མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་དུ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༥ འཁོར་བའི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་།

བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༩།༢

དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༥  འཁོར་བའི་དུས་དྲན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་ཉི་འོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་དྷ་ (Wada Yushiro) མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ཐར་ (Alfred Kan-Ngam Arthur) རྣམ་གཉིས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་དང་སྲི་ཞུའི་ལས་བྱེད་རྣམས། དྷ་སྟེང་བོད་ཁྱིམ་དགེ་སློབ་རྣམས་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

 བོད་ཀྱི་མང་གཙོའི་དུས་དྲན་ཐེངས་ ༦༥ པའི་གཞུང་འབྲེལ་མཛད་སྒོའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཞབས་ལོ་ཧྲིལ་པོ་ཉེར་ལྔ་ལོན་པའི་ལས་བྱེད་བསྟན་འཛིན་རིག་ལྡན་ལགས་དང་བཀྲ་ཤིས་དབྱངས་འཛོམས་ལགས་གཉིས་དང་། རྒྱ་གར་གྱི་སློབ་ཆེན་ཁག་ནས་ཐོན་པའི་འབུམ་རམས་པ་བདུན། དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་མཁན་གྱི་སློབ་མ་གྲངས་ ༡༠ ། དེ་བཞིན་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་སློབ་མ་ ༤ བཅས་ལ་ཆེ་བསྟོད་ངོས་འཛིན་དང་གཟེངས་རྟགས་ཕུལ་སོང་།

 སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ཐར་ (Alfred Kan-Ngam Arthur) མཆོག་གིས། ཕྱི་ལོ་ ༢༠༢༥ ལོ་ནི་༸གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་བྱམས་བརྩེའི་ལོར་སྲུང་གཙི་གནང་གི་ཡོད་པ་ལྟར། འཛམ་གླིང་ནང་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་བརྒྱུད་བོད་ཀྱི་བདེན་པའི་འཐབ་རྩོད་སྐོར་ལ་ཤེས་རྟོགས་མེད་མཁན་མེད་པ་ལྟ་བུ་ཡིན་པ་དང་རྒྱ་གར་གྱི་སྲིད་བློན་ནེའུ་རོ་ནས་བརྩིས་པའི་ད་ལྟའི་སྲིད་བློན་རིམ་བྱོན་གྱིས་བོད་ཀྱི་འཐབ་རྩོད་ལ་བློ་སྟོབས་ཆེན་པོས་རྒྱབ་སྐྱོར་གནང་བ་དང་༸གོང་ས་མཆོག་གི་མཛད་འཕྲིན་ཁག་བརྒྱུད་བོད་པའི་འཐབ་རྩོད་དེ་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་སྐོར་དང་། ༸གོང་ས་མཆོག་གི་བྱམས་བརྩེ་དང་འཛམ་གླིང་ཞི་བདེ་གོང་མཐོར་གྱི་དགོངས་གཞི་དག་ནི་ཡིད་སྨོན་སྐྱེས་ཡུལ་ཞིག་ཡིན་པ་དང་རྒྱ་གར་ནང་མི་ཚང་མས་རང་དབང་ལ་ལོངས་སུ་སྤྱོད་ཀྱིན་ཡོད་པ་བཞིན་བོད་མི་ཚོས་ཀྱང་རང་དབང་ལ་ལོངས་སུ་སྤྱད་དེ་བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་བའི་རེ་བ་ཡོད་སྐོར་གྱི་གསུང་བཤད་གནང་སོང་བ་དང་། ཉི་འོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་དྷ་ (Wada Yushiro) མཆོག་གིས། འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་ ༢ ཉིན་༸གོང་ས་མཆོག་གིས་སྐུའི་ཡང་སྲིད་རྒྱུད་མཐུད་ཕེབས་ངེས་ཡིན་པའི་གསལ་བསྒྲགས་བསྐྱངས་པ་ལྟར། སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་སུ་གཅིག་ལའང་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་སྐོར་དང་༸གོང་ས་མཆོག་གིས་འཛམ་གླིང་ནང་བྱམས་སྙིང་རྗེ་དང་ཞི་བདེ་གོང་སྤེལ་གྱི་དགོངས་གཞིར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར། དེ་བཞིན། ཉི་ཧོང་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང་འཛམ་གླིང་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཡིན་སྟབས། འདི་ལོར་ཉི་ཧོང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་ཏེ། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་གཙོས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་ ༦༡ གཏན་འབེབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་སོགས་ལ་བོད་ཀྱི་གནད་དོན་དུས་ནས་དུས་གླེང་སློང་གིས་བོད་ཀྱི་བདེན་མཐའ་གསལ་ཐབས་བྱས་དང་བྱེད་མུས་ཡིན་སྐོར་སོགས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། ༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཐག་ཏུ་རང་རེའི་ཕྱིས་འབྱུང་བོད་གཞུང་གི་ལས་དོན་སྒྲུབ་ཕྱོགས་དེང་དུས་དང་མཐུན་པའི་བསྐྱར་བཟོ་གནང་རྒྱུའི་ཐུགས་འགན་ཆེ་བཞེས་མཛད་ཅིང་། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་འཐུས་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཚུལ་བཞིན་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་པའི་སྐབས་སུ།“བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས།” ཞེས་བཀའ་སློབ་ཕེབས་དགོངས་བཞིན། སྐབས་དང་པོའི་བོད་མི་མང་སྤྱི་འཐུས་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྟགས་བསྐོ་གཞག་བསྩལ་དོན་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པ་ནས་བཟུང་བོད་མིའི་མང་གཙོ་ཐོག་མར་དབུ་བརྙེས། དེ་བཞིན་༸གོང་ས་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་པ་ཆེ་བཞེས་ཀྱིས་བོད་མིའི་རིག་གཞུང་གོམ་སྲོལ་དང་། དེང་རབས་ཀྱི་ལེགས་ཆ་རྣམས་ཕྱོགས་བསྡོམས་ཀྱིས་རླབས་ཆེན་གྱི་ལམ་སྟོན་ཟབ་མོ་རིམ་ཕེབས་འོག་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་རང་དབང་དང་། འདྲ་མཉམ། དྲང་བདེན། འཚེ་མེད་ཞི་བ་བཅས་ཀྱི་གཞི་རྩ་ལྡན་པའི་ཡང་དག་པའི་མང་གཙོའི་ལམ་སྲོལ་བཟང་པོ་འདི་སྲོལ་གཏོད་གནང་ཡོད།

 དེ་རྗེས་ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང༌། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཉིད་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ནས། བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་ཀྱི་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ཀྱང་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་ཁག་གཞི་རྩར་བཟུང་སྟེ་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད།

 དེ་ནས་ཕྱི་ལོ་ ༢༠༠༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་བ་དང་། ཕྱི་ལོ་ ༢༠༡༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གཞུང་ས་དགའ་ལྡན་ཕོ་བྲང་གིས་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་ལོ་བཞི་བརྒྱར་ཉེ་བའི་རིང་བསྐྱངས་པའི་ཆབ་སྲིད་ཀྱི་འགན་དབང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་བསྩལ་ཏེ། དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་པ་ལྡན་པ་ཞིག་ཏུ་བསྒྱུར་གནང་མཛད་དེ་མང་གཙོའི་ལམ་ལུགས་ཐོག་ཤར་སྐྱོད་དང་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་ཞུས་དང་ཞུ་བཞིན་པ་ནི་དགའ་སྤོབས་འོས་པ་ཞིག་ཏུ་གྱུར་ཡོད།

 ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་སྲོལ་དར་ཞིང་རྒྱས་པ་འདི་འདྲ་བ་ཞིག་བྱིན་གྱིས་རླབས་པ་ཙམ་དུ་མ་ཟད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་བརླག་ཏུ་མི་འགྲོ་བར་གསོན་པོར་གནས་ཐུབ་པ་བྱུང་ཞིང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་གནོན་ཤུགས་དང་དྲིལ་བསྒྲགས་ལོག་པ་སྤེལ་མུས་ཀྱང་དེར་ལྟོས་མེད་ཀྱིས་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་སོགས་ནས་བོད་དང་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་བཅས་ནི་༸རྒྱལ་དབང་མཆོག་གི་མཛད་འཕྲིན་དང་སྐུ་དྲིན་ཉག་གཅིག་ཆགས་ཡོད། སླད་མར་ཡང་འཕགས་ཡུལ་རྡ་རམ་ས་ལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་མང་གཙོའི་ཆ་ལག་ཡོངས་སུ་ཚང་བ་འདི་ཉིད་ཀྱིས་འཛམ་གླིང་ནང་བོད་དང་བོད་མིར་དོ་སྣང་དང་རྒྱབ་སྐྱོར་ཐོབ་པ་དང་། ཕ་ཡུལ་བོད་ནང་ལ་རྒྱུན་དུ་སེམས་ཁུར་གྱིས་གཞིས་བྱེས་མཉམ་འཛོམས་ཡོང་བའི་རེ་བ་བྱེད་བཞིན་ཡོད།

 རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་བརླག་ཏུ་གཏོང་བ་སོགས་ཀྱི་སྲིད་བྱུས་ངན་པ་བཤམ་རྒྱུ་མཚམས་འཇོག་བྱ་རྒྱུ་ཕར་ཞོག ད་དུང་སྲིད་བྱུས་ཇེ་ངན་ཇེ་སྡུག་ཏུ་གཏོང་མུས་ཡིན། ༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་འདི་ཉིད་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པའི་ལམ་སྟོན་འདས་ལོ་བཅུ་ཕྲག་མང་པོའི་རིང་གནང་ཡོད་ནའང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་རྣ་བར་མི་འཇེབས་པ་དང་། བཙན་དབང་འོག་ཏུ་འཛིན་པའི་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ལ་རྒྱུན་དུ་སུན་གཙེར་དང་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་ད་དུང་ཡང་མཚམས་འཇོག་བྱས་མེད། འོན་ཀྱང་གཞིས་བཞུགས་བོད་མི་རྣམས་ཀྱིས་མི་རིགས་ཀྱི་ལ་རྒྱ་འགྱུར་མེད་བརྟན་བཟུང་གནང་བཞིན་ཡོད་པས་རང་རེ་བྱེས་འཁོད་བོད་མི་རྣམས་ལ་སེམས་ཤུགས་དང་སྙིང་སྟོབས་འཕར་མ་སྐྱེད་གཞི་ཞིག་ཏུ་གྱུར་ཡོད།

 ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བས། དེ་བསྟུན་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོ་དང་། དངོས་གཞིའི་འོས་བསྡུའི་དུས་ཚེས་སོགས་ཀྱི་ལས་རིམ་ཞིབ་ཕྲ་རིམ་པས་ཡོང་རྒྱུར་སོང་། འོས་བསྡུའི་ནང་ཆ་ཤས་བཞེས་མཁན་བཙན་བྱོལ་བོད་མི་ཡོངས་ནས་དོ་སྣང་དང་ཐུགས་འཁུར་ཆེ་བཞེས་གནང་སྟེ། གཙོ་བོ་རྒྱ་ནག་གཞུང་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་བཙན་བྱོལ་སྤྱི་ཚོགས་ནང་འཁྲུག་གཞིའི་ལས་དོན་སྤེལ་གྱི་ཡོད་སྟབས་དེ་འདྲའི་སྲིད་དོན་གྱི་ལག་ཆར་མི་འགྲོ་བ་གཟབ་ནན་དགོས་རྒྱུ་དང་། དེ་བཞིན་ཅོལ་ཆུང་བ་ཉུང་ཤས་ཀྱིས་ཆོལ་ཁ་ཆོས་བརྒྱུད་ཁ་ལ་འཁྱེར་ནས་སྤྱི་ཚོགས་དྲྭ་ལམ་སོགས་ནང་ཕུ་དཀྲུག་མདའ་དཀྲུག་བྱེད་པར་རྗེས་སུ་མི་འགྲོ་བར་སོ་སོའི་རྣམ་དཔྱོད་ལ་བརྟེན་ནས་བོད་མིའི་ཡ་རབས་སྤྱོད་བཟང་ཉམས་ཞན་དུ་མ་སོང་བར་འོས་བསྡུའི་སྒྲིག་གཞི་དང་འགལ་མེད་ཐོག རང་རང་གི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་རྒྱུའི་འགན་ཁུར་བཞེས་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།

 སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་དེ་རིང་འདིར་ཞུ་འདོད་བྱུང་བ་ཞིག་ནི་སྐབས་བཅུ་བདུན་པའི་སྤྱི་འཐུས་ཐུན་མོང་གི་ནུས་པ་གཅིག་ཏུ་སྤུངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སོགས་ལ་དུས་བསྟུན་གྱི་བསྐྱར་བཅོས་སོགས་བྱས་ཐུབ་ནས་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཆ་ལག་ཚང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་རྒྱུན་ལྡན་བཞིན་འགྲོ་ཐུབ་པ་བྱུང་ཡོད་པ་མ་ཟད་གནད་དོན་མང་པོའི་ཐོག་ཁྲིམས་སྒྲིག་ནང་ཁ་གསལ་བཟོས་ཐུབ་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་། ཉེ་ཆར་ཕྱི་ཟླ་ ༦ པའི་ནང་ཉི་འོང་རྒྱལ་ས་ཊོཀ་ཡོ་བཅས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་དང་། ༩ པ་སོ་སོ་བསྐོང་ཚོགས་ཞུས་པ་དང་། སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་དོན་ཞུ་སྐུལ་གནང་བ་སོགས་ཀྱིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་ཁྱབ་བསྒྲགས་རྒྱ་ཆེ་བྱུང་ཡོད་ལ། གནས་ཡུལ་རྒྱ་གར་གཞུང་དང་། མངའ་སྡེ་སོ་སོར་གྲོས་ཚོགས་འཐུས་མི་སོགས་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་རིམ་པ་སྤེལ་ཐུབ་པ་བྱུང་བ་དེ་དག་གིས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད། ཅེས་གསལ་འདུག

བཀའ་ཤག་གི་གསུང་བཤད་ནང་། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་དགོངས་དོན་ཆེད་འཛུགས་གནང་བའི་ཁྲིམས་སྒྲིག་བསྐྱར་ཞིབ་འཆར་ཟིན་ཚོགས་ཆུང་ལ་བཀའ་ཤག་གི་ངོས་ནས་བཅའ་ཁྲིམས་ཀྱི་དོན་གནད་མང་དག་ཅིག་བསྐྱར་བཅོས་འཆར་ཟིན་གྱི་ངོ་བོར་ཕུལ་བའི་ནང་། སྐབས་དེའི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་། བཅའ་ཁྲིམས་ཀྱི་དཀའ་ངལ་ཙམ་ཞིག་མ་ཡིན་པར། དུས་བསྟུན་གདོང་ལེན་དང་། མ་འོངས་ཕུགས་འཕེར་ལ་དམིགས་པའི་དོན་གནད་ཁག་ཅིག་བཀོད་ཡོད་ཁོངས། བཅའ་ཁྲིམས་དོན་ཚན་དང་པོའི་ནང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ་ཞེས་དང་། ནང་གསེས་གཉིས་པར་བཀའ་སློབ་ལམ་སྟོན་བསྩལ་རྒྱུའི་ཆ་རྐྱེན་བཏོད་པ་བཀའ་ཤག་གི་འཆར་འབུལ་ལྟར་བསྐྱར་བཅོས་གཏན་འབེབས་ཟིན་ནའང་། དོན་གནད་གཞན་རྣམས་རང་སོར་ལྷག་ཡོད་པས། མ་འོངས་པར་ཚང་མས་ཐུགས་ཞིབ་གནང་བའི་རེ་བ་ཡོད།

 སྐབས་ ༡༧ པའི་སྤྱི་ལྷན་གྲོས་ཚོགས་ཀྱི་ཚོགས་དུས་ ༨ པར་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་དུ་བཅའ་ཁྲིམས་ནང་གསལ་ཡུལ་ཁྲིམས་བརྩི་སྲུང་ཞུ་དགོས་གལ་ཆེ་སྐོར་སྙན་སྒྲོན་ཞུས་པའི་ནང། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་བརྒྱད་ཁྲི་ཙམ་མི་ལོ་ ༦༥ གོང་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་ཕེབས་ནས་ད་ལྟའི་བར། གནས་ཡུལ་རྒྱལ་ཁབ་ཁག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་གཉིས་ཀར་འཕེལ་འགྱུར་ཆེན་པོ་ཕྱིན་ཡོད་པ་དང་དུས་མཚུངས་སུ། འདི་དག་གི་ཁྲིམས་སྒྲིག་གི་ཆ་རྐྱེན་དང་། སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ལའང་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད་སྟབས། ང་ཚོས་བཅའ་ཁྲིམས་དོན་ཚན་དྲུག་པའི་ལམ་སྟོན་ཇི་བཞིན་ཡུལ་ཁྲིམས་ཀྱི་ནང་དོན་གོ་རྟོགས་ཡོད་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་ཡོངས་སུ་རྫོགས་པ་ཡུལ་ཁྲིམས་དང་མཐུན་པ་བཟོ་དགོས་པ་དང་། ཡང་སྒོས་སུ་ཁྲིམས་སྒྲིག་ཁག་ལ་དུས་བསྟུན་བསྒྱུར་བཅོས་ཀྱིས། ཁྲིམས་མཐུན་དང་ཕུགས་འཕེར་གྱི་ཐབས་ལམ་ལག་ལེན་བསྟར་རྒྱུ་ཁ་ཚ་དགོས་གཏུག་ཆགས་ཡོད་”ཅེས། འཕེལ་རིམ་རྒྱབ་ལྗོངས་དང་། ཁྲིམས་དོན་གནས་བབ། ཁྲིམས་སྒྲིག་གི་དྲི་བ། གདོང་ལེན་བྱེད་སྒོ་བཅས་འགྲེལ་བརྗོད་ཞུས་ཡོད་ལ། གྲོས་ཚོགས་ཚོགས་དུས་ ༩ པར་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྲོས་ཚོགས་སུ་ཕུལ་བར། ཞིབ་འཇུག་སླད་ཆེད་བཙུགས་ཚོགས་ཆུང་བསྐོ་གཞག་ཟིན་འདུག་པས། ཚུགས་ཉེའི་གྲོས་ཚོགས་ཚོགས་དུས་འདིར་བསྐྱར་བཅོས་གཏན་འབེབས་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

 བཀའ་ཤག་གི་ངོས་ནས་ད་ལོ་༸རྒྱལ་བའི་གོ་སྟོན་དུས་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། བོད་ཀྱི་ཆོས་ཚོགས་ཐེངས་ ༡༥ པ་གཟབ་རྒྱས་ངང་སྐོང་ཚོགས་དང་། གངས་ལྗོངས་ལྷ་མི་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ། ༸རྒྱལ་བའི་གོ་སྟོན་དངོས་གཞིའི་མཛད་སྒོར་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཁྲ་གོར་གོར་གདན་གཅིག་ཏུ་འཛོམས་ཐོག རྒྱ་གར་དབུས་དང་མངའ་སྡེ་ཁག་གི་སྐུ་ཚབ་བློན་ཆེན་གྱིས་གཙོས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་དང་། སྒྱུ་རྩལ་བ་བརྒྱ་ཕྲག་དུ་མས་༸རྒྱལ་བའི་གོ་སྟོན་དང་བསྟུན་པའི་བྱམས་བརྩེའི་ལོ་འཁོར་དབུ་འཛུགས་ཀྱི་མཛད་རིམ་ལ་མཉམ་ཞུགས་གནང་བའི་གནས་ཚུལ་རྣམས་གསར་འགྱུར་བརྒྱུད་ལམ་ ༢༡༦ ཙམ་གྱིས་རྒྱང་སྲིང་དང་། དངོས་ཕབ་གློག་བརྙན་དང་དཔྱད་གླེང་རྩོམ་ཡིག་སྣ་ཚོགས་བརྒྱུད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་དང་། དགོངས་བཞེད་ལ་མོས་གུས་རྒྱབ་སྐྱོར་ཇི་ཡོད་ཀུན་གྱི་མཐོང་ལམ་དུ་མངོན་ཐབས་དང་། བོད་ཀྱི་ཆབ་སྲིད་ཀྱི་གལ་གནད་སྐོར་གླེང་སློང་ཤུགས་ཆེ་བྱེད་ཐུབ་པ་བྱུང་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུ་ཡིན་པའི་ཞལ་བཞེས་བཀའ་དྲིན་བསྐྱངས་པར། བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་ཞུགས་ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ཚོགས་བཅར་བ་སྤྱི་མགྲིན་ནས་ཉིན་དེ་རང་དུ། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་རིན་པོ་ཆེ་དགོངས་དོན་ཆ་ཚང་ལ་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་”ཞེས་དང། “སྐུ་ཕྲེང་རྒྱུན་མཐུད་ཇི་ལྟར་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་སྟབས། རྒྱ་ནག་དམར་གཞུང་གིས་ཆབ་སྲིད་དགོས་མཁོ་ཁོ་ནར་དམིགས་ནས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཕེབས་ཕྱོགས་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲོགས་བྱས་དང་བྱེད་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད་”ཅེས་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བསྣོལ་འཇོག་དང་། ཕྱི་ཟླ་ ༧ ཚེས་ ༤ ཉིན་ཟུར་རྒྱན་གྲོས་ཆོད་དོན་ཚན་བཞི་ཅན་གཏན་འབེབས་གནང་བའི་ནང་། “༸རྒྱལ་བའི་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་ཁུར་བྱེད་པོ་དང་། ངོས་འཛིན་བྱེད་ཕྱོགས་འགྱུར་མེད་རྡོ་རྗེའི་ཚིག་གིས་མནན་པ་རྗེན་པར་ཕེབས་པས། བསྟན་འགྲོའི་འགལ་རྐྱེན་བར་ཆད་མཐའ་དག་རང་བཞིན་དུ་ཞི་ཞིང་། མཛད་འཕྲིན་བསྐལ་པའི་བར་སྐྱོང་ངེས་ཀྱི་གཡར་དམ་ལ་ཚོགས་བཅར་བ་ཡོངས་དང་རྗེས་འཇུག་ཀུན་གྱིས་ཐེ་ཚོམ་ནེམ་ནུར་མེད་པར་བརྩི་བཀུར་ཉམས་ལེན་ཞུ་རྒྱུ་”ཞེས་གཡར་དམ་བཅས་ཡོད་པས། རྒྱ་ནག་གུང་ཁྲན་གཞུང་གིས། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་”རྒྱལ་ནང་ནས་བརྩད་ཞིབ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་གི་ཆོག་མཆན་”ཟེར་བའི་ཆབ་སྲིད་ཀྱི་ཧམ་ཤེད་རྨང་ནས་བསྒྱེལ་ཡོད།

 རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་བཙན་འཛུལ་བྱས་མ་ཐག་པ་ནས་བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བའི་དམིགས་ཡུལ་བཟུང་སྟེ། ཆོས་བྱེད་བསྟི་གནས་དགོན་པ་དྲུག་སྟོང་ལྷག་རྩ་གཏོར་དང་། གྲྭ་བཙུན་རྣམས་བཙན་ཤེད་ཀྱིས་སྐྱ་སར་ཕབ་པ་མ་ཟད། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་ལམ་བཏང་ཡོད་པ་དང་། དེང་སང་བོད་མི་ཚོར་སོ་སོའི་ངོ་རྟགས་དོར་ནས་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་བསྐྲུན་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་ཟེར་ནས། དགོན་པ་ཁག་གི་གྲྭ་བཙུན་གྱི་གྲངས་ཚད་ཚོད་འཛིན་དང་། དགོན་པའི་མཁར་དབང་དང་ཡོང་འབབ་ཚང་མ་རྒྱ་གཞུང་གིས་བཙན་འཕྲོག །དགོན་པའི་འཛིན་སྐྱོང་སྒྲིག་འཛུགས་ནང་དམར་ཤོག་ཚོགས་མི་དང་། ལས་བྱེད། སྤྱི་བདེ་མི་སྣ་བཀོད་སྒྲིག །གྲྭ་བཙུན་ཚོར་འགྲོ་འོང་བཀག་སྡོམ་དང་། ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ཐོབ་ཐང་བཀག་ནས་དམར་པོའི་ལྟ་སྤྱོད་སློབ་ཁྲིད། མཁན་བླ་དགེ་བཤེས་རྣམས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་སོགས་རྒྱ་གུང་ཁྲན་གཞུང་ལས་ལྷག་པའི་བསྟན་དགྲ་ཞིག་ད་བར་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པས། ལོ་རྒྱུས་དང་། བཟང་སྤྱོད། ཁྲིམས་ལུགས་གང་ཅིའི་ཐོག་ནས་ཀྱང་རྒྱ་གུང་ཁྲན་གྱི་ཀྲུང་དབྱང་ཟེར་བ་དེར་རྒྱལ་མཚམས་བརྒལ་ཏེ་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐོག་ཆོག་མཆན་སྤྲོད་པའི་འོས་བབ་གཏན་ནས་ཡོང་ཤེས་ཐབས་མེད།

 རྒྱ་གུང་ཁྲན་གཞུང་གིས་ལོ་ངོ་ ༣༠ གོང་ཀུན་གཟིགས་༸པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་ལོ་དྲུག་སྟེང་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། གསེར་བུམ་དཀྲུག་འདོན་ཟེར་བའི་འཁྲབ་སྟོན་བརྒྱུད་ནས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གུང་ཁྲན་ཏང་གི་ལེའུ་བཅུ་པའི་ངག་ཅན་བཟོས་ཏེ་ལབ་བརྡོལ་ཅི་རིགས་འབྱིན་དུ་འཇུག་པ་དང་། བོད་རིགས་རྣམས་བཙན་འདེད་ཀྱིས་མཇལ་ཁ་དང་། ཆོས་ཉན་དུ་ཁྲིད་བཞིན་པའི་ཁོར་ཡུག་དེ་ལྟ་བུའི་ནང་། བསྟན་འགྲོར་ཕན་བདེ་སྒྲུབ་པའི་གོ་སྐབས་ཤིག་ཡོང་མི་སྲིད་པས། ཡང་སྲིད་འཁྲུངས་པའི་དགོས་པ་མེད་པར་གྱུར་ཡོད།

 ང་ཚོས་གསལ་བརྗོད་ཐུབ་པ་ཞིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་རྒྱུ་ངེས་བརྟན་ཡིན་པ་དང་། མུ་མཐུད་མཛད་ཁུར་བཞིའི་ཐོག་ཐུགས་བརྩོན་མཛད་རྒྱུ་མ་ཟད། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་མ་འོངས་༸རྒྱལ་བའི་ཡང་སྲིད་ཀྱང་རང་དབང་ལུང་པར་འཁྲུངས་རྒྱུའི་བཀའ་གསལ་ཕེབས་ཟིན་ཡོད་ལ། རང་དབང་ལུང་པ་ནས་འབྱོན་ངེས་ཀྱི་༸རྒྱལ་བའི་ཡང་སྲིད་གང་ཉིད་འཚོལ་ཞིབ་ངོས་འཛིན་དང་། ཁྲི་འདོན་གྱི་འགན་ཁུར་རྣམས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩས་ལེན་རྒྱུ་ཡིན་ཞིང་། དགེ་རྩའི་དབང་ལྡན་འགན་འཛིན་རྣམ་པས། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ཡིན་ལ། སྐུ་ཕྲེང་ན་རིམ་ནས་གངས་ཅན་པ་རྣམས་སྐྱོང་བའི་གཡར་དམ་གཡེལ་མེད་སྒྲུབ་ངེས་པས། རྒྱ་ནག་གུང་ཁྲན་གཞུང་གི་ཧམ་ཤེད་ངན་གཡོའི་རྫུན་སྤྱོད་རྣམས་རྒྱལ་སྤྱིའི་ནང་དང་། ནང་པའི་སྤྱི་ཚོགས་སྤྱི་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པའི་ཁྲོད་ངོས་ལེན་ཐོབ་པའི་གཞི་རྟེན་གང་ཡང་མེད་པ་ཆགས་རྒྱུ་ཉག་ཅིག་ཡིན།

 ༸རྒྱལ་བའི་གོ་སྟོན་ཉིན། རྒྱལ་ཁབ་དང་གཞུང་གི་དབུ་ཁྲིད་ལས་ཟུར་དང་། གནད་ཡོད་མི་སྣ་མང་པོ་ཞིག་གིས་༸མགོན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་འཚམས་ཞུ་ཕུལ་བ་མ་ཟད། དབྱིན་ཡུལ་དང་། ཧྥ་རན་སི། འཇར་མན། ནི་དྷར་ལནྜ། ལི་ཐུ་ཝེ་ནི་ཡ། ཨེས་ཏོ་ནི་ཡ། ཨའི་སི་ལནྜ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ཐུན་མོང་ནས་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ལ་ཕྱི་ནས་ཐེ་བྱུས་མི་ཆོག་པའི་མཉམ་འབྲེལ་སྲིད་ཇུས་བསྒྲགས་གཏམ་སྤེལ་ཡོད་པ་དང་། ཟླ་ ༧ ཚེས་ ༢༧ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལོ་མང་འབྲེལ་ལམ་གཏིང་ཟབ་ཡོད་པའི་རྒྱལ་ཁབ་སྟེ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་མཆོག་ལ་དྭགས་སུ་༸གོང་ས་མཆོག་མཇལ་བཅར་བྱུང་བ་ནི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་ཆགས་ཡོད། བཀའ་ཤག་གིས་བོད་མིའི་སྤྱི་ཚོགས་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ། ནང་པའི་སྤྱི་ཚོགས། རྒྱལ་ཁབ་ཁག་བཅས་ནས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་ཁྲིམས་ཡིག་དང་། གྲོས་ཆོད། བསྒྲགས་གཏམ། གསོལ་འདེབས། སྙན་ཐོ་སོགས་འདོན་སྤེལ་ཟིན་པ་རྣམས་བསྡུ་རུབ་ཀྱིས། རྒྱབ་རྟེན་ཡིག་ཆའི་ཚུལ་དུ་གསོག་ཉར་བྱེད་བཞིན་པ་དང་། ད་དུང་མུ་མཐུད་རང་དབང་ལུང་པའི་ནང་ནུས་ལྡན་གྱི་རྒྱབ་སྐྱོར་འཚོལ་ཐབས་འབད་བརྩོན་ཞུ་རྒྱུ་ཡིན་པས། འབྲེལ་ཐོགས་ཚང་མས་མཉམ་རུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།

མང་གཙོ་ལམ་ལུགས་ནི་བོད་དོན་འཐབ་རྩོད་ཀྱི་གཞོམ་གཞིག་མི་ཐུབ་པའི་སྟོབས་ཤུགས་ཡིན་ལ། མ་འོངས་པར་གཞིས་བྱེས་ལྷན་འཛོམས་སྐབས་གཞིས་བཞུགས་སྤུན་ཟླ་ཚོར་འབུལ་རྒྱུའི་ལེགས་སྐྱེས་རྩ་ཆེ་ཤོས་ཀྱང་འདི་ཡིན། བཀའ་ཤག་གི་འབོད་ཚིག་ཏུ་སྤྱི་སྙོམས་དྲང་བདེན་ཞེས་པ་འདི་ཡང་མང་གཙོ་ལམ་ལུགས་ཀྱི་ཁྲིམས་ལུགས་དྲང་བདེན་དང་སྲིད་ཇུས་སྤྱི་སྙོམས་ལ་བརྟེན་ནས་མངོན་འགྱུར་བྱེད་ཐུབ་པ་དང་། མི་མང་རྣམས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་བྱེད་སྒོར་མཉམ་ཞུགས་ཀྱི་སྒོ་ནས་ནུས་པ་མཉམ་སྤུངས། བོད་རང་དབང་གི་ཆེད་དུ་རྡོག་གྲ་འགྲིག་པོའི་ཐོག་ནས་གོམ་པ་མདུན་སྤོ་བཅས་ཀྱི་རེ་འདུན་འཆང་གི་ཡོད་པས། ང་ཚོ་ཐུན་མོང་གི་རྨི་ལམ་མངོན་དུ་འགྱུར་བར་ཚང་མས་བློ་སྟོབས་སྐྱེད་རོགས་ཞེས་གསལ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༡ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese