རྩེ་དྲུང་དང་ཤེས་བྱའི་རྩོམ་སྒྲིག་པ་ཟུར་པ་དང་དགའ་ལྡན་ཕོ་བྲང་གི་བོད་དྲུང་བྱམས་པ་བསྟན་འཛིན་ལགས་ཀྱིས་རང་རེར་གསར་འགྱུར་ལས་རིགས་ཀྱི་དཔུང་ཁག་ཅུང་བྱང་ཆུབ་པ་ཞིག་མེད་དུ་མི་རུང༌བ༌ཡིན༌པ༌ལོ་རྒྱུས་ཀྱི་དགོས་མཁོས་ཐག་བཅད་ཡོད་པས་གསར་འགྱུར་ལས་རིགས་གཉེར་མཁན་མི་རབས་གསར་པའི་ན་གཞོན་རྣམས་ཀྱིས་བོད་དོན་བདེན་མཐའ་གསལ་བར་སྨན་ངེས་ཀྱི་གོང་འཕེལ་ཆེན་པོ་ཞིག་ཡོང་ཐབས་གནང་གལ་ཆེ་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། གསར་འགྱུར་མེ་ལོང་གསར་འཛུགས་གནང་སྟེ་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་སྲུང་གཙི་དང་བསྟུན། བོད་ཀྱི་ཐེབས་རྩ་དང་སྐབས་ཉེར་གཉིས་པའི་ས་རཱ་གཞོན་ནུའི་གོ་སྒྲིག་འོག གསར་འགྱུར་མེ་ལོང་གི་བརྗོད་གཞིའི་ཐོག་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་དབུ་འཛུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། རྩེ་དྲུང་དང་ཤེས་བྱའི་རྩོམ་སྒྲིག་པ་ཟུར་པ་དང་དགའ་ལྡན་ཕོ་བྲང་གི་བོད་དྲུང་བྱམས་པ་བསྟན་འཛིན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། མཐོ་སློབ་ཁག་གི་སློབ་དཔོན་དང་། མཁས་དབང། གཏམ་བཤད་པ་ཁག་ཅིག སློབ་མ་སོགས་མི་གྲངས་ ༥༠ ཚོགས་བཅར་གནང་འདུག་ལ། མཛད་སྒོའི་ཐོག་རྩེ་དྲུང་དང་ཤེས་བྱའི་རྩོམ་སྒྲིག་པ་ཟུར་པ་དང་དགའ་ལྡན་ཕོ་བྲང་གི་བོད་དྲུང་བྱམས་པ་བསྟན་འཛིན་མཆོག་ལ་སཾ་བྷོ་ཊ་བུམ་པའི་རྩོམ་སྒྲིག་གཟེངས་རྟགས་ཕུལ་སོང་།
མཛད་སྒོའི་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། མཐོ་སློབ་ཀྱི་ངོ་སྤྲོད་སྙིང་བསྡུས་གནང་གྲུབ་མཚམས། ས་རཱ་གཞོན་ནུའི་ཚོགས་གཙོ་པདྨ་རྣམ་རྒྱལ་ལགས་ཀྱིས་བགྲོ་གླེང་ཚོགས་འདུའི་དགོས་དམིགས་དང་འབྲེལ་ནས། འདི་ལོར་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་བཏོན་ནས་ལོ་བརྒྱ་འཁོར་གྱི་ཡོད་པར་བརྟེན། ཉིན་དང་པོར་གསར་འགྱུར་མེ་ལོང་ལས་འཕྲོས་ཏེ་༧རྒྱལ་བའི་གོ་སྟོན་སྲུང་གཙི་དང་། ཉིན་གཉིས་པར་གསར་འགྱུར་མེ་ལོང་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ། ཉིན་གསུམ་པར་ད་ལྟའི་བོད་ཡིག་གསར་འགྱུར་སྙན་སྒྲོན་དང་། རྩོམ་འབྲི། བཅར་འདྲི་བཅས་ཀྱི་ཆུ་ཚད་ཡར་རྒྱས་གཏོང་ཕྱོགས་སྐོར་ཡིན་སྐོར་སོགས་བརྗོད་སོང་།

ཤེས་བྱ་རྩོམ་སྒྲིག་པ་ཟུར་པ་བྱམས་པ་བསྟན་འཛིན་ལགས་ཀྱིས། མིའི་སྤྱི་ཚོགས་གོང་དུ་འཕེལ་བའི་རྗེས་སུ་འབྲངས་ཏེ་གསར་ཤོག་དང༌། དུས་དེབ། རླུང་འཕྲིན་སོགས་ནི་དེང་སང་མི་རྣམས་ཀྱི་ཆབ་སྲིད་ཀྱི་འཚོ་བའི་ནང་གི་དགོས་མཁོ་གལ་ཆེན་ཞིག་ལ་གྱུར་ཡོད། དེས་ན་སྲིད་གཞུང་དང༌། སྲིད་དོན་གྱི་ཚོགས་པ་སོགས་ཀྱིས་གསར་འགྱུར་གྱི་ལས་རིགས་འདྲ་མིན་དོ་གལ་ཆེན་པོས་གཉེར་གྱི་ཡོད་པ་ལྟར། རང་རེ་བོད་མིའི་སྤྱི་ཚོགས་ཀྱི་གཞུང་སྒེར་གསར་འགྱུར་ལས་རིགས་ཁག་ཀྱང་གོང་གསལ་དང་གཅིག་མཚུངས་ཡིན་ཞིང་། དེ་དག་ལ་ནུས་པ་ངེས་ཅན་ཞིག་ཡོད་པ་རེད། གཞུང་ཕྱོགས་ཀྱི་ངོ་བོ་ལྡན་པའི་གསར་ཤོག་དང་དུས་དེབ་ནི་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་གལ་ཆེ་ཞིག་ཡིན། དེས་གཞུང་གི་མགྲིན་ཚབ་ཀྱི་ནུས་པ་འདོན་པ་དང་ཆབས་ཅིག་མི་མང་གི་མགྲིན་ཚབ་ཀྱི་ནུས་པའང་འདོན་གྱི་ཡོད། ཅེས་དང་། གསར་འགྱུར་ལས༌རིགས༌ནི༌ཆབ༌སྲིད༌ཙམ༌མ༌ཡིན་པར་སྤྱི་ཚོགས་ཀྱི་འགན་འཁྲི་ཆེན་པོ་ཡོད་པ་ཞིག་ཡིན་པ། དེ་ལ་བརྟེན་ནས་འགལ་རྐྱེན་ཡང་ཆེན་པོ་ཡོད། དེང་སང་འཛམ་གླིང་ཐོག་གསར་འགོད་པར་གནོད་འཚེ་འཁེལ་བ་ཉུང་ཉུང་མིན། རང་རེར་མཚོན་ན་བཙན་བྱོལ་གྱི་གནས་བབ་ཐོག་སྤྱི་ཚོགས་ཀྱི་གནས་ཚུལ༌ཡང་ཅུང་འཁྲུག་ཆ་ཆེན་པོ་ཡོད་པ་དང༌། ལྷག་པར་དུ་ཕ་རོལ་དགྲ་ཕྱོགས་ཀྱི་ཆབ་སྲིད་འགོག་རྒོལ་གྱིས༌མཐའ༌བསྐོར༌བའི༌ནང༌གནས༌ཡོད་པས་འགྲོ་ལམ་བདེ་བོ་ཞིག་མེད། གསར་འགྱུར་ནི་ཆབ་སྲིད་ཀྱི་མཚོན་ཆ་ཡིན་པས་མི་མང་གི་ཕྱོགས་ནས་ལངས་ཏེ་དྲང་པོ་ཞིག་བཏོན་ན་ཁག་གཅིག་ལ་ཕོག་ཐུག་འགྲོ་ངེས་ཡིན་ལ། ཕོག་ཐུག་གཏོང་མ་ཐུབ་ན་གསར་འགྱུར་གྱི་ལས་འགན་མ་འགྲུབ་པ་རེད། དེར་བརྟེན་གསར་འགོད་པ་སྒེར་གྱི་ངོས་ནས་མི་ཚེའི་མདུན་ལམ་འདི་གཞན་དང་འདྲ་བའི་ཡངས་པོ་ཞིག་ཡིན་མིན་བརྗོད་དཀའ། ཡིན་ནའང་སྤྱི་ནོར་༧གོང་ས་ ༸སྐྱབས་མགོན་ཆེན་པོས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རང་དབང་བསྐྱར་གསོ་དང་བོད་ཀྱི་སྤྱི་ཚོགས་འདི་འཛམ་གླིང་གི་ཡར་ཐོན་དམངས་གཙོའི་སྤྱི་ཚོགས་ཀྱི་གདན་གྲལ་དུ་ཞུགས་ཐུབ་པའི་ཆེད་དུ་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་ཐུགས་བརྩོན་གནང་དང་གནང་བཞིན་ཡོད། དེ་ནི་བོད་མི་ས་ཡ་དྲུག་གི་ཕུགས་འདུན་ཡང་ཡིན། དེས་ན་རང་རེར་གསར་འགྱུར་ལས་རིགས་ཀྱི་དཔུང་ཁག་ཅུང་བྱང་ཆུབ་པ་ཞིག་མེད་དུ་མི་རུང༌བ༌ཡིན༌པ༌ལོ་རྒྱུས་ཀྱི་དགོས་མཁོས་ཐག་བཅད་ཡོད། འདི་འདྲའི་དུས་སྐབས་སུ་མི་རབས་གསར་པའི་ན་གཞོན་གསར་འགོད་པ་ཁག་ཅིག་གིས་གྲ་སྒྲིག་གནང་སྟེ་བོད་ཀྱི་གསར་འགྱུར་ལས་རིགས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་སྒྲིག་འཛུགས་ཤིག་ཐོན་པ་ནི་དུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་ཡིན་པས་སླད་ཕྱིན་གསར་འགྱུར་ལས་རིགས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་ཐུབ་རྒྱུའི་རེ་བ་ཡོད། གསར་འགྱུར་ལས་རིགས་གཉེར་མཁན་མི་རབས་གསར་པའི་ན་གཞོན་རྣམས་ཀྱིས་ཐུགས་ལ་བཅངས་ནས་གཉན་འཕྲང་གི་དུས་སྐབས་འདིར་མི་རིགས་ཀྱི་ལྷག་བསམ་སྙིང་སྟོབས་འགྱུར་བ་མེད་པ་དང་། ཤེས་བྱ་འཇོན་ཐང་གཉིས་འཛོམས་ཀྱི་ཐོག་ནས་ནང་ཁུལ་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕན་ཚུན་དགེ་སྐྱོན་གོ་བསྡུར། གཞན་གྱི་བསམ་འཆར༌ཉན༌ཤེས༌པ༌བཅས༌གནང༌སྟེ༌དྲིལ་བསྒྲགས་གསར་འགྱུར་གྱི་ལས་དོན་འདི་བོད་དོན་བདེན་མཐའ་གསལ་བར་སྨན་ངེས་ཀྱི་གོང་འཕེལ་ཆེན་པོ་ཞིག་ཡོང་ཐབས་གནང་གལ་ཆེ་བའི་རེ་འདུན་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གསར་འགྱུར་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་ཅིང་། དམངས་གཙོའི་ཀ་བ་བཞི་པའང་རེད། མི་མང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་ཅི་ཞིག་འགྲུབ་ཀྱི་ཡོད་མེད་ཆ་ཚང་གསར་འགྱུར་བརྒྱུད་ལམ་གྱི་ཐོག་ནས་བཤད་ཐུབ་པ་བྱ་རྒྱུ་དེ་གསར་འགོད་པའི་ལས་འགན་རེད་བསམ་གྱི་འདུག གསར་འགོད་པས་དུས་རྒྱུན་དུ་ནས་གསར་འགྱུར་འགོད་པ་དང་། དྲི་བ་གཏོང་བའི་སྐབས་ཕྱོགས་སུ་མ་ལྷུང་བ་ཞིག་དང་དྲང་པོ་དགོས་གལ་ཆེ་བ་དང་། གལ་སྲིད་གསར་འགྱུར་གྱི་ལས་རིགས་ནང་ཞུགས་པར་སོ་སོས་དོ་དབྱིངས་ཡོད་པའི་ཐོག་ནས་ཞུགས་ན་ཡག་པོ་ཡོད་རེད་བསམ་གྱི་འདུག་ལ། དོ་དབྱིངས་ཡོད་པའི་ལས་ཀ་ཞིག་ལ་སོ་སོས་དྲང་བདེན་གྱི་ཐོག་ནས་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག དོ་དབྱིངས་མེད་ཚེ་དུས་ཚོད་སྐྱེལ་རྒྱུ་དང་། གླ་ཕོགས་དང་ལས་ཀ་རང་གི་ངོ་བོར་བལྟས་ན་ག་རེ་ཡིན་ནའང་ཕར་ཚུར་འགྲོ་སྲིད་ཀྱི་རེད། ནམ་རྒྱུན་ནས་རྒྱ་གར་ནང་གདམ་ག་ག་ཚོད་ཡོད་མེད་བཤད་ཐུབ་ཀྱི་མི་འདུག གལ་སྲིད་གདམ་ག་ཡོད་ན་སོ་སོས་དོ་དབྱིངས་ཡོད་པའི་ལས་ཀ་བྱེད་ཐུབ་ཚེ། ག་པར་ཡིན་རུང་དྲང་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་དང་། གསར་འགོད་པ་སོ་སོའི་ངོས་ནས་དྲང་པོ་བྱས་ཡིན་བསམ་པའི་ཚོར་བ་སླེབས་དགོས་གལ་ཆེ་བ་དང་། དམངས་གཙོའི་སྒྲོམ་གཞི་གནས་པར་དྲང་བདེན་གྱི་གསར་འགྱུར་སྤེལ་དགོས་གལ་ཆེན་པོ་ཡོད་སྐོར་སོགས་གསུངས་སོང་།
དེ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་ཚུལ་ཁྲིམས་དཔལ་ལྡན་ལགས་ཀྱིས་ ༡༩༢༥ ནས་ ༡༩༣༥ བར་གསར་འགྱུར་མེ་ལོང་ནང་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཛད་པ་ཇི་འཁོད་སྐོར་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འཇམ་དབྱངས་དོན་གྲུབ་ལགས་ཀྱིས་ ༡༩༣༥ ནས་ ༡༩༤༥ བར་གྱི་གསར་འགྱུར་མེ་ལོང་ནང་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་མཛད་པ་ཇི་འཁོད་སྐོར། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཉན་ཐར་ལགས་ཀྱིས་ ༡༩༤༦ ནས་ ༡༩༦༠ བར་གྱི་གསར་འགྱུར་མེ་ལོང་ནང་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་མཛད་པ་ཇི་འཁོར་སྐོར་གསུང་བཤད་གནང་སོང་། དེའི་རྗེས་༧རྒྱལ་དབང་བཅུ་གསུམ་པ་དང་བཅུ་བཞི་པས་བོད་ཀྱི་ཆབ་སྲིད་ཐོག་བཀའ་དྲིན་ཇི་བསྐྱངས་ཐད་གྲོས་བསྡུར་གནང་སོང་།

སང་ཉིན་ཕྱི་ཚེས་ ༧ ཉིན་ཀ་སྦུག་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་མཁས་དབང་དར་ཞབས་འཇམ་དཔལ་སྐལ་ལྡན་ལགས་ཀྱིས་བྷ་བུ་མཐར་ཕྱིན་དང་གསར་འགྱུར་མེ་ལོང་སྐོར་གསན་གཟིགས་ཕྱིར་དྲན་དང་། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞིབ་འཇུག་པ་རྡོ་རྗེ་སྒྲོལ་མ་ལགས་ཀྱིས་གསར་འགྱུར་མེ་ལོང་གི་དམིགས་ཡུལ་དང་བརྗོད་བྱ། བོད་ཀྱི་དཔེ་མཛོད་ཁང་གི་ཕྱག་དཔེ་དོ་དམ་སྡེ་ཚན་གྱི་འགན་འཛིན་བསོད་སྟོབས་ལགས་ཀྱིས་གསར་འགྱུར་མེ་ལོང་གི་གསར་ཤོག་ཉར་ཚགས་སྐོར། གསར་འགྱུར་མེ་ལོང་སྐོར་གློག་བརྙན་བཟོ་མཁན་བོད་དགེ་བསོད་ནམས་ཚེ་བརྟན་ལགས་ཀྱིས་གསར་འགྱུར་མེ་ལོང་ནང་བོད་ཀྱི་ལྷ་མོའི་ཟློས་གར་དང་འབྲེལ་བའི་གནས་ཚུལ་སྐོར། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་གསར་འགྱུར་མེ་ལོང་དང་དགེ་སློང་རིག་འཛིན་དབང་པོའི་སྐོར། སྐད་བརྡ་རིག་པའི་ཞིབ་འཇུག་སློབ་ཐོན་པ་པདྨ་སྒྲོལ་མ་ལགས་ཀྱིས་གསར་འགྱུར་མེ་ལོང་ནང་ཁུ་ནུ་སྟོད་ཀྱི་ཐ་སྙད་སོགས་སྐད་རིགས་གཞན་གྱི་ཐ་སྙད་ཇི་ཙམ་བེད་སྤྱོད་བྱས་མིན་འཚོལ་ཞིབ་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག
ཉིན་གསུམ་པར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་མ་འོད་ཟེར་སྐྱིད་ལགས་ཀྱིས་བོད་ཡིག་གསར་ཤོག་གི་བྱུང་འཕེལ་དང་དར་རྒུད། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་པར་སྐྲུན་ཚན་པའི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཡིག་རྩོམ་སྒྲིག་དང་ཞུ་དག་སྐབས་ཡིད་གཟབ་བྱེད་ཡུལ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས་བོད་ཡིག་གསར་འགྱུར་རྩོམ་འབྲི་དང་། སྙན་སྒྲོན། བཅར་འདྲི་སྐབས་བརྡ་དང་ཐ་སྙད་ལ་ཡིད་གཟབ་གནང་ཕྱོགས། ཀ་སྦུག་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་མཁས་དབང་དར་ཞབས་འཇམ་དཔལ་སྐལ་ལྡན་ལགས་ཀྱིས་བོད་ཡིག་གསར་འགྱུར་ལས་འཕྲོས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་གསུང་བཤད་གནང་རྒྱུ་བཅས་ཀྱི་ལས་རིམ་བསྒྲིགས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།