དཔལ་ས་སྐྱའི་ཆབ་འབངས་ཡོངས་ཀྱིས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་བརྟན་བཞུགས་བསྟར་འབུལ་ཞུས་འདུག

དེ་རིང་བོད་ཟླ་ ༨ ཚེས་ ༡ ཉིན་བྱེས་ཀྱི་དཔལ་ས་སྐྱའི་གདན་ས་ར་ཛ་སྤུར་ཆོས་སྒར་དུ། དཔལ་ས་སྐྱའི་ཆབ་འབངས་ཡོངས་ཀྱི་གོ་སྒྲིག་འོག ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་འཁྲུངས་སྐར་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།
སྐབས་དེར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་དཔལ་ལྡན་ས་སྐྱ་བའི་ཆབ་འབངས་སུ་གཏོགས་པ་ཡོངས་སུ་རྫོགས་པ་མཉམ་དུ་འཛོམས་ཏེ། ད་ལན་ངོས་ཀྱི་སྐྱེས་སྐར་གྱི་གོ་སྐབས་དང་བསྟུན་ནས་བརྟན་བཞུགས་ཟབ་ཅིང་རྒྱས་པ་ཞིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བརྟན་བཞུགས་ཀྱི་མཚམས་འདིར་ཞལ་བཞེས་ཞུ་བར། བླ་མ་སྐྱེ་འཆི་ལ་རང་དབང་ཐོབ་མཁན་ཚོར་ཡར་བླ་མ་བཞུགས་དགོས་གསུངས་པ་དང་། མར་ང་རང་བསྡད་རྒྱུ་ཡིན་ཞེས་གསུང་གི་ཡོད་པ་རེད། ངོས་རང་ལ་མིང་ཆེན་པོ་ཞིག་ཡོད་པ་མ་གཏོགས་དོན་ལ་སོ་སོ་སྐྱེས་བུ་ཐ་མལ་གྲལ་དུ་བསླེབ་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ངོས་ཀྱིས་རང་དབང་གི་ཐོག་ནས་ང་རང་བསྡད་རྒྱུ་ཡིན་ཞེས་ལབ་རྒྱུ་ཡོད་མ་རེད། ཡིན་ནའང་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་གསུངས་ཡོད་པ་རེད། རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་པ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་གནང་གི་ཡོད་པ་རེད། བྱེད་ཙང་ད་ལན་བསྟན་བདག་བླ་ཆེན་རྣམ་པ་དང་། བླ་སྤྲུལ་མཁན་པོ། དགེ་འདུན་འདུས་པ་རྒྱ་མཚོ། དེ་བཞིན་མི་མང་བཅས་ཀྱི་ངོས་ནས་ལྷག་བསམ་དང་བདེན་དོན་རྩེ་གཅིག་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་ཟབ་རྒྱས་གནང་བ་ཡིན་དུས། དེ་ལ་བརྟེན་ནས་གཏན་གཏན་ནུས་པ་ཆེན་པོ་ཞིག་ཐོན་གྱི་ཡོད་ས་རེད་ལ་ཡིད་ཆེས་ཀྱང་ཡོད། ཅེས་བཀའ་སློབ་བསྩལ་སོང་།
ཡང་ཁོང་གིས། གང་ལྟར་ང་ཚོ་ཚང་མ་འདིར་འཛོམས་ཏེ་ཚེ་སྒྲུབ་ཀྱི་ཆོ་ག་ལྷད་མེད་གནང་བར་བརྟེན་ནས་ལྷ་བཅས་སྲིད་ཞི་གཙུག་རྒྱན་འཇིག་རྟེན་ཞི་བདེའི་དེད་དཔོན་༧སྤྱི་ནོར་༸གོང་ས་རྒྱལ་བའི་དབང་པོ་མཆོག་གི་དབུས། རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་སྐུ་ཚེ་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་དྲི་མེད་ལྷུན་གྱིས་འགྲུབ་པ། དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་ངོས་རང་ལ་རྒྱུན་རིང་པོར་འཚོ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཁྱེད་ཚོས་ཀྱང་ཐུགས་སྣང་དེ་དེ་བཞིན་གནང་རོགས། ཆོ་གའི་གཞུང་ནས་ག་དུས་བསྟན་པ་རྒྱས་པ་དང་།། སེམས་ཅན་ཕན་པའི་རྒྱུར་གྱུར་ན།། མི་ལོ་བརྒྱ་ཚར་བརྒྱད་ལྷག་སོགས།། གང་ཐུབ་འཚོ་བར་བླ་མ་དང་།། རྒྱལ་བ་སྲས་དང་བཅས་པའི་བདག ། དབང་ཕྱུག་ལྡན་པར་བྱིན་གྱིས་རློབས།། ཞེས་གསུངས་བ་བཞིན་དེ་དེ་བཞིན་ཞུའོ། ཚང་མའི་ཐུགས་བདེ་བོ་གནངས་རོགས། ཅེས་གསུངས་སོང་།
དེ་བཞིན་ཉེ་སྔོན་ཁྲི་ཆེན་མཆོག་གི་གྱ་སྟོན་སྲུང་གཙིའི་ཆ་ཤས་སུ་ས་སྐྱ་ྋགོང་མའི་མཛད་རྣམ་གླེང་བ་ཞེས་པའི་བགྲོ་གླེང་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཝཱ་ཎ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ཀྱིས་ས་སྐྱ་༧གོང་མ་དང་བོད་བརྒྱུད་ནང་བསྟན་སྐོར་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ས་སྐྱ་༧གོང་མ་དང་ཆོས་ལུགས་མཐུན་འབྲེལ་སྐོར། ཝཱ་ཎ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་ས་སྐྱ་༸གོང་མ་དང་བོད་ཀྱི་ལས་དབང་སྐོར། སྨོན་ལམ་བརྡ་ཕྲིན་ཞིབ་འཇུག་ཁང་གི་མཁན་པོ་འཇུ་བསྟན་སྐྱོང༌ལགས་ཀྱིས་ས་སྐྱ་༸གོང་མའི་འཕྲིན་ལས་ཀྱི་ཁ་ཕྱོགས་སྐོར། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ས་སྐྱ་༧གོང་མས་བཤད་སྒྲུབ་ཀྱི་བསྟན་པ་སྐྱོང་བའི་སྐོར། སྒྲོལ་མ་ཕོ་བྲང་གི་མཁན་པོ་སྤྱན་ཡངས་རྒྱ་མཚོ་ལགས་ཀྱིས་ས་སྐྱ་༧གོང་མས་དབང་ལུང་མན་ངག་གི་རྒྱུན་སྐྱོང་ཚུལ་བཅས་ཀྱི་བརྗོད་གཞིའི་གཏམ་བཤད་གནང་ཡོད་འདུག
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནི་བོད་རབ་བྱུང་ཤིང་བྱའི་ལོའི་བོད་ཟླ་ ༨ ཚེས་ ༡ དང་ཕྱི་ལོ་ ༡༩༤༤ ཕྱི་ཟླ་ ༩ ཚེས་ ༧ ཉིན་ཡབ་འཁོན་རིགས་བདག་ཉིད་ཆེན་པོ་ཀུན་དགའ་རིན་ཆེན་དང་། ཡུམ་བསོད་ནམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༡ ལོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ས་སྐྱའི་ཁྲི་རབས་ ༤༡ བར་བསྐོ་བཞག་མཛད་དེ་ཕྱི་ལོ་ ༢༠༡༧ ཟླ་ ༣ བར་ལོ་ངོ་ ༦༦ རིང་དཔལ་ས་སྐྱ་པའི་ཁྲི་འཛིན་མཛད་ཡོད་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།