲོལ་རེད་ཟེར་བ་དང་། ད་དུང་གསེར་བུམ་དཀྲུག་ཚར་བའི་ཉིན་གཉིས་པར་ལི་ཐེ་དབྱིང་(李铁映)གིས་རྒྱལ་མཚན་ནོར་བུར་རྒྱ་བོད་ཡིག་གཉིས་བཀོད་པའི་གསེར་ཐམ་(金印)དང་གསེར་གླེགས།(金册)ད་དུང་ཅང་ཙེ་མིན་གིས་བྲིས་པའི་རྒྱལ་སྐྱོང་དམངས་ཕན་ཟེར་བའི་སྒོ་བྱང་ཆེན་པོ་ཞིག་གནང་ཡོད། བརྒྱུད་རིམ་ཆ་ཚང་བརྙན་འཕྲིན་ནང་འཁྲབ་པའི་གནའ་དུས་གོང་མའི་ཁྲི་འདོན་མཛད་སྒོ་བཞིན། དེ་ནི་མན་ཇུ་གོང་མའི་ལུགས་སྲོལ་ནང་བཞིན་ཡིན་ཟེར། ང་ཚོ་བོད་ཀྱི་ནང་བསྟན་དང་མན་ཇུ་གོང་མའི་དབར་གྱི་དངོས་ཡོད་མཆོད་ཡོན་འབྲེལ་བ་གང་འདྲ་ཡིན་མིན་མི་གླེང་བར། མན་ཇུ་བཙན་རྒྱལ་མགོ་རྟིང་སློག་ནས་ཀྲུང་གོ་གསར་པ་ཟེར་བས་བཀས་བཀོད་རྒྱུད་འཛིན་གྱི་ཁ་གཅོད་(封建盖子) ལམ་ལུགས་དེ་གཏོར་ཚར་ཟེར། འོན་ཀྱང་བོད་ཐོག་མན་ཇུའི་ལུགས་སྲོལ་ཟེར་བ་བསྐྱར་ལོག་བྱས། དེ་འདྲའི་ཁ་ཞེ་མི་མཚུངས་པ་དངོས་གནས་བསྟན་བཤིག་ཚ་པོ།
བོད་མིའི་ངག་རྒྱུན་ནང་མཇལ་ཁ་ཞུས་པ་ཟེར་བའི་མིང་ཚིག་དེ་དད་པ་བྱེད་སའི་ཡུལ་བླ་མ་སྐྱེས་ཆེན་དམ་པའི་ཐོག་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་ཞི་ཅིན་ཕིང་ནས་༸པཎ་ཆེན་ཨ་ཏི་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་ལ་དང་ལེན་གནང་ཡོད་ཟེར་བ་དེས་རྒྱ་གཞུང་གིས་ཆབ་སྲིད་ཀྱི་བརྡ་ཞིག་བཏང་ཡོད་པ་ནི་རྒྱ་ནག་གིས་དཔོན་པོ་བོད་ཀྱི་ནང་བསྟན་གྱི་མགོ་ཐོག་ཏུ་སྡོད་ཐབས་བྱས་ཡོད་པ་སྟེ། མཐོ་ས་གོང་མའི་དབང་ཆས་དམའ་ས་ཆོས་ལུགས་ལ་ཚོད་འཛིན་དང་ཁ་ལོ་སྒྱུར་གྱི་ཡོད་པ་གསལ་ཆེད་རེད། དམའ་ས་ཆོས་ལུགས་ནས་ཅི་གསུང་བཀའ་སྒྲུབ་བྱེད་དགོས། དེ་ཡང་མི་ཚོས་ཞི་ཅིན་ཕིན་ལ་གོང་མ་ཞི་ཞེས་ཟུར་ཟ་བྱས་པ་དང་མ་གྲོས་གཅིག་མཐུན་ཆགས་འདུག
ཞི་ཅིན་ཕིང་ནས་པཎ་ཆེན་གྱི་མཇལ་ཞུ་ལ་དང་ལེན་གནང་ཟེར་བ་དོན་དངོས་ཐོག་༸གོང་ས་མཆོག་ལ་དབང་ཤུགས་ངོམས་པ་ཙམ་རེད།
འོ་ན་ཅིའི་ཕྱིར་ཞི་ཅིན་ཕིང་གིས་ལོ་ངོ་བཅུ་ཙམ་རྗེས་སུ་གློ་བུར་དུ་རྒྱ་གཞུང་གིས་༸པཎ་ཆེན་རྒྱལ་མཚན་ནོར་བུའི་མཇལ་ཞུ་ལ་དང་ལེན་བྱས་ཡོད་དམ། ཕྱི་ཟླ་ ༧ ཚེས་ ༦ ཉིན་ནི་༸གོང་ས་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་ལོ་དགུ་བཅུ་ཕེབས་པའི་གོ་སྟོན་སྲུང་བརྩི་ཞུ་གི་ཡོད། དེ་ནི་བོད་མིའི་སྤྱི་ཚོགས་དང་བོད་དོན་རྒྱབ་བསྐྱོར་བ། བོད་ཀྱི་ནང་བསྟན་གྱི་རྗེས་འབྲང་པ། ༸གོང་ས་མཆོག་ལ་དགའ་མོས་གནང་མཁན་ཚང་མའི་ཁྱད་འཕགས་ཅན་གྱི་དུས་ཚིགས་ཤིག་ཡིན་པ་མ་ཟད། ༸རྒྱལ་བའི་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་ཡང་འཛམ་བུ་གླིང་ཚང་མས་སེམས་ཁུར་ཆེ་ཤོས་བྱེད་སའི་གནད་དོན་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ཕྱི་ལོ་ ༢༠༡༡ ལོའི་ཟླ་༩ པའི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་༸གོང་ས་མཆོག་ནས་བཀའ་ཡིག་ཕེབས་ནས་འབྱུང་འགྱུར་༸ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུན་མིན་”ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་ལུགས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན། འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།”ཞེས་གསལ་བསྒྲགས་བསྐྱངས་ཡོད།
ད་ལོ་ནི་༸སྐུ་མདུན་དགུང་གྲངས་༩༠ ཕེབས་པ་དང་། ཕྱི་ཟླ་ ༧ ཚེས་ ༢ ནས་ཆོས་ལུགས་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོགས་ཡོད། བྱས་ཙང་ཞི་ཅིན་ཕིང་ནས་དུས་ཚོད་འདི་འདྲ་གལ་ཆེན་གྱི་སྐབས་སུ་རྒྱ་གཞུང་གི་༸པཎ་ཆེན་རྒྱལ་མཚན་ནོར་བུའི་མཇལ་ཞུ་ལ་དང་ལེན་གནང་ཡོད་ཟེར་བ་དེས་མདུང་རྩེ་གཏད་ས་ནི༸གོང་ས་མཆོག་ཡིན་པ་མངོན་གསལ་དོད་པོ་རེད། ཚང་མའི་རེ་བ་བཞིན་༸གོང་ས་མཆོག་ནས་ཀྱང་གོ་སྟོན་དང་བསྟུན་༸ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུན་གནང་རྒྱུ་དང་༸སྐུ་ཕྲེང་བཅོ་ལྔ་པ་རང་དབང་ཅན་གྱི་རྒྱལ་ཁབ་ནང་འཁྲུངས་ཀྱི་ཡོད་པའི་བཀའ་ཕེབས་སོང་། བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་ཞུགས་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། སྐུ་ཚབ། ཚོགས་བཅར་བ་བཅས་སྤྱི་མགྲིན་ནས་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུས་བ་དང་སྦྲགས། ཆོས་ཚོགས་སུ་གཤམ་གསལ་དོན་གནད་ཁག་ལ་སྤྱི་མོས་བྱུང་བ་སྟེ།“སྐུ་ཕྲེང་རྒྱུན་མཐུད་ཇི་ལྟར་བྱ་རྒྱུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་སྟབས། རྒྱ་ནག་དམར་གཞུང་གིས་ཆབ་སྲིད་དགོས་མཁོ་ཁོ་ནར་དམིགས་ནས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཕེབས་ཕྱོགས་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲོགས་བྱས་དང་བྱེད་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད།”ཅེས་ནན་བརྗོད་གནང་འདུག 10
རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱོད་ནས་༸རྒྱལ་བའི་ཡང་སྲིད་རྫུན་མ་བཟོ་རྩིས་བྱེད་ཀྱི་ཡོད།
རྒྱ་ནག་གི་དམག་མིས་བོད་ཡུལ་བཙན་འཛུལ་བྱས་པ་ནས་བཟུང་། རྒྱ་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་དང་བོད་མི་ཁ་འཐོར་གྱི་ལས་གཞི་མང་པོ་ཞིག་སྤེལ་ཡོད། དེའི་ནང་༸པཎ་ཆེན་རིན་པོ་ཆེ་བེད་སྤྱོད་བྱས་སྟེ་༸རྒྱལ་བ རིན་པོ་ཆེར་ཚོད་འཛིན་བྱེད་པའི་དམིགས་ཡུལ་སྒྲུབ་ཐབས་དང་།11 སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་གི་རང་རྣམ་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་《噶伦堡的制面师》ཞེས་པའི་ནང་”རྒྱ་གཞུང་གི་བྱེད་སྟངས་འདི་ནི་༸པན་ཆེན་རིན་པོ་ཆེའི་གནས་བབ་མཐོ་རུ་བཏང་ནས་ཁོང་དང་༸ཏཱ་ལའི་བླ་མ་གཉིས་འདྲ་མཉམ་བཟོས་ཏེ་ཁོང་གཉིས་དབར་འགྲན་རྩོད་བཟོ་ཐབས་བྱེད་ཀྱི་ཡོད་ཟེར།“12 དེང་སྐབས་རྒྱ་ནག་ནང་༸ཏཱ་ལའི་བླ་མ་དང་༸པཎ་ཆེན་བླ་མ་གཉིས་ལས་སུ་ཡི་གོ་གནས་མཐོ་བ་ཡོད་དམ། དོན་དངོས་ཐོག་དབང་འཛིན་པ་སུ་རེད་དམ། (“达赖” 和 “班禅” 到底哪个地位更高,谁才是真正的掌权者?) ཞེས་པ་སོགས་ཀྱི་རྩོམ་ཡིག་མང་པོ་ཞིག་སྤེལ་ཏེ་ཁོང་རྣམ་གཉིས་ཀྱི་མཚན་གནས་ལ་འཁྱོག་བཤད་བྱེད་ཀྱི་འདུག རྩོམ་ཡིག་དེ་ཚོའི་ནང་༸པཎ་ཆེན་དང་༸ཏཱ་ལའི་བླ་མ་གཉིས་གདན་ཐོབ་གཅིག་མཚུངས་རེད། ༸པཎ་ཆེན་རིན་པོ་ཆེ་ཏཱ་ལའི་བླ་མ་དང་བསྡུར་ན་ཅུང་ཙམ་ལྷག་པ་ཡོད། ༸པཎ་ཆེན་དང་ཏཱ་ལའི་བླ་མ་གཉིས་ཀྱི་གནས་བབ་ཐོག་སྟོབས་ཤུགས་འདྲ་མཚུངས་རེད་ཟེར་བའི་ནང་དོན་རྐྱང་རྐྱ་བཀོད་འདུག 13 དོན་དངོས་ཐོག་རྒྱ་གཞུང་གིས་སྔ་ས་ནས་བོད་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡང་ན་བདག་པོ་དེ་༸རྒྱལ་བ་རིམ་བྱོན་ཡིན་པའི་དངོས་ཡོད་ཀྱི་གནས་སྟངས་དེ་ཧ་ཅང་གི་གསལ་པོ་ཤེས་ཀྱི་ཡོད། བྱས་ཙང་ཧཱ་ལུང་(贺龙)གིས་སྙན་ཐོའི་ནང་བྲིས་པར་”༸ཏཱ་ལའི་བླ་མ་ནི་སྲིད་གཞུང་གི་འགོ་འཁྲིད་མཐོ་ཤོས་རེད། ༸པཎ་ཆེན་གྱི་དགོན་པ་ཁ་ཤས་བདག་པོ་སྐྱོན་གྱི་ཡོད། འོན་ཀྱང་ཆོས་ལུགས་ཐད་ཤུགས་རྐྱེན་གཅིག་པ་ཡོད། ཁོང་གི་སྲིད་དབང་༸ཏཱ་ལའི་དབུ་ཁྲིད་འོག་རེད་ཟེར།”14
༸རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡང་ན་བདག་པོ་ཡིན་པས་༸པཎ་ཆེན་རིན་པོ་ཆེ་ནས་ཁོང་དང་བསྡུར་ཐབས་མེད། དེ་ནི་བདེན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་མཁོའི་ཆེད་ཆབ་སྲིད་ཀྱི་སྐུ་དབང་སྦས་ཐབས་དང་རྒྱལ་མཚན་ནོར་བུའི་གནས་བབ་མཐོ་རུ་གཏོང་ཐབས། དེ་ནས་༸སྐུའི་ཤུགས་རྐྱེན་གནོན་ཐབས་ཡང་ན་འགེབ་ཐབས་བྱེད་བཞིན་ཡོད། ༸ཏཱ་ལའི་བླ་མ་དང་༸པཎ་ཆེན་བླ་མ་གཉིས་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ཡང་སྲིད་ཁོངས་གཏོགས་ཀྱི་གལ་ཆེ་ཤོས་གྲས་ཡིན། ཆོས་ཕྱོགས་ཀྱི་དད་སེམས་ཕར་བཞག་ནས་འཇིག་རྟེན་ལུགས་ཀྱི་ཕྱོགས་ནས་བཤད་ན། ༸པཎ་ཆེན་བླ་མའི་ཡང་སྤྲུལ་ལམ་ལུགས་ནི་༸ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ལས་ཕྱིས་མཆེད་པ་ཞིག་རེད། གལ་སྲིད་༸ཏཱ་ལའི་བླ་མས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་གནང་མེད་ཚེ་༸པཎ་ཆེན་བླ་མའི་ཡང་སྲིད་ལམ་ལུགས་གང་ཡང་བྱུང་མེད། ད་ཐེངས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་ཏུ་བཀོད་པར་ཞི་ཅིན་ཕིང་ནས་རྒྱལ་མཚན་ནོར་བུའི་མཇལ་ཞུ་ལ་དང་ལེན་གནང་ཡོད་ཟེར། གཅིག་ནས་རྒྱལ་མཚན་ནོར་བུ་གལ་ཆེན་ཡིན་པ་མངོན་ཆེད་དང་ཁོའི་གནས་བབ་མཐོ་རུ་གཏོང་ཆེད་ཡིན། གཉིས་ནས་རྒྱ་ནག་གུང་ཁྲན་ཏང་ཡང་ན་འགོ་ཁྲིད་བོད་ཀྱི་ནང་བསྟན་ལས་མཐོ་བ་ཡོད་པ་དང་། དེང་སྐབས་རྒྱ་ནག་ནང་བོད་ཀྱི་ནང་བསྟན་གྱི་བླ་མ་མཐོ་ཤོས་ཡིན་ཟེར་བའི་རྒྱལ་མཚན་ནོར་བུར་ཚུར་མཇལ་ཁ་སྤྲད་པའི་དབང་ཤུགས་མཚོན་ཆེད་རེད།
འོ་ན་རྒྱ་གཞུང་གིས་བཤད་པ་བཞིན་༸པཎ་ཆེན་ཟེར་བའི་རྒྱལ་མཚན་ནོར་བུ་དང་༸རྒྱལ་བ་རིན་པོ་ཆེ་གཉིས་འདྲ་མཉམ་གྱི་གནས་བབ། ཡང་ན་རྒྱལ་མཚན་ནོར་བུ་༸རྒྱལ་བ་རིན་པོ་ཆེ་ལས་དབང་ཚད་ཆེ་བ་ཡོད་ཚུལ་སྒྲུབ་ཀྱི་ཡོད་ན། ༸རྒྱལ་བ་རིན་པོ་ཆེ་དང་ཞི་ཅིན་ཕིང་གཉིས་ཐུག་འཕྲད་བྱེད་པའི་དུས་ཤིག་བྱུང་ཚེ་རིན་པོ་ཆེ་མཆོག་གིས་ཕར་ཞི་ཅིང་ཕིན་ལ་མཇལ་ཁ་ཞུ་དགོས་སམ། རྒྱ་གཞུང་གིས་བྱེད་སྟངས་འདི་ནི་ཞི་ཅིན་ཕིང་བོད་ཀྱི་ནང་བསྟན་གྱི་དབུ་བླ་༸རྒྱལ་བ་རིན་པོ་ཆེ་ལས་གོ་གནས་མཐོ་བ་ཡོད་པ་དང་རྒྱ་ནག་གིས་དཔོན་པོ་བོད་ཀྱི་ནང་བསྟན་གྱི་མགོ་ཐོག་ཏུ་སྡོད་པ། ད་དུང་རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱོད་བྱས་ཏེ་༸རྒྱལ་བའི་ཡང་སྲིད་ཐོག་ཐེ་ཇུས་བྱེད་མི་སྲིད་དམ། རྒྱ་གཞུང་གིས་མངོན་གསལ་དོད་པོས་བཤད་མེད་ཀྱང་ཁོ་ཚོའི་དངོས་ཡོད་བསམ་ཚུལ་དེ་འདྲ་ཞིག་རེད།
རྒྱལ་མཚན་ནོར་བུ་ནི་རྒྱ་ནག་གཞུང་གིས་དབང་ཤུགས་ཀྱིས་བདམས་པའི་པཎ་ཆེན་རྫུན་མ་རེད། ཁོ་ནི་རྒྱ་གཞུང་གིས་༸རྒྱལ་བ་རིན་པོ་ཆེར་ཚོད་འཛིན་དང་བོད་མིར་རྒྱ་གཞུང་གི་བལྟ་བ་སྤེལ་མཁན་བོད་མིའི་ཀླད་པ་བཀྲུ་བྱེད་ཀྱི་ཆབ་སྲིད་ལག་ཆ་ཙམ་རེད། རྒྱ་གཞུང་གིས་ལངས་ཕྱོགས་མངོན་སྟོན་བྱེད་པར་རྒྱ་མཚན་ནོར་བུ་བེད་སྤྱོད་བྱས་ནས་༸རྒྱལ་བའི་ཡང་སྲིད་ཐོག་ཐེ་ཇུས་བྱ་རྒྱུ་དེ་རེད། རྒྱ་གཞུང་གིས་གསེར་བུམ་དཀྲུག་པ་དང་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས་ཟེར་བ་བེད་སྤྱོད་ནས། རྒྱལ་མཚན་ནོར་བུའི་ལག་པ་བརྒྱུད་ནས་རྒྱ་ནག་ནང་༸རྒྱལ་བའི་སྐུའི་ཡང་སྲིད་ཟེར་བ་ཞིག་གདམ་སྲིད། རྒྱ་གཞུང་གིས་རྩིས་དེ་འདྲ་ཞིག་རྒྱབ་བཞིན་ཡོད་པ་རེད།
ཟུར་ལྟའི་དཔྱད་གཞིའི་ཡིག་ཆ་ཁག
1 習近平接受班禪額爾德尼·確吉傑佈拜見
http://www.news.cn/politics/leaders/20250606/bf06d53043f2444bb1d995b0db5e38fc/c.html
2 已經進京見過毛澤東 達賴爲何還要叛逃?
https://m.huanqiu.com/article/9CaKrnJlFLs
3第十一世班禪額爾德尼·確吉傑佈十年大事記
http://www.tibet.cn/cn/cloud/xszqkk/zgxz/2006/1/201712/t20171219_5276096.html
4 習近平在西藏考察時強調 全麵貫徹新時代黨的治藏方略 譜冩雪域高原長治久安和高質量髮展新篇章
http://www.xinhuanet.com/politics/leaders/2021-07/23/c_1127687414.htm
5 習近平在西藏考察時強調 全麵貫徹新時代黨的治藏方略 譜冩雪域高原長治久安和高質量髮展新篇章
http://www.xinhuanet.com/politics/leaders/2021-07/23/c_1127687414.htm
6解密時刻:尋找班禪喇嘛轉世靈童
7阿嘉活佛專訪(上):我見証了班禪轉世靈童抽籤造假|局麵20240518
8阿嘉·洛桑圖丹,《逆風順水: 阿嘉仁波切的一生和金瓶掣籤的秘密》,大塊文化,2013年,第 463 頁
9阿嘉·洛桑圖丹,《逆風順水: 阿嘉仁波切的一生和金瓶掣籤的秘密》,大塊文化,2013年,第469頁
10 དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བ།
11 陳力,中共浙江省委黨校講師,《派繫之爭: 宗派主義下的西藏工委 (1950-1958) 》,二十世紀雙月刊,2021年12月號,總第一八八期
12 嘉樂頓珠/石文安,《噶倫堡的製麵師: 達賴喇嘛二哥回憶錄—不爲人知的圖博奮鬥故事》,颱灣圖博之友會,2017年,第410頁
13 “達賴” 和 “班禪” 到底哪個地位更高,誰才是真正的掌權者?https://www.163.com/dy/article/HEV5QCVO0543AUYD.html
14 <康藏情況報告>(1950年1月10日) ,載總參謀部《賀龍傳》編冩組: 《賀龍軍事文選》,北京: 解放軍出版社,1989年,第464-465頁
རྒྱ་ཡིག་མ་ཡིག་དེ་ཐེ་ཝན་གྱི་གསར་ཁང་风傳媒 The Storm Media སྟེང་སྤེལ་ཡོད།