མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་སྟོན་གྱི་རྟེན་འབུལ། ངའི་སེམས་ཁོངས་ན་ཡོད་པའི་མི་མངོན་པའི་རྒྱལ་ཁབ་དེ་ལ་བདེན་རྟགས་ཤིག

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཀུན་དགས་དབྱིན་ཡིག་ཏུ་བརྩམས།
ཚེ་རིང་དོན་གྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར།
འགྱུར་རྩོམ་ཁུངས། བོད་ཀྱི་དུས་བབ།

བོད་མི་ལམ་བཟོ་བ་མ་བུ་གཉིས།

ཕྱི་ལོ་ ༡༩༦༠ ནང་རྒྱ་གར་ཧི་མ་ལ་ཡའི་ས་ཁུལ་ག་གེ་མོ་ཞིག་གི་ལམ་བཟོ་ཡུལ་ཞིག་ཏུ་བོད་པའི་ཨ་མ་ལགས་ཤིག་གིས་བྱིས་པ་དམར་འབྱར་ཞིག་རྒྱབ་ཏུ་ཁུར་ཏེ། ས་བརྐོ་རྡོ་སློག་བྱེད་བཞིན་པའི་འདྲ་པར་ཞིག་གིས་བསྟན་འཛིན་ཀུན་དགའ་ལགས་ལ་བཙན་བྱོལ་དུ་ཐོག་མར་གྱར་སྐབས་གནས་སྟངས་ཡ་ང་ཡང་ཆོད་སེམས་བརྟན་པའི་ཁོང་གི་རྨོ་ལགས་དང་། དེ་བཞིན་བོད་མི་མི་རབས་གསུམ་གྱིས་རྒྱ་དམར་གྱིས་རང་ཉིད་ཀྱི་ཕ་ཡུལ་བཙན་བཟུང་བྱས་པ་ལ་ཁ་གཏད་གཅོག་ཆེད་དུ་གསོན་པོར་གནས་རྒྱུའི་སྙིང་སྟོབས་བཅངས་ཏེ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བོད་མི་རིགས་ཀྱི་ངོ་བོ་དང་རེ་བ་གསོན་པོར་ཉར་ཡོད་པ་རྣམས་ཡིད་ངོར་དྲན་དུ་བཅུག

ཁྱད་འཕགས་ཀྱི་ནུས་རྩལ་ལྡན་པའི་མིའི་རིགས་ཁོ་ན་འགྲོ་ཕོད་པའི་རི་བོའི་ཁྲོད་ནས་འགྲོ་ལམ་གཏོད་དེ། ང་ཚོའི་རྒན་རབས་རྒན་པ་ཚོས་རྒྱལ་ཁབ་ཅིག་གི་མ་འོངས་པ་དེ་ཁོང་ཚོའི་སྒལ་པར་འཁྱེར་ནས་བསླེབས་ཡོད། ལྷ་སྲུང་མས་སྡོང་གྲོགས་ཀྱི་ཕྱག་བསྐྱངས་མེད་ལ། མི་རིགས་གཞན་ང་ཚོའི་རྒྱབ་ཏུ་ལངས་མེད། ང་ཚོའི་རྒན་རབས་པ་ཚོས་ཧང་སངས་དགོས་པའི་བྱ་གཞག་དེ་བསྒྲུབས་པར་བརྟེན་དེ་རིང་ངས་རང་ཉིད་ཀྱི་ཚོར་སྣང་རྣམས་ཡིག་ཐོག་ཏུ་འགོད་རྒྱུའི་ཉིན་མོ་དེ་བྱུང་།

ངས་ང་ཚོ་ཚང་མ་གཅིག་ཏུ་སྦྲེལ་བར་བྱེད་མཁན་གྱི་བྱམས་བརྩེའི་བདག་ཉིད་ཅན་གྱི་སྟོན་པ་དང་ཁོང་གིས་གསུངས་པའི་དམ་པའི་ཆོས་ཀྱི་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད། ང་ཚོར་ཡོད་པ་ནི་དད་པ་ཁོ་ན་སྟེ། ནང་དུ་མཆེད་བཞིན་པའི་དད་པའི་མེ་ལྕེས་ངལ་བའི་གངས་ཕྱིད་ཐམས་ཅད་བཞུར། ང་ཚོ་ནི་བདེ་ལྷོད་དུ་སྡོད་རྒྱུར་སྐྱེས་པ་མིན་པར། ཤབ་ཤུབ་ཏུ་བཏོན་པའི་ཁ་དོན་གྱིས་སྐྱེད་བསྲིངས་དང་། ཁུ་སིམ་སིམ་གྱི་རྣམ་འགྱུར་གྱིས་བཟོ་དབྱིབས་གཏོད། རླུང་འཚུབ་ཀྱིས་སྟོབས་སྤེལ་བའི་འགྱེལ་ས་ནས་ལངས་ཐུབ་པའི་རང་གཤིས་ཤིག་དང་སྦྲགས་ཏེ་སྐྱེས།

ངའི་རྨོ་ལགས་ནི་ས་གཞིའི་དབྱིབས་གཏོད་པའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་ཕྱོགས་ངེས་མེད་དུ་རྒྱུ་བའི་རླུང་དང་འདྲ་བའི་བུ་མོ་ཞིག་ཏུ་སྐྱེས་ཡོད་མོད། འོན་ཀྱང་ཁོང་ས་བརྐོ་རྡོ་སློག་གི་ལམ་བཟོའི་ལས་ལ་ཞུགས་དགོས་བྱུང་བ་ནི་སྙན་གྲགས་ཀྱི་རྗེས་བསྙེགས་པ་མ་ཡིན་པར་འཚོ་གནས་ཀྱི་རྗེས་བསྙེགས་པ་ཞིག་རེད། ཁོང་གཅིག་པུས་བུ་ཕྲུག་བཞི་གཉོར་སྐྱོང་བྱ་ཆེད་དུ་ཉིན་མོ་ཚ་གདུང་ཆེ་བ་དང་མཚན་མོ་གཉིད་མེད་པའི་ངལ་རྩོལ་ལ་ཞུགས་དགོས་བྱུང་། བསྔགས་བརྗོད་མེད་ལ། གཟེངས་རྟགས་མེད། ཁོང་གི་དཀའ་སྤྱད་ཀྱི་འབད་བརྩོན་རྣམས་ནམ་ཡང་མི་ནུབ་པར་གནས་ཆེད་ཀྱི་འདྲ་པར་ཡང་མེད། ཡོད་པ་ནི་ཁོང་གིས་བུ་ཕྲུག་རྣམས་ཉིན་གཅིག་ལ་ཡིན་ནའང་འཚོ་གནས་ཐུབ་ཆེད་དུ་ལྟ་སྐྱོང་བྱ་རྒྱུའི་ཨུ་ཚུགས་མཐའ་སྐྱེལ་དང་མཁྲེགས་བཟུང་གི་ཆོད་སེམས་དེ་རེད།

ངའི་པཱ་ལགས་ནི་རྨོ་ལགས་ཀྱི་སྒལ་པར་འཁྱེར་ཡོད་པའི་རུས་པགས་ཙམ་ལས་མེད་པའི་བྱིས་པ་དམར་འབྱར་ཞིག་སྟེ། ཁོང་གིས་ཚིག་འབྲུ་གཅིག་ཀྱང་སྨྲ་མི་ཤེས་པའི་གོང་ནས་རྨོ་ལགས་ཀྱི་ངལ་བ་ཁྱད་གསད་ཀྱི་འཐབ་རྩོད་ནང་ཚེ་སྲོག་གི་དབུགས་རྔུབ་བཞིན་ཡོད། པཱ་ལགས་ནི་ཁོང་གི་ཨ་མ་ལགས་ཀྱི་ཁུ་སིམ་སིམ་གྱི་རྣམ་འགྱུར་གྱིས་ངས་དུས་ནམ་ཡང་འབྲི་ཐུབ་ངེས་ཀྱི་གཏམ་བཤད་ཀུན་ལས་ལྷག་པར་སྒྲ་དོན་གསལ་བར་གྲགས་བཞིན་པའི་འཇིག་རྟེན་ཞིག་གི་ནང་འཚར་ལོངས་བྱུང་ཡོད། ཁུ་སིམ་སིམ་གྱི་རྣམ་འགྱུར་དེ་ནི་དོན་གྱིས་སྟོང་པ་མ་ཡིན་པར། ཟབ་ཅིང་རྒྱ་ཆེ་བའི་དོན་གྱིས་ཁེངས་ཡོད། རྣམ་འགྱུར་དེས་ཕམ་ཉེས་དང་། ཡུལ་གྱར། བཙན་བྱོལ། དཀའ་སྤྱད་སྡུག་རུས་ཀྱི་སྒྲུང་གཏམ་བརྗོད་ཡོད། པཱ་ལགས་ཁོང་གི་གཉིད་གླུ་ནི་དྲག་ཆར་རླུང་འཚུབ་ཡིན་ལ། ཁོང་གི་རྩེད་ཆས་ནི་རྡོ་ཧྲུག་ཡིན། ཁོང་གི་དགོད་སྒྲ་ནི་ངེས་གཏན་མེད་པའི་གས་ཁའི་གསེང་ནས་གྲགས་ཡོད། ཡིན་ནའང་ཁོང་ནི་སྟོབས་ཆེན། བབ་རླིང། ཁུ་སིམ་སིམ་ཞིག་ཏུ་ཆེར་ལོངས་ཏེ། ཁོང་གི་ཨ་མ་ལགས་ཀྱི་དཀའ་སྡུག་རྣམས་ནམ་ཡང་ཆུད་ཟོས་སུ་གཏོང་རྒྱུ་མིན་པའི་སེམས་ཁོང་གི་དམ་བཅའ་བརྟན་པོར་བཟུང་ནས་གནས་ཡོད།

ཁོང་རྣམས་ཀྱིས་གཞན་གྱི་སྙིང་རྗེ་ལ་རེ་ལྟོས་བཅངས་མེད་ལ། གཞན་གྱི་ངོ་བསྟོད་དང་ལེགས་སྐྱེས་ལ་རེ་ལྟོས་དེ་བས་ཀྱང་བཅངས་མེད། ཁོང་རྣམས་ལ་དགོས་པ་ནི་མདུན་ཕྱོགས་སུ་བསྐྱོད་རྒྱུའི་ལམ་གཅིག་དང་། གོ་སྐབས་གཅིག མཁའ་དབུགས་གཅིག་ཁོ་ན། ཁོང་རྣམས་ཀྱིས་ནམ་ཡང་མི་མཐོང་བར་སྲིད་ཀྱང་གང་ལྟར་མཐོང་ངེས་པར་ཡིད་ཆེས་ཀྱིས་ཁེངས་པའི་སང་ཉིན་ཞིག་གི་ཆེད་དུ་འཚོ་གནས་བྱས་ཡོད། ཡིད་ཆེས་དེ་ནི་ལས་སླ་མོར་ཡོང་དཀའ། ཡིད་ཆེས་དེ་ནི་འཛམ་གླིང་གི་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་བཞིན་དུ་སྐྱེས་ཡོད་ཅིང་། ད་ལྟ་ཡིན་ནའང་ཡིད་ཆེས་དེ་བློས་གཏོང་མི་བྱ་རྒྱུའི་གདམ་ཀ་བྱེད་བཞིན་ཡོད།

ལྟོས་དང་། ངས་འདིར་རང་ཉིད་ཀྱི་འཇམ་ཞིང་མཉེན་པའི་ལག་ཏུ་སྨྱུ་གུ་ཞིག་བཟུང་སྟེ་ཀྲོང་ངེར་བསྡད་ཡོད། ངས་ས་རྡོ་ནམ་ཡང་འཁྱེར་མ་མྱོང་། ངས་འཁྱེར་བ་ནི་ཁོང་ཚོའི་སྒྲུང་གཏམ་རེད་ལ། སྒྲུང་གཏམ་དེ་དག་གིས་ང་འཁྱེར་བཞིན་ཡོད། ཁོང་ཚོའི་དཀའ་སྡུག་ནི་ཁོང་ཚོ་དང་མཉམ་དུ་མཇུག་སྒྲིལ་བ་མ་རེད་ལ། ཁོང་ཚོའི་སྟོབས་ཤུགས་ཀྱང་ཁོང་ཚོ་དང་མཉམ་དུ་མཇུག་སྒྲིལ་བ་མ་རེད། དེ་དག་ནི་རྒྱུན་ཆད་མེད་པའི་ཆུ་རྒྱུན་ཞིག་དང་། མི་རབས་ནས་མི་རབས་བརྒྱུད་དེ་ཤབ་ཤུབ་ཏུ་འདོན་པའི་ཁ་འདོན་དང་འདྲ་བར་བརྒྱུད་སྤྲོད་བྱེད་བཞིན་ཡོད། ངས་འབྲི་བཞིན་པའི་བརྗོད་པ་རེ་རེའི་ནང་ཁོང་ཚོའི་བློས་གཏོང་གིས་ཁེངས་ཡོད་ཅིང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ངའི་ལག་ནས་བཟུང་སྟེ་ལམ་སྣེ་འདྲེན་མཁན་གྱི་ལག་པ་དེ་དག་ལ་ངས་ནམ་ཡང་རེག་མ་མྱོང་ཡང་། ངས་བདམས་པའི་ཚིག་འབྲུ་རེ་རེར་ལག་པ་དེ་དག་གིས་རེག་བཞིན་ཡོད།

ངས་མི་ཚེ་འདི་དང་དུ་བླངས་ཏེ་བདམས་པ་ཞིག་མ་ཡིན་ནའང་། ངས་མི་ཚེ་འདི་གཞན་ཞིག་དང་བརྗེ་སྒྱུར་ནམ་ཡང་བྱེད་མི་སྲིད། མིང་འདི་དང་། ཁྲག་འདི། དཀའ་སྡུག་འདི། དེ་དག་ཚང་མ་ངའི་རེད། དེ་དག་གི་ནང་དུ་ངས་དོན་སྙིང་མཐོང་། ངའི་ད་ཡོད་ཀྱི་འབོད་སྒྲ་ནི་འབོད་སྒྲ་གྲག་རྒྱུ་མ་བྱུང་བའི་ཁོང་རྣམས་ལ་བརྟེན་ནས་བྱུང་། ངའི་ཞི་བདེའི་འཚོ་བ་འདི་ནི་ས་རུད་དང་མེ་མདའི་སྐད་སྒྲའི་ཉེ་འགྲམ་དུ་ཉལ་བའི་ཁོང་རྣམས་ལ་བརྟེན་ནས་བྱུང་། ངའི་རང་དབང་ནི་རང་དབང་ལ་ནམ་ཡང་ལོངས་སུ་སྤྱོད་མ་མྱོང་ཡང་སྙིང་སྟོབས་ལ་ནམ་ཡང་ལྕགས་སྒྲོག་བརྒྱབ་ཐུབ་མེད་པའི་ཁོང་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་།

ངས་རྨོ་ལགས་ཀྱི་ཁུ་སིམ་སིམ་གྱི་རྣམ་འགྱུར་དང་། པཱ་ལགས་ཀྱི་རེ་བ། ཨ་མ་ལགས་ཀྱི་མི་མངོན་པའི་ནུས་སྟོབས། ས་ཁྲའི་སྟེང་མི་གསལ་ཡང་ངའི་རུས་པའི་སྟེང་བཀོད་ཡོད་པའི་ངའི་རྒྱལ་ཁབ་བཅས་འཁྱེར་བཞིན་ཡོད། ངའི་རྒྱལ་ཁབ་གཞན་གྱིས་བཙན་འཕྲོག་བྱས་ཡོད་ཀྱང་ནམ་ཡང་རྩ་མེད་གཏོང་མི་ཐུབ། ངའི་རྒྱལ་ཁབ་ནི་ང་ཚོའི་སྐད་ཡིག་དང་། ང་ཚོའི་མར་མེ། ང་ཚོའི་རྒན་རྒོན་རྣམས་ཀྱི་གཉེར་རིས། དེ་བཞིན་གྲང་ངར་ཆེ་བའི་ལ་ཀླུང་གི་ཁྲོད་དུ་གྲགས་བཞིན་པའི་ལ་གླུ་བཅས་ཀྱི་ནང་དུ་གནས་ཡོད།

ངའི་རྒན་རབས་པ་ཚོས་དཀའ་སྡུག་གི་རི་བོ་བཏེགས་དགོས་དོན་ནི་ང་ཉམ་དམའ་བོའི་ངང་བསྐྱོད་རྒྱུའི་ཆེད་དུ་མིན། ཁོང་ཚོས་དཀའ་སྡུག་གིས་ཁེངས་པའི་གཞན་ཡུལ་དུ་ས་བརྐོ་རྡོ་སློག་གི་ལམ་བཟོར་ཞུགས་ཏེ་བུ་ཕྲུག་རྣམས་སྐྱོང་དགོས་དོན་ནི་ང་ཚོའི་དྲན་ཡུལ་ནས་བརྗེད་ཆེད་དུ་མ་རེད། ཁོང་རྣམས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་ཚོས་མགོ་བོ་དུད་དེ་བསྐྱོད་མི་དགོས་པའི་འབྱུང་འགྱུར་ཞིག་རྨིས་ཡོད། དེར་བརྟེན་ངས་མགོ་བོ་དུད་དེ་བསྐྱོད་ཀྱི་མེད། ངས་ཁོང་རྣམས་ཀྱི་དྲན་གསོ་དག་ངའི་རྒྱབ་རྟེན་དང་། ཁོང་རྣམས་ཀྱི་རྨི་ལམ་དག་ངའི་ཕྱོགས་སྟོན་འཁོར་ལོར་བརྟེན་ཏེ་ཡར་ལང་བཞིན་ཡོད།

བྱས་ཙང་ངས་དྲན་བཞིན་ཡོད། དབུགས་ཀྱི་རྒྱུ་བ་རེ་རེ་བཞིན་དྲན་བཞིན་ཡོད། མདུན་ཕྱོགས་སུ་སྤོས་པའི་གོམ་སྟབས་རེ་རེའི་ནང་ངས་འདས་དོན་ལ་ཕྱིར་བཤིག་གིས་ངོས་འཛིན་ཐོབ་མེད་པའི་ཆེ་མཐོང་དང་ཕྱིར་འགྱངས་བྱུང་ཡོད་པའི་རྨི་ལམ་གྱི་ཁུར་པོ་དག་འཁྱེར་བཞིན་ཡོད།

ང་ནི་འབོད་སྒྲ་གཅིག་ཁོ་ན་མ་ཡིན་པར། ལྷགས་རླུང་གི་ཁྲོད་ན་མཆེད་བཞིན་པའི་ཁ་འདོན་དང་། ཁུ་སིམ་སིམ་གྱི་རྣམ་འགྱུར་སྟོང་ཚོ་མང་པོའི་བྲག་ཆ་ཞིག ང་ནི་བདེ་ལྷོད་དུ་སྡོད་རྒྱུར་སྐྱེས་པ་མ་ཡིན་པར་རྒྱུན་སྐྱོང་རྒྱུར་སྐྱེས།

སྐབས་རེར་ངའི་སེམས་ནང་ཁོང་རྣམས་ཀྱིས་ངའི་རྨི་ལམ་སྒྲུབ་ཆེད་དུ་རང་ཉིད་ཀྱི་རྨི་ལམ་ག་ཚོད་བློས་གཏོང་བྱས་པ་ཡིན་ནམ། ངས་རང་དབང་ངང་དབུགས་གཏོང་ཐུབ་ཆེད་དུ་རང་ཉིད་ཀྱི་དགོད་སྒྲ་ག་ཚོད་འཁྱུར་མིད་བཏང་བ་ཡིན་ནམ། ངས་ཉི་འོད་འདིའི་འོག་ཏུ་ཡི་གེ་འབྲི་ཐུབ་ཆེད་དུ་ཁོང་རྣམས་ཀྱིས་ཉི་འོད་ཀྱི་དྲོད་འཇམ་མེད་པར་དུས་ཡུན་ག་ཚོད་བསྐྱོད་པ་ཡིན་ནམ་སྙམ། ཉི་འོད་འདིའི་འོག་ཏུ་ངས་རྩོམ་འདི་འབྲི་དགོས་དོན་ནི་སྨྲེ་ངག་འདོན་ཆེད་དུ་མ་ཡིན་པར་ཆེ་བསྟོད་ཞུ་ཆེད་དུ་ཡིན། སྙིང་རྗེའི་བསམ་པ་སློང་ཆེད་དུ་མ་ཡིན་པར་དྲན་སྐུལ་ཞུ་ཆེད་དུ་ཡིན། ངའི་སྒྲུང་གཏམ་ནི་ང་གཅིག་པུའི་སྒྲུང་གཏམ་མ་རེད། དེ་ནི་ཁག་ཅིག་མེད་པར་གྱུར་ཟིན་ཞིང་ཁག་ཅིག་དཀའ་སྡུག་གིས་གུད་ཡོད་ཀྱང་ཚང་མ་དཔའ་སྟོབས་ཅན་ཞེ་གཅིག་ཡིན་པའི་ཚེ་སྲོག་སྟོང་ཚོ་མང་པོ་གཅིག་ཏུ་སྦྲེལ་བའི་སྒྲུང་གཏམ་ཞིག་རེད།

ད་ཆ་ངས་མི་རིགས་ཤིག་གི་ངོ་བོ་ནི་རྒྱལ་དར་དང་ཡིག་ཆའི་གནད་དོན་ཞིག་མ་ཡིན་པར། དྲན་ཤེས་ཀྱི་གནད་དོན་ཏེ། རྩམ་པའི་དྲི་བསུང་དང་། ཁ་འདོན་གྱི་ཤབ་ཤུབ་ཀྱི་སྒྲ། རྒྱལ་གླུ་གཏོང་སྐབས་འཆོར་བའི་མིག་ཆུ་བཅས་ཀྱི་གནད་དོན་ཡིན་པ་ཤེས། ཁྱེད་ཅག་ནི་ཕན་ཚུན་ནམ་ཡང་བློས་གཏོང་བྱས་མ་མྱོང་བའི་མི་རིགས་ཤིག་གི་ཁོངས་སུ་གཏོགས་པ་ནི་རྩ་ཆེའི་ཤེས་བྱ་རེད། ངས་ཞོགས་ལྟར་གཉིད་ལས་སད་སྐབས་རང་ཉིད་ནི་རྒྱུན་ཞིག་དང་། རང་ཉིད་ནི་ཁོང་ཚོའི་དཀའ་སྡུག་ལས་བྱུང་བའི་བརྡ་ལན། རང་ཉིད་ནི་ཁོ་ཚོའི་བསྐྱར་ལོག་ཅིག་ཡིན་པར་དྲན་སྐུལ་བྱེད་བཞིན་ཡོད།

ངས་ཁོང་རྣམས་ཀྱི་སྒྲུང་གཏམ་དང་། ཁོང་རྣམས་ཀྱིས་བཏོན་པའི་ཁ་འདོན། ཁོང་རྣམས་ཀྱིས་མཚོན་སྲུང་ལྟར་གྱོན་པའི་སྙིང་སྟོབས་བཅས་འཁྱེར་བཞིན་ཡོད། དེ་དག་ནི་ངས་དགའ་ཞིང་སྤྲོ་བའི་ངང་འཁྱེར་འདོད་པའི་ཁུར་པོ་ཞིག་རེད། གང་ལགས་ཤེ་ན་ཁུར་པོ་དེའི་ནང་མི་རབས་གཅིག་ནས་གཅིག་ཏུ་ཁུ་སིམ་སིམ་ངང་བརྒྱུད་སྤྲོད་བྱེད་པའི་ནུས་སྟོབས་ཤིག་སྟེ། དངོས་སུ་མ་སྨྲོས་ཀྱང་དོན་དུ་གོ་བརྡ་འཕྲོད་བཞིན་ཡོད་པའི་འགྱེལ་ས་ནས་ལངས་ཐུབ་པ་དགོས་པའི་སྙིང་སྟོབས་ཀྱི་འཕར་ལྡིང་ལྡན་ཡོད།

ཞོགས་ལྟར་ང་ཡར་ལངས་སྐབས་ཁོང་རྣམས་ཀྱི་སྙིང་སྟོབས་ཀྱང་ང་དང་མཉམ་དུ་ལང་བཞིན་ཡོད་ལ། ཁོང་རྣམས་ཀྱི་ཁུ་སིམ་སིམ་གྱི་རྣམ་འགྱུར་གྱིས་བརྗོད་ཚིག་གཞན་ཀུན་ལས་ལྷག་པར་སྒྲ་དོན་གསལ་བར་གྲགས་ཏེ་ང་ལ་གསོན་པོར་སྡོད་རྒྱུ་དེ་བཙན་གནོན་ལ་མགོ་མི་སྒུར་བའི་བྱ་སྤྱོད་ཅིག་ཡིན་པའི་དྲན་སྐུལ་བྱེད་བཞིན་ཡོད། ངས་འབྲི་བཞིན་པ་ནི་ཚིག་ཙམ་ཞིག་མ་རེད། ངས་ཁོང་རྣམས་ཀྱི་ལག་རྗེས་མདུན་ཕྱོགས་སུ་འཁྱེར་ཏེ། ཁོང་རྣམས་ཀྱིས་མངོན་དུ་མ་འགྱུར་བའི་རྨི་ལམ་དག་ལ་ཚེ་སྲོག་གི་མཁའ་དབུགས་སྦྱིན་བཞིན་ཡོད།

དེར་བརྟེན་འདིར་ལང་སྡོད་མཁན་ནི་ང་གཅིག་པུ་མ་ཡིན་པར། མུ་ནག་གི་ཁྲོད་དུ་རེ་བའི་འབོད་སྒྲ་ཤབ་ཤུབ་ཏུ་སྒྲོག་མཁན་གྱི་འབོད་སྒྲ་གྲངས་མེད་ཀྱི་བྲག་ཆ་གསོན་པོ་ཡང་ཡོད་པ་རེད། ངའི་མི་ཚེ་ནི་ཁོང་རྣམས་ཀྱི་བརྡ་ལན་རེད། ངའི་འབོད་སྒྲ་ནི་ཁོང་རྣམས་ཀྱི་རྒྱལ་ཁ་རེད། ང་ཐག་རིང་པོ་ཅི་ཙམ་བསྐྱོད་མིན་ལ་མ་ལྟོས་པར། ངས་རྩོམ་ཇི་ཙམ་འབྲི་མིན་ལ་མ་ལྟོས་པར། ངས་དབུགས་ཇི་ཙམ་རིང་པོ་གཏོང་མིན་ལ་མ་ལྟོས་པར། འགྲུལ་བཞུད་དེ་ནི་ང་གཅིག་པུའི་མ་ཡིན་པ་ངས་ཤེས།

ང་ནི་ཁོང་རྣམས་ལ་གཏོགས། ཁོང་རྣམས་ང་ལ་གཏོགས། ང་ཚོ་ནི་ནམ་ཡང་སྒྲུང་གཏམ་ཞིག་གིས་མཉམ་དུ་བཅིངས་ཡོད། འཛམ་གླིང་འདིས་སྒྲུང་གཏམ་དེ་འབྲི་གསུབ་གཏོང་ཐབས་བྱས་ཡོད་ཀྱང་ནམ་ཡང་སུབ་མི་ཐུབ། ང་ཚོ་ནི་སྙིབས་སྟོབས་ནང་རྩ་བ་ཚུགས། ཁུ་སིམ་སིམ་གྱི་རྣམ་འགྱུར་གྱིས་རྣམ་པ་གཏོད་དེ། ནམ་ཡང་འགོག་ཏུ་མེད་པར་གནས་ཡོད།

ང་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཡོ་བ་མེད་པའི་བྱམས་བརྩེའི་དབུ་ཁྲིད་དང་ལམ་སྟོན་གྱི་ཐུགས་རྗེའི་གྲིབ་བསིལ་འོག་རང་དབང་ཅན་གྱི་འཛམ་གླིང་འདིའི་ནང་གསོན་པོར་འཚར་ལོངས་འབྱུང་བཞིན་ཡོད། ངའི་ཤེས་ཡོན་དང་། ངའི་ངོ་བོ། བོད་དོན་ཐོག་རང་དབང་ངང་གཏམ་བཤད་བྱེད་ཐུབ་པའི་ངའི་ནུས་རྩལ་བཅས་པ་ཚང་མ་ནི་བཙན་བྱོལ་ནང་༸མགོན་པོ་གང་ཉིད་ཀྱིས་གཏོད་གནང་བའི་ལམ་བུ་དེའི་ནང་རྩ་བ་ཚུགས་ཡོད། བྱེས་སུ་བོད་མི་འབུམ་གཅིག་དང་ཕྱེད་ཙམ་ལས་མེད་ནའང་ང་ཚོས་དྲང་བདེན་དང་། ཞི་བདེ། རང་ཉིད་ཀྱི་རིག་གཞུང་ཕྱུག་པོ་དེ་དག་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་དོན་དུ་འཐབ་རྩོད་ཀྱི་རྒྱུན་སྐྱོང་བཞིན་ཡོད། དེ་དག་ཚང་མ་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས་བསྐྱངས་གནང་བའི་མཛད་འཕྲིན་དང་ཐུགས་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་རེད། ངས་༸མགོན་པོ་གང་ཉིད་ཀྱི་སྐུའི་གོ་སྟོན་གྱི་འཁྲུངས་སྐར་ཉིན་མོར་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཁོང་གི་འཆར་སྣང་དང་གཞན་ཕན་མཛད་འཕྲིན་ནི་ཆེས་མུན་ནག་གི་དུས་འདིའི་ནང་ང་ཚོར་སྦྱིན་པའི་འོད་སྣང་དང་ང་ཚོར་ད་དུང་ཡང་རེ་བ་ཡོད་བཞིན་པའི་རྒྱུ་མཚན་ཆགས་ཡོད།

*བསྟན་འཛིན་ཀུན་དགའ་ལགས་ནི་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གསར་འགོད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ཇཱ་ཝ་ཧཱར་ལཱལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་ལས་འཆར་དོ་དམ་པའི་ལས་འགན་ཁུར་བཞིན་ཡོད། ཁོང་ནི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ལ་དགའ་ཞེན་ཆེ་ཞིང་། བོད་མིའི་སྤྱི་ཚོགས་དེ་བཞིན་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་བྱ་གཞག་ཐོག་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྟན་པོ་བཅང་བཞིན་ཡོད་འདུག

དབྱིན་ཡིག་གི་མ་རྩོམ་དྲ་གནས་སྦྲེལ་ཐག་ https://www.tibetanreview.net/ghoton-tribute-a-testament-to-the-unseen-nation-within-me/

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

ཆུ་ཚོད་ ༢༣ སྔོན་ལ།
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese