རྩོམ་པ་པོ། རྨུགས་འབུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ།
རྩོམ་ཁུངས། བོད་ཀྱི་དུས་བབ།
རྒྱ་ནག་གཞུང་གིས་བོད་རིགས་འདུས་སྡོད་ཞིང་ཆེན་བཞི་དང་ལྗོངས་གཅིག་བཅས་ཀྱི་ས་ཁུལ་ཡོངས་སུ་འཚོ་སྡོད་བྱེད་པའི་བོད་མི་རིགས་ཀྱི་བོད་སྐད་ཡིག་སློབ་གསོའི་ལས་དོན་ལ་བཅོས་སྒྱུར་རབས་དང་རིམ་པར་བྱས་ཡོད།
དེའི་དགོས་དོན་ནི་བོད་མི་རིགས་ཀྱི་ཤེས་རིག་གི་ནུས་པ་ཉམས་དམའ་བ་དང་ནུས་པ་མེད། ཡང་ན་མེད་བརླག་བཟོ་རྒྱུ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ཡང་བོད་མི་རིགས་རིག་གཞུང་དང་བཅས་པའི་ངོ་བོ་རྩ་བརླག་དུ་གཏོང་ཆེད་དང་། དེ་ནས་བོད་ས་ཁྱོན་ཡོངས་དབང་སྒྱུར་གྱིས་བོད་མི་རིགས་འདི་རྒྱ་ནག་གཅིག་གི་ནང་བསྲེས་ཏེ་མི་རིགས་རྩ་མེད་བཟོ་བའི་འཆར་གཞི་ལྡན་པའི་ལས་དོན་ཞིག་ཡིན་འདུག
བརྒྱུད་རིམ་དེའི་ཁྲོད་ནས་དང་ཐོག་བོད་རིགས་འདུས་སྡོད་བྱེད་ས་ཞིང་ལྗོངས་ལྔར་ཁྱབ་པའི་སྐད་གཉིས་སློབ་གསོའི་ལས་གཞི་སྤེལ་ཏེ་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ནང་རྒྱའི་སྐད་ཡིག་དང་རྒྱའི་རིག་གཞུང་གི་ནང་བཅུད་བསྲེས་ལྷད་ཀྱིས་བོད་མིའི་ནང་སེམས་ཁམས་ལ་བསྲེས་ལྷད་བྱས་པ་དང་། དེ་ནས་རིམ་པས་སྤྱི་སྐད་ཁྱབ་སྤེལ་དང་དེའི་ཤུགས་ནས་བོད་ཀྱི་སྐད་ཡིག་དེ་ནུས་མེད་དམ་བེད་མེད་དུ་སྒྱུར་བའི་ལས་དོན་ཐད་ཐབས་བྱུས་འདྲ་མིན་གྱིས། ཕྱི་ལོ་ ༡༩༨༥ ལོ་ཙམ་ནས་བོད་རིགས་བྱིས་པ་མང་པོ་རྒྱ་ནག་ནང་ཁྲིད་དེ་རྒྱའི་སྐད་ཡིག་དང་དེའི་ནང་དོན་ལྡན་པའི་སློབ་གསོས་བསྐྱངས་རྗེས། ཕྱིར་བོད་ཁུལ་དུ་བཏང་སྟེ་ལས་དོན་སྤེལ་འཇུག་གི་ཡོད། དེའི་ཤུགས་རྐྱེན་ལས་བོད་རིགས་བྱིས་པ་མང་པོར་རྒྱའི་སྐད་ཡིག་དང་རིག་གཞུང་གི་ཤུགས་རྐྱེན་མང་ཙམ་བསྒོས་པ་དང་། རིམ་པས་ཐབས་བྱུས་ལྡན་པའི་སྲིད་བྱུས་འདྲ་མིན་འོག་བོད་སྐད་ཡིག་སྦྱོང་སྤྱོད་ཀྱི་གོ་སྐབས་མེད་པར་བཟོ་པའི་དུས་སུ་སླེབས།

སྤྱིར་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་ཁྲོད་བོད་སྐད་ཡིག་གི་སློབ་ཁྲིད་བྱེད་ཤུགས་ཆུང་བ་དང་། སློབ་ཚན་ཉུང་བ། ནང་དོན་བོད་ཀྱི་རིག་གཞུང་ལས་བཀྱེས་ཏེ་རྒྱའི་ཁུང་ཙི་སློབ་གསོ་( སློབ་མའི་བསླབ་བྱ། 弟子规 di zi gui) ཞེས་པ་སློབ་ཚན་ནང་བཅུག་པ། དེ་ཡང་བྱིས་པར་ཆེད་དུ་(弟子规) སློབ་དེབ་དང་འགུལ་བརྙན་སོགས་བཟོས་ཏེ་བོད་སྐད་ནང་བསྒྱུར་བ་བོད་རིགས་བྱིས་པ་ཚོའི་སེམས་ནང་འཇུག་ཐབས་བྱས། ཁུང་ཙིའི་སློབ་གསོ་ནི་འཛམ་གླིང་གི་གཙུག་ལག་སློབ་གྲྭ་མང་པོར་ཆེད་སྦྱོང་བཙུགས་ཏེ་སློབ་སྦྱོང་བྱེད་བཞིན་ཡོད་[1] པས། རང་རེའི་(རྒྱ་ནག་)སློབ་གསོའི་ནང་ངེས་པར་དུ་སློབ་དགོས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས།
ཕྱི་ལོ་ ༢༠༠༩ དང་ ༡༠ ལོ་ཙམ་ལ་མདོ་སྨད་རེབ་གོང་སོགས་གཙོས་བོད་རིགས་སློབ་མ་མང་པོས་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གསོ་བཅོས་སྒྱུར་དང་མཐོར་འདེགས་ཆེད་དུ་ཡིན་ཚུལ་བསྒྲགས་ཏེ་དོན་ལ་བོད་པའི་བྱིས་པ་ཚོར་བོད་སྐད་ཡིག་སྦྱོང་བའི་གོ་སྐབས་མེད་པར་བཟོ་བཞིན་པའི་བོད་ཀྱི་སློབ་གསོའི་བཅོས་སྒྱུར་ལ་སྐྱོན་བརྗོད་དང་ངོས་ལེན་མི་ཐུབ་པའི་ངོ་རྒོལ་ཤུགས་ཆེར་བྱས་མོད། ཡིན་ནའང་གནས་སྐབས་འགྲེལ་བཤད་ཙམ་ལས་རྒྱའི་འཆར་གཞི་ལྡན་པའི་ལས་དོན་ལ་འགྱུར་བ་བཏང་མེད།
ཐོག་མའི་ཆར་བོད་སྐད་ཡིག་ཁོ་ན་ནས་སྐད་གཉིས་སློབ་གསོར་བཅོས་སྒྱུར་བཏང་། དེ་ནས་སྐད་གཅིག་སློབ་གསོ་སྟེ་རྒྱ་ནག་ཡོངས་ལ་བསླབ་གཞི་སྐད་ཡིག་གཅིག་གི་སྒྲོམ་གཞིའི་འོག་འཛུད་དགོས་པའི་བཅོས་སྒྱུར་ཆེན་པོ་གཏོང་འགོ་ཚུགས། ཕྱི་ལོ་ ༢༠༡༢ ལོ་ནས་མངོན་གསལ་དོད་པོས་མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོའི་བཅོས་སྒྱུར་འོག་རྒྱའི་སྐད་ཡིག་གཙོ་འདོན་གྱིས་སློབ་ཁྲིད་ལག་བསྟར་བྱས། བཅོས་སྒྱུར་དེའི་ཁྲོད་སྔར་གྱི་སྲོལ་ཡིག་རྙིང་པར་བཅོས་སྒྱུར་གྱིས་སྲོལ་ཡིག་གསར་པ་ཞེས་པ་ཞིག་བཟོས་ཏེ་སྤྱི་བསྒྲགས་བྱས། སྲོལ་ཡིག་གསར་པ་ཞེས་པ་དེ་ ༢༠༡༢ ལོའི་ཟླ་ ༩ པའི་ཚེས་ ༡ ནས་ལག་བསྟར་བྱེད་འགོ་ཚུགས།
༡༽ མཐོ་རྒྱུགས་ཀྱི་ནང་དོན་སྐོར།
ཀྲུང་གོའི་བོད་ལྗོངས་དྲ་བས་བཀོད་པ་ལྟར་ན། (ཕྱི་ལོ་ ༢༠༢༡ ལོའི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་ནང་དོན་མདོར་བསྡུས་ན་ཡིག་འབྲུ་འདི་དྲུག་ལས་མ་འདས།) ཞེས་པའི་འགོ་བརྗོད་འོག་དོན་ཚན་དྲུག་ཡོད་ཅིང་། དང་པོ། ༡༽ ཏང་། (ཏང་གི་ལོ་རྒྱུས་བརྗོད་གཞི་གཙོ་བོར་བཟུང་བ་) ༢༽ དུས་རབས། (དུས་རབས་ཀྱི་སྙིང་སྟོབས་དང་ཁྱད་ཆོས། གནས་ཚུལ་དང་གནད་དོན་གསར་བ་བཅས། ༢༠༢༡ ཟླ་ ༦ ཚེས་ ༢༣ ཉིན་ཀྲུང་གོས་བྱང་སྐར་ཨང་གསུམ་པའི་གོ་ལའི་འཁོར་སྐར་མཁའ་དབྱིངས་སུ་བཏང་བ་ལྟ་བུ་སོགས།) ༣༽རང་ཉིད། (རྒྱལ་ཡོངས་སྐད་ཡིག་གི་མཐོ་རྒྱུགས་གསར་པའི་རྒྱུགས་ཤོག་II རྩོམ་ཡིག་ལུས་རྩལ་གྱི་ཕན་འབྲས་དང་དྲག་ཞན་གྱི་འགྱུར་ལྡོག་) ཅེས་པ་ལྟ་བུ། ༤༽ མཉམ་འདྲེས། (རྒྱུགས་གཞིའི་ཁྲིད་སྟོན་གྱི་“མཉམ་འདྲེས་”བརྒྱུད་ནས་རྒྱུགས་སྤྲོད་སློབ་མའི་ཕྱོགས་མང་པོའི་ནུས་པ་“མཉམ་འདྲེས་”ཡོང་བ་གསོ་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་པ་)སོགས་དང་།[2]
༥༽ སྒོ་འབྱེད། (སྲོལ་རྒྱུན་དུ་ཆགས་པའི་རྒྱུགས་གཞིའི་རྣམ་པར་འགྱུར་ལྡོག་བཏང་ནས་རྒྱུགས་གཞིའི་སྒོ་འབྱེད་རང་བཞིན་དང་བབ་བསྟུན་རང་བཞིན་ཆེ་རུ་བཏང་བ་སོགས་) ༦༽བརྟན་ལྷིང་། (འདིའི་ཁོངས་སུ་ཐལ་དྲགས་པ་དང་། དཀའ་བ། རྙོག་དྲ་ཅན། ཡ་མཚན་ཅན་སོགས་ཀྱི་རྒྱུགས་གཞི་མེད་པར་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་བརྟན་ལྷིང་ཞི་ལྷོད་ཀྱི་སེམས་ཁམས་ཐོག་ནས་རྒྱུགས་ལན་འབྲི་ཐུབ་པར་བྱས་ཡོད་པ་སོགས་་་་) གོང་བཀོད་འདི་དག་གི་ཁྲོད་ནས་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བའི་ནང་དོན་མེད་པར་མ་ཟད། སྐད་ཡིག་གི་ཆ་ནས་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ཤོག་གཞིར་བཟུང་ནས་འབྲི་དགོས་པ་བསྟན་ཡོད།[3]
༢༠༢༡ ལོ་དེར་རྒྱ་ནག་རྒྱལ་ཡོངས་སུ་མཐོ་རྒྱུགས་ལ་རྒྱུགས་སྤྲོད་མཁན་སློབ་མ་ཁྲི་ ༡༠༧༨ (བྱེ་བ་གཅིག་དང་འབུམ་བདུན་ཁྲི་བརྒྱད་)བྱུང་ཡོད་པ་དང་། དེ་ནི་ལོ་རྒྱུས་སྟེང་གི་ཆེས་མང་བའི་ཟིན་ཐོ་ལས་བརྒལ་ཡོད་ཚུལ་བཤད།[4]
༢༽ མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་སྐད་ཡིག
ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༦ པའི་ཚེས་ ༢༩ ཉིན་མཚོ་སྔོན་བོད་ཡིག་གསར་འགྱུར་ཐོག་བཀོད་པའི་བཅར་འདྲིིའི་རྩོམ་ཡིག་ཅིག་ལས། སློབ་ཆེན་སློབ་མ་ཞིག་དང་། ཁྲིམས་འཛིན་ཅུའུ་ཡི་གཞུང་ཞབས་པ་གཉིས་ཀྱི་ལན་འདེབས་ལས་མཐོ་རྒྱུགས་སྐབས་ “རྨ་ལྷོ་རྫོང་གི་སློབ་ཆེན་སློབ་མ་ཞིག་སྟེ། ན་ཚོད་23 ལ་སླེབས་ཡོད། མིག་སྔར་མཚོ་སྔོན་སློབ་ཆེན་དུ་སློབ་གཉེར་བྱེད་ཀྱིན་ཡོད། མཐོ་རྒྱུགས་ལེན་དུས“民考汉”གྱི་རྒྱུགས་ལེན་སྟངས་ལ་བརྟེན་ནས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་རེད།” ཞེས་དང་ “རྨ་ལྷོ་རྫོང་ཁྲིམས་འཛིན་ཅུའུ་ཡི་གཞུང་ཞབས་པ་ཞིག་སྟེ། ལོ་ཚོད་37 ལ་སླེབས་ཡོད། ཁོས“民考民”ཡི་རྒྱུགས་ལེན་སྟངས་ལ་བརྟེན་ནས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་རེད།”[5] ཅེས་བཤད་འདུག་པས། (民考汉) དང་(民考民) ཞེས་པ་དེ་ནི་རྒྱའི་གྲངས་ཉུང་མི་རིགས་ས་ཁུལ་ལ་འཛིན་པའི་སློབ་གསོའི་བརྡ་ཆད་ཅིག་ཡིན་པ་དང་། (民考民) ཞེས་པ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མས་རང་གི་སྐད་ཡིག་ཐོག་ནས་མཐོ་རྒྱུགས་གཏོང་ཆོག་པ་དང་། (民考汉) ཞེས་པ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱ་ཡིག་གི་ལམ་ནས་མཐོ་རྒྱུགས་གཏོང་དགོས་པའི་ལམ་སྲོལ་ཞིག་ཡིན་འདུག་[6] ཅིང་། རྒྱ་ཡིག་གི་བརྡ་ཆད་འདིའི་སྐོར་ལ་དཔྱད་ཞིབ་བྱས་ན་ལམ་སྲོལ་འདི་ནི་ ༢༠༠༦ ལོ་ནས་ཡོད་པ་གསལ་བོ་འདུག་པས། དེ་དུས་ཙམ་ནས་བྱེད་ཐབས་འདི་འགྲོ་བཞིན་ཡོད་པ་རྟོགས་ཐུབ།
ལོ་སྔོན་མའི་ལོ་མཇུག་(༢༠༢༤། ༡༢ )ཙམ་ལ་བོད་ནང་གི་ན་གཞོན་མང་པོས་མཐོ་རྒྱུགས་སྐབས་བོད་ཡིག་ཡིག་རྒྱུགས་ནང་དུ་མེད་པ་བཟོ་འཆར་ཡོད་པའི་ཐད་ནས་བསམ་ཚུལ་ཤུགས་ཆེར་དྲ་ལམ་ཁག་ཏུ་ཐོན། གནས་ཚུལ་དེར་བསམ་ཞིབ་བྱས་ཚེ་གོང་བཀོད་ལྟར་རྒྱ་ཕྱོགས་ཀྱི་གསར་ལམ་ཁག་ཏུ་མཐོ་རྒྱུགས་སྐབས་སུ་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ཤོག་གཞིར་བཟུང་ནས་མཐོ་རྒྱུགས་ཡིག་ཚད་བཏང་སྐོར་བཤད་པ་དང་། རྒྱུགས་འབྲས་ཡག་པོ་བྱུང་ཚུལ་སོགས་བཤད་པར་བསྐྱར་དུ་བསམ་བློ་ཞིག་གཏོང་དགོས་པ་འདུག་སྟེ། མཐོ་རྒྱུགས་ཀྱི་ནང་དོན་དང་རིག་ཚན་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་ནའང་སྐད་ཡིག་བོད་ཡིག་ཐོག་བྲིས་ཆོག་པ་ཡིན་ནམ་སྙམ་སྟེ། དེ་ནི་ ༢༠༢༡ ལོར་མཐོ་རྒྱུགས་སྐབས་རྒྱལ་ཡོངས་རྒྱུགས་ཤོག་གཅིག་གྱུར་ཡིན་ཚུལ་དང་མི་མཐུན་པས་བསྐྱར་དུ་བསམ་དགོས་པ་ཞིག་འདུག་སྙམ།
༣༽ མཐོ་རྒྱུགས་ནང་བོད་ཡིག་བཞག་ཡོད་དམ།
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༢ པའི་ནང་། བོད་ནང་གི་ན་གཞོན་མང་པོས་བོད་ཡིག་མཐོ་རྒྱུགས་ནང་བཞག་མེད་པ་དང་། དེ་ནི་མ་འོངས་པར་བོད་རིགས་སློབ་མས་མཐོ་རྒྱུགས་ནང་བོད་ཡིག་ཡིག་རྒྱུགས་མ་བཏང་ན་ཆོག་པ་དང་། ཡིག་རྒྱུགས་གཏོང་མཁན་མ་བྱུང་ཚེ་མ་འོངས་པར་བོད་ཡིག་སློབ་ཚན་མེད་པ་བཟོ་རྒྱུ་ཡིན་པས། འཆར་གཞི་ལྡན་པའི་ཐབས་བྱུས་འདི་ལ་བསམ་བློ་བཏང་སྟེ། བོད་རིགས་སློབ་མ་ཚོས་ངེས་པར་དུ་བོད་ཡིག་སློབ་ཚན་སྦྱོང་རྒྱུ་དང་ཡིག་རྒྱུགས་འཇོག་དགོས་པའི་བསམ་ཚུལ་ཤུགས་ཆེར་གླེང་བའི་དཔེ་མཚོན་ཞིག་ཡིན།
སྐབས་དེར་བོད་ནང་གི་ན་གཞོན་མང་པོས་གནས་ཚུལ་འདིའི་ཐད་ནས་ཡི་གེ་བྲིས་པ་དང་བསམ་ཚུལ་བགྲོ་གླེང་གནང་བའི་བརྙན་ཐུང་ཡང་མང་པོ་ཞིག་དྲ་ལམ་དུ་བཀྲམས་ཤིང། “བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ལ་མཚོན་ན་ཁང་པའི་ཀ་བ་དང་རྩིག་གདན་ལྟ་བུ་ཡིན་ཞིང་། རྩིག་གདན་དང་ཀ་བ་མེད་ཚེ་སྔ་ཕྱི་མ་གཏོགས་པ་ཁང་པ་དེ་རང་བཞིན་གྱིས་འཇིག་འགྲོ་གི་ཡོད་ཚུལ་དཔེ་འཇོག་དང་བཅས་བགྲོ་གླེང་གནང་ཞིང་།” འདིའི་སྐོར་བཙན་བྱོལ་ནང་གི་བོད་སྐད་གསར་ཁང་མང་པོས་གནས་ཚུལ་བཀོད་ཡོད། གོང་བཀོད་ནི་དཔེ་མཚོན་ཙམ་ཡིན་ཞིང་། མང་པོ་ཞིག་ཁོང་ཅག་གི་བདེ་འཇགས་ཆེད་དུ་བེད་སྤྱོད་བྱས་མེད།
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༦ ཙམ་ནས་རྒྱ་ནག་རྒྱལ་ཡོངས་སུ་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་ཆེད་ཡིག་རྒྱུགས་གཅིག་གྱུར་བཟོས་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ཡོངས་ལ་རྒྱུགས་ར་ ༡༠ དང་བསྡོམས་པས་སློབ་མ་ཁྲི་ ༣།༦ མཐོ་རྒྱུགས་ནང་ཞུགས་རྒྱུ་རེད།[7] ཅེས་དང་། མཚོ་སྔོན་ཞིང་ཆེན་ནས་སློབ་མ་ཁྲི་ ༥ ལྷག་གཅིག་གྱུར་ཡིག་རྒྱུགས་ནང་ཞུགས་དགོས་བྱུང་། སྤྱིར་བོད་རང་སྐྱོང་ལྗོངས་སུ་ཕྱི་ལོ་ ༢༠༡༤ ལོ་ཙམ་ནས་སྤྱི་ཡོངས་ཡིག་རྒྱུགས་རྒྱ་ནག་རྒྱལ་ཡོངས་ལྟར་གཅིག་གྱུར་གཏོང་དགོས་པ་བཟོས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཁག་གཅིག་ཡོད་པའང་དེའི་སྐབས་གཅིག་གྱུར་བཟོས་ཡོད་འདུག [8]
ད་དུང་ཕྱི་ལོ་ ༢༠༢༤ ལོའི་ ཟླ་ ༥ པའི་ཚེས་ ༨ ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དྲ་བར་མཐོ་རྒྱུགས་སྐོར་གྱི་གནས་ཚུལ་བསྒྲགས་པའི་ནང་གསལ་བ་ལྟར་། མཐོ་རྒྱུགས་ཐད་ཁྲིམས་སྲོལ་གསར་པ་འགའ་འདུག་པ་དང་། དང་པོ། ཞིང་ལྗོངས་དང་གྲོང་ཁྱེར་བདུན་གྱིས་ 3+1+2 གྱི་མ་དཔེ་བཏོན་འདུག དེ་ལས་ 3 ཞེས་པ་ནི་རྒྱའི་སྐད་ཡིག་དང་། རྩིས་རིག ཕྱི་རྒྱལ་སྐད་ཡིག་བཅས་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་རིག་ཚན་ལ་ཟེར་ཞིང་། 1 ཅེས་པ་ནི་སྔོན་འདེམས་སློབ་ཚན་ཏེ་དངོས་ཁམས་དང་ལོ་རྒྱུས་གཉིས་ལས་གཅིག་འདེམས་རྒྱུར་ཟེར། 2 ཞེས་པ་ནི་སླར་འདེམས་རིག་ཚན་ལ་ཟེར་བ་དང་། དེ་ཡང་བསམ་བློ་ཆབ་སྲིད། ས་ཁམས། རྫས་འགྱུར། དངོས་ཁམས་བཅས་རིག་ཚན་བཞིའི་ཁྲོད་ནས་གཉིས་འདེམས་དགོས་ [9] ཞེས་སོགས་འཁོད་ཡོད།
ཕྱི་ལོ་༢༠༢༥ ལོའི་ཟླ་ ༦ པའི་ཚེས་ ༩ ཉིན་བསྒྲགས་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་མཐོ་རྒྱུགས་ཁྲོད་ཞུགས་མཁན་མི་གྲངས་ཁྲི་༡༣༣༥ བྱུང་འདུག རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་༢༩ མཐོ་རྒྱུགས་དེའི་ཁྲོད་ཞུགས་འདུག དེ་ལ་ཁག་ལྔ་བའི་མཐོ་རྒྱུགས་ཕྱོགས་བསྡུས་བསྒྱུར་བཅོས་གྱི་ཞིང་ཆེན་ཁོངས་སུ། ཧྲན་ཞི། ཧོ་ནན། ཧྲའན་ཞི། ལྷོ་སོག(ནང་སོག) སི་ཁྲོན། ཡུན་ནན། ཉིང་ཞ།། མཚོ་སྔོན་སོགས་ཞིང་ཆེན་བརྒྱད་ཚང་མས་“3+1+2” གྱི་རྣམ་པ་སྤྱད་དེ་མཐོ་རྒྱུགས་བཏང་ཡོད་པ་དང་། གཞན་པེ་ཅིང་། ཧྲང་ཧེ། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་། ཧའེ་ནན་བཅས་ཞིང་ཆེན་དྲུག་གིས་ “3+3” གྱི་རྣམ་པ་སྤྱད་པ་དང་། ཞིང་ཆེན་གཞན་༢༣ གྱིས་གོང་ལྟར་“3+1+2” ཀྱི་རྣམ་པའི་ཐོག་ནས་མཐོ་རྒྱུགས་ལ་ཞུསག་ཡོད་འདུག
“3+3” གྱི་རྣམ་པ་ཟེར་བ་དེ། ༣ དང་པོས་རྒྱ་ཡིག(སྐད་ཡིག་དང་།) ཨང་རྩིས། ཕྱི་སྐད་བཅས་གཅིག་གྱུར་གྱི་མཐོ་རྒྱུགས་རིག་ཚན་གསུམ་མཚོན། ༣ གཉིས་པས་བསམ་བློ་ཆབ་སྲིད། ལོ་རྒྱུས། ས་ཁམས། དངོས་ཁམས། རྫས་འགྱུར། སྐྱེ་དངོས་སོགས་ཀྱི་ཁྲོད་ནས་གང་འདོད་ལྟར་རིག་ཚན་གསུམ་འདེབས་ཆོག་པར་གོ་དགོས།[10]
ལོ་སྔོན་མའི་“3+1+2” ནང་གསལ་རིག་ཚན་རིགས་དབྱེ་དང་། ད་ལོའི་ “3+3” ནང་གི་རིག་ཚན་རིགས་དབྱེ་འདེམས་སྟངས་ཙམ་ལས་སློབ་ཚན་གྱི་ཁ་བྱང་དང་ནང་དོན་གཅིག་མཚུངས་ཡིན་འདུག་ལ། དེ་ཡང་ཕྱི་ལོ་ ༢༠༢༡ ལོ་ཟླ་ ༦ བར་བསྒྲགས་པའི་ “མཐོ་རྒྱུགས་ཀྱི་ནང་དོན་མདོར་ན་ཡིག་འབྲུ་འདི་དྲུག་ལས་མ་འདས་”ཞེས་པ་དེར་འདུས་ཡོད།
ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༧ ཉིན་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་ཚོགས་འདུ་ཞིག་གི་སྐབས་སུ། “རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་དོན། “མཐོ་སློབ་དཀྱུས་མའི་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་ཆེད་ལས་གཙོ་བོ་ནི་བོད་སྐད་ཡིག་རྩོམ་རིག་དང་བོད་ཀྱི་གསོ་བ་རིག་པ་ཡིན་ཞིང་།” ཞེས་པ་འདིས་མཐོ་རྒྱུགས་སྐབས་བོད་ཡིག་གི་ལམ་ནས་མཐོ་རྒྱུགས་ལ་ཞུགས་པར་རིག་ཚན་ནམ་སློབ་ཚན་བོད་ཀྱི་རྩོམ་རིག་དང་གསོ་རིག་གཉིས་ཡོད་པ་བསྟན་འདུག་པར་སྙམ་ཞིང་། རིག་ཚན་དེ་གཉིས་ལའང་“བསྡུ་བྱའི་སློབ་མའི་གྲངས་འབོར་བལྟོས་བཅས་ཀྱིས་ཚད་ཡོད་པ་དང་། སློབ་རིམ་འཕར་ཚད་བལྟོས་བཅས་ཀྱིས་ཉུང་བ། རིག་ཚན་ཆེད་ལས་ཀྱི་བཀག་རྒྱ་ཆེ་བ། ལས་ཞུགས་ཁྱབ་ཁོངས་ཆུང་བ་སོགས་ཀྱི་གནད་དོན་ཡོད།” ཅེས་དང་།“ འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་རྗེས། བོད་ལྗོངས་འདི་ཉིད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་འདྲ་བར་“རྒྱུགས་ཤོག་གཅིག་གིས་རྒྱུགས་ལེན་པ”ལག་བསྟར་ཐུབ་ཅིང་། གཅིག་གྱུར་རྒྱུགས་ལེན་གྱི་སློབ་ཚན་ནི་རྒྱ་ཡིག་དང་། རྩིས་རིག ཕྱི་སྐད་བཅས་ཡིན་པ་དང་། དེའི་ནང་ཕྱི་སྐད་ཀྱི་ཁོངས་སུ་དབྱིན་ཡིག་དང་། ཨུ་རུ་སུའི་སྐད་ཡིག རི་པིན་གྱི་སྐད་ཡིག ཧྥ་རན་སིའི་སྐད་ཡིག འཇར་མན་གྱི་སྐད་ཡིག སི་ཕེན་གྱི་སྐད་ཡིག་བཅས་ཚུད་ཡོད། ”[11] ད་དུང་ཁོས། བོད་ལྗོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མར་བོད་སྐད་ཡིག་གི་སློབ་ཚན་སྔར་བཞིན་ཡོད་པ་མ་ཟེར། སློབ་ཚན་ཉུང་དུའང་ཕྱིན་མེད་ཅེས་དང་། བོད་ལྗོངས་དང་འབྲེལ་ཡོད་རྫོང་དང་རིམ་པ་ཁག་གི་སློབ་གྲྭ་ཚང་མར་བོད་སྐད་ཡིག་གི་དགེ་རྒན་འདང་ངེས་དང་། མིག་སྔར་ལྗོངས་ཡོངས་སྐད་གཉིས་དགེ་རྒན་ཁྲི་༣ ལས་བརྒལ་ཡོད་པ་དང་ཆེན་མངགས་བོད་སྐད་ཡིག་གི་དགེ་རྒན་༢༠༡༨ ལོའི་དགེ་རྒན་གྲངས་༥༨༠༠ ནས་ ༨༣༠༠ བར་མང་དུ་ཕྱིན་ཡོད་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་དགེ་འོས་རིགས་ཀྱི་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་དགེ་འོས་རིགས་མིན་པའི་མཐོ་སློབ་ཚང་མར་བོད་སྐད་ཡིག་གི་ཆེད་ལས་ཡོད་པ་ལོ་ལྟར་བོད་སྐད་ཡིག་ཆེད་ལས་སློབ་ཐོན་སློབ་མ་ངེས་ཅན་དང་དགེ་རྒན་དཔུང་ཁག་ནང་ཞུགས་ཀྱི་ཡོད།[12]ཅེས་སོགས་འགྲེལ་བཤད་བྱས་ཡོད་ནའང་། མཐོ་རྒྱུགས་ཀྱི་ཡིག་རྒྱུགས་ཁྲོད་གོང་བཀོད་བོད་ཡིག་ཆེད་ལས་རྩོམ་རིག་དང་གསོ་རིག་གཉིས་ལས་གཞན་རྣམས་རྒྱ་ཡིག་གི་ལམ་ནས་གཏོང་དགོས་པ་འདྲ་ཞིག་གོ་མོད། སྔ་ཕྱིའི་བསྒྲགས་ཡིག་ནང་ “རྒྱལ་ཡོངས་ཡིག་རྒྱུགས་གཅིག་གྱུར་” ཞེས་པ་དང་། གོང་བཀོད་ལྟར་“བོད་ལྗོངས་འདི་ཉིད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་འདྲ་བར“རྒྱུགས་ཤོག་གཅིག་གིས་རྒྱུགས་ལེན་པ”ལག་བསྟར་ཐུབ་ཅིང་།” ཞེས་པ་འདིས་ཁོ་ཚོས་བཟོས་པའི་མཐོ་རྒྱུགས་ཀྱི་སྒྲིག་སྲོལ་དེ་ལག་བསྟར་བྱས་ནས་འགྲོ་བཞིན་པ་གསལ་བོར་བཟོས་འདུག་སྙམ། འོན་ཀྱང་མཐོ་རྒྱུགས་སྒྲིག་སྲོལ་ནང་སྐད་ཡིག་སློབ་ཚན་དེ་གདམ་ངའི་གོ་སྐབས་བཞག་འདུག
ཕྱི་ལོ་ ༢༠༡༦ ལོ་ནས་ད་ལོ་ ༢༠༢༥ ལོ་བར་གྱི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་ཞིང་ཆེན་དང་ས་གནས། དྲི་བ་དང་དྲིས་ལན་འདེབས་རྒྱུའི་སློབ་ཚན་ནམ་སྦྱོང་ཚན་དག་དྲ་ལམ་ནས་ལྟ་ཐུབ་པ་དང་། དེའི་ནང་དུའང་བོད་ཡིག་གི་རྒྱུགས་ཤོག་ཡོད་པའི་ཁྲོད་བོད་ཡིག་ཆེད་སྦྱོང་གི་རིག་ཚན་གཉིས་(བོད་ཀྱི་རྩོམ་རིག་དང་གསོ་རིག་) གཉིས་ཀྱི་སྐོར་གང་ཡང་བཀོད་པ་མ་རྙེད། འོན་ཀྱང་བོད་ཡིག་གདམས་ངའི་ཁོངས་ཡོད་པ་བཀོད་འདུག[13] དཔེ་མཚོན་ཟུར་དུ་ཡོད།
༢༠༢༥ ལོར་ཞིང་ཆེན་དང་གྲོང་ཁྱེར་ ༣༡ གིས་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་ཡིག་རྒྱུགས་བཏང་ཡོད་ཅིང་། མཐོ་རྒྱུགས་ལམ་ལུགས་ནི་“3+1+2” དང་། “3+3” གཉིས་ཡིན་པ་དང་། ཞིང་དང་གྲོང་ཁྱེར་ ༣༡ གི་ཁྲོད་ནས་བོད་རང་སྐྱོང་གིས་ “3+3” ལམ་ལུགས་མཐོ་རྒྱུགས་ཡིག་རྒྱུགས་སྤྲད་ཡོད་པ་དང་། ༣ དང་པོའི་ཁྲོད་ནས་རྒྱ་ཡིག ཨང་རྩིས། ཕྱི་སྐད་གསུམ་ལས་རྒྱ་ཡིག་དང་གདམ་ང་བོད་ཡིག་བཞག་ཡོད་པས། གལ་ཏེ་བོད་རིགས་སློབ་མས་རྒྱ་ཡིག་གི་ཚབ་ཏུ་བོད་ཡིག་མཐོ་རྒྱུགས་ནང་གཏོང་འདོད་ཡོད་ཚེ་གོ་སྐབས་ཡོད་པ་བཟོས་འདུག [14] མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མཐོ་རྒྱུགས་ལམ་ལུགས་ནི་“3+1+2” ལམ་ནས་མཐོ་རྒྱུགས་ཁྲོད་བོད་ཡིག་དང་སོག་ཡིག་གདམ་ང་ཅན་དུ་བཞག་འདུག [15] ཡུན་ནན་དང་སི་ཁྲོན་གཉིས་ཞིང་ཆེན་གཞན་དག་དང་གཅིག་མཚུངས་ཡིན་པས་བོད་ཡིག་གི་གོ་སྐབས་སྤྲད་མི་འདུག [16] ཤིན་ཅང་ལ་མི་རིགས་སྐད་ཡིག་འདུག ༢༠༢༥ ལོའི་མཐོ་རྒྱུགས་རེའུ་མིག་ནང་སོག་པོར་གོ་སྐབས་དེ་བྲིས་མི་འདུག སྤྱིར་རྒྱལ་ཡོངས་མཐོ་རྒྱུགས་ལ་དང་པོ་གཉིས་པ་ཞེས་རིམ་པ་གཉིས་ཡོད་པ་ལས་བོད་ཀྱི་ཞིང་ལྗོངས་ལྔ་དེ་རིམ་པ་གཉིས་པར་འདུག

དྲི་བ། ལན། ལན་འདེབས་སློབ་ཚན་རྣམས་ཕབ་ལེན་བྱེད་ས་བཅས།
རང་ཉིང་ཀྱིས་བདམས་པའི་སྦྱོང་ཚན་ནམ་རིག་ཚན་གང་དེའི་སློབ་ཚན་ཅི་ཡོད་དྲ་ཚིགས་ལས་ཕབ་ལེན་བྱས་ཆོག་གི་འདུག
བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ་བཅས་ཀྱི་མཐོ་རྒྱུགས་ནང་བོད་ཡིག་གི་གོ་སྐབས་བཞག་འདུག འོན་ཀྱང་བོད་རིགས་ཚོས་གོ་སྐབས་དེ་བླངས་ཡོད་མེད་མ་ངེས། ཡུན་ནན་དང་སི་ཁྲོན་ལ་གོ་སྐབས་དེ་བྲིས་མི་འདུག
ཡུན་ནན་དང་སི་ཁྲོན་ལ་མཐོ་རྒྱུགས་ནང་བོད་ཡིག་གདམ་ངའི་གོ་སྐབས་དེ་བྲིས་མི་འདུག
མཐོ་རྒྱུགས་རྒྱུགས་སྤྲོད་ཀྱི་སྐར་གྲངས་སྡོམ་སྟངས།
སྤྱིར་སྐར་གྲངས་ཅི་ལྟར་སྤྲོད་ཀྱི་ཡོད་མེད་དང་། ཅི་ཙམ་ལོན་དགོས་མིན་གསལ་བོ་མི་ཤེས་མོད། ༢༠༡༤ ལོར། 知乎 zhihu ཞེས་པའི་དྲ་རྒྱ་འདིར། སོག་རིགས་ཤིག་གིས་སྐར་གྲངས་སྐོར་རོབ་ཙམ་བཀོད་པ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་མཐོ་རྒྱུགས་སྐབས་ཟུར་གནོན་རང་གི་སྐད་ཡིག་གཅིག་ལེན་ཆོག་པ་དང་། སྤྱིར་རྒྱུགས་འཕྲོད་པར་བརྒྱ་ཆ་༥༥༠ དགོས་ཚེ། གྲངས་ཉུང་མི་རིགས་ཀྱིས་སློབ་ཚན་གཞན་དག་གི་ཟུར་སྣོན་དུ་རང་གི་སྐད་ཡིག་གཅིག་བླངས་ཡོད་ན། རྒྱུགས་འཕྲོད་པར་བརྒྱ་ཆ་༥༤༠ ལོན་པས་ཆོག སྐར་མ་བཅུ་བྱ་དགའ་(གུ་ཡངས) ཡོད་འདུག ཡང་གྲངས་ཉུང་མི་རིགས་ཡིན་ནའང་སློབ་ཚན་རྒྱ་ཡིག་ཁོ་ན་ཡིན་ཚེ་རྒྱུགས་འཕྲོད་པར་བྱ་དགའ་སྐར་མ་ལྔ་ཡོད་པས། སྤྱིར་བཏང་བརྒྱ་ཆ་༥༥༠ ཡིན་ཚེ་ཁོ་ལ་༥༤༥ ཡོད་ཚེ་འགྲིག་ [17] ཅེས་བཀོད་འདུག
དེ་ནི་གོང་ནས་ཞུས་པའི་民考民 དང་ 民考汉 ཞེས་པའི་རྒྱུགས་སྤྲོད་ལམ་ལུགས་དེ་རེད་འདུག རྒྱ་ཡིག་གི་དྲ་རྒྱ་Baidu 百度 ནང་དུ་འདིའི་ཐད་དུ་༢༠༠༦ ལོར་རང་དབང་སྒྱུ་རྩལ་སློབ་གླིང་དང་གཙུག་ལག་སློབ་གྲྭ་ཁག་གིས་ 民考民 ལམ་ནས་ཡིག་རྒྱུགས་བླངས་པའི་གྲངས་ཉུང་མི་རིགས་སློབ་མར་བརྒྱ་༧༧ མར་ཆགས་ཡངས་བཏང་ཡོད། [18]
དེ་མཚུངས་གྲངས་ཉུང་མི་རིགས་ས་ཁུལ་དུ་ཡོད་པའི་རྒྱ་རིགས་ཀྱི་སློབ་ཕྲུག་ཚོས་汉考民 ཞེས་པའི་ལམ་ལུགས་ནས་རྒྱུགས་སྤྲོད་ཆོག་པ་དང་། ཁོ་ཚོས་རྒྱུགས་འཕྲོད་ཚད་རྒྱ་རིགས་སྤྱི་བྱིངས་ནས་དམའ་བ་གྲངས་ཉུང་མི་རིགས་དང་འགྲོ་ལུགས་གཅིག་མཚུངས་ཡིན་འདུག གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཟུར་སྣོན་དུ་ལེན་མཁན་མི་རིགས་བཅུ་གཅིག་འདུག།
མཇུག་སྡོམ།
རྒྱ་ནག་གིས་རྒྱལ་ཡོངས་མཐོ་རྒྱུགས་ལེན་སྟངས་སྒྲིག་སྲོལ་འཆར་གཞི་ལྡན་པ་ཞིག་ཡིན་པ་མ་ཟད། ལོ་མང་ཞིབ་འཇུག་གིས་(མཐོ་རྒྱུགས་བསྒྱུར་བཅོས་ཞིབ་འཇུག་དཔེ་ཚོགས་) ཞེས་པའི་དེབ་༢༢ ཅན་ཞིག་ཕྱི་ལོ་༢༠༡༧ ལོའི་ཟླ་༦ བར་ཀྲུང་ཧྭ་དགེ་འོས་སློབ་ཆེན་གྱིས་པར་སྐྲུན་བྱས་འདུག དེའི་ནང་དུ་མཐོ་རྒྱུགས་ལམ་ལུགས་ལ་རིགས་པའི་གཞུང་ལུགས་དང་སྲིད་བྱུས། ཁྲིམས་སྐྱོང་། མི་ཆོས་དང་ནང་དོན། རྣམ་པ་བཅས་ཀྱིས་རྒྱུགས་ལེན་ཚད་གཞི་བཟོས་ཡོད་འདུག
རྒྱ་ནག་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ལག་བསྟར་བྱས་རྗེས་ལོ་ལྟར་རྒྱུགས་ཞུགས་སློབ་མའི་གྲངས་ཚད་འཕར་ཡོད་སྐོར་བཤད་ཅིང་། རྒྱུགས་ཞུགས་ཚད་གཞི་ཡང་དཔེར་ན་ཕྱི་ལོ་༢༠༡༥ ལོར་བོད་ལྗོངས་སུ་མཐོ་རྒྱུགས་ཐོ་འགོད་གྲངས་༢༡༡༤༥ དང་རྒྱུགས་ཁུལ་༡༠ དང་རྒྱུགས་གཏོང་ས་༢༣ ཡོད་འདུག ༢༠༡༦ ལོར་བོད་ལྗོངས་ནས་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཁྲི་གཉིས་ལྷག ༢༠༢༡ ལོར་མཐོ་རྒྱུགས་ཐོ་འགོད་སློབ་མའི་གྲངས་ཁྲི་ ༡༠༧༨ བྱུང་འདུག་པ་གོང་ཞུས་ལྟར་ཟིན་ཐོ་ལས་བརྒལ་བ་ཡིན་ཟེར་བ་དེ་རེད།
༢༠༢༢ ལོར་བོད་རང་སྐྱོང་ལྗོངས་ནས་མཐོ་རྒྱུགས་ཡིག་རྒྱུགས་གཏོང་མཁན་སློབ་མ་གྲངས་༣༢༠༠༠ བྱུང་འདུག ༢༠༢༤ ལོར་བོད་རང་སྐྱོང་ལྗོངས་ཡོངས་སུ་མཐོ་རྒྱུགས་ཐོ་འགོད་སློབ་མ་ཁྲི་ ༣།༩ ལྷག་དང་། མཚོ་སྔོན་ཞིང་ཆེན་ནས་སློབ་མ་ཁྲི་ ༥། ༩༩ ལྷག ༢༠༢༥ ལོར་བོད་རང་སྐྱོང་ལྗོངས་སུ་མཐོ་རྒྱུགས་ནང་ཞུགས་མཁན་སློབ་མ་ཁྲི་༣།༦ ཙམ་བྱུང་འདུག དཀར་མཛེས་ཁུལ་གྱི་སློབ་མ་གྲངས་༣༦༦༤ མཐོ་རྒྱུགས་ལ་ཞུགས་འདུག བདེ་ཆེན་ཁུལ་ནས་སློབ་མ་གྲངས་༡༨༤༡ མཐོ་རྒྱུགས་ཞུགས་འདུག འདི་གཉིས་བོད་རིགས་རང་སྐྱོང་ཁུལ་ཁོ་ནའི་གྲངས་ཐོ་ཡིན།
ལོ་སྔོན་མར་བོད་ནང་གི་སློབ་མ་མང་པོས་མཐོ་རྒྱུགས་ནང་བོད་ཡིག་གདམ་ངའི་ནང་བཞག་པའི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་ཡི་གེ་བྲིས་པ་དང་བརྙན་ནང་སྐད་བཤད་པ་སོགས་དྲ་ལམ་ནས་བགྲོ་གླེང་རིམ་བྱུང་དང་། རྒྱ་གཞུང་གིས་ལོ་དུ་མའི་སྔོན་ནས་བོད་རིགས་བྱིས་པའི་སློབ་གསོའི་ནང་བོད་སྐད་ཡིག་སྦྱོང་སྤྱོད་མེད་པར་བཟོས་བའི་སྲིད་བྱུས་རིམ་པར་སྤེལ་བ་དང་། སྔ་ལོར་ལག་བསྟར་བྱ་རིམ་འགོ་བཙུགས་པར་ངོ་རྒོལ་དང་བོད་རིགས་ན་གཞོན་རྣམས་དང་ཁྱིམ་བདག་རྣམས་ཀྱིས་དོ་སྣང་བྱེད་དགོས་པར་སྐུལ་མ་བཏང་ཡོད། རྒྱ་གཞུང་གིས་ལས་རིམ་རྣམས་གཏིང་ནག་པོའི་འཆར་གཞི་ལྡན་པ་དང་ཞིབ་འཇུག་དབྱེ་ཞིབ་བྱས་རྗེས་ལག་བསྟར་བྱེད་བཞིན་ཡོད་པས། བོད་མིས་ངོ་རྒོལ་དང་མི་འདོད་པ་ཅི་ཙམ་བྱས་ཀྱང་ཕན་འབྲས་མེད་པར་ལག་བསྟར་བྱས་ཡོད་འདུག་ལ། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གསར་འགོད་པར་ལན་འདེབས་དེ་ནི་མཐོ་རྒྱུགས་ཁྲོད་བོད་ཡིག་མེད་པ་བཟོས་མེད་ཚུལ་བཤད་པ་ཡང་གདམ་ངའི་ཁོངས་བཞག་ཡོད་པ་འདི་ལ་གོ་དགོས་པ་འདྲ།
དེས་ན། བོད་རིགས་སློབ་མ་མང་པོས་བོད་ཡིག་གདམ་ངའི་ཁོངས་སུ་བཞག་པས་བོད་རིགས་སློབ་མ་ཚོས་བོད་ཡིག་གདམ་དགོས་པ་དང་། དེ་མིན་མ་འོངས་བོད་ཡིག་མཐོ་རྒྱུགས་ཁྲོད་འཇོག་གི་མ་རེད་ཟེར་བ་ལྟར། རྒྱ་གཞུང་གི་སྲིད་ལ་སྒྱུར་བ་གཏོང་མི་ཐུབ་ནའང་། གདམ་ངའི་ཁོངས་ཡོད་པ་ཙམ་དེ་བེད་སྤྱོད་མུ་མཐུད་ནས་གཏོང་དགོས་པ་གལ་ཆེ་བར་མཐོང་ངོ་།།
[1] རྒྱ་ནག་ནང་དྲིལ་བསྒྲགས་འདི་འདྲ་བྱེད་བཞིན་ཡོད་ཀྱང་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་རེ་ཟུང་ནས་ཁུང་ཙིའི་སློབ་གསོར་སྐྱོན་བརྗོད་དང་སློབ་གླིང་སྒོ་བརྒྱབ་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད།
[2] དོན་དམ་དུ་མཉམ་འདྲེས་འདིའི་ནང་དུ་མི་རིགས་མཉམ་བསྲེས་བྱེད་པའི་འདུ་ཤེས་དང་ལག་ལེན་སོགས་ཚུད་ཡོད་ཅིང་། རྒྱ་གཞུང་གིས་མི་རིགས་འདུས་གྲུབ་འདུ་ཤེས་སྲ་བརྟན་ཡོང་ཐབས་ཀྱི་བྱ་འགུལ་སྣ་ཚོགས་དང་། མི་རིགས་སྲིད་བྱུས་དང་འབྲེལ་བའི་ལས་འགུལ་ག་རེ་སྤེལ་སྐབས་མི་རིགས་ཁག་ཕན་ཚུན་མཉམ་འདྲེས་ཀྱི་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་སྐྲུན་པ་སོགས་ཉེ་ཆར་༢༠༢༥ ལོའི་ཟླ་༩ པའི་ཚེས་༢༦ ཉིན་སྤེལ་བའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་་བརྙེས་ནས་ལོ་ངོ་༧༠ འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ། ཞེས་པར་གསལ་ཞིང་། རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་ཆང་ས་བརྒྱབ་ཚེ་རྒྱ་གཞུང་གིས་རོགས་དངུལ་དང་མཐུན་རྐྱེན་སྦྱོར་བ་སོགས་ཀྱང་མདོར་ན་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན།
[3] http://tb.tibet.cn/tb/news/jdtp/202106/t20210611_7018079.html ད་ལོའི་མཐོ་རྒྱུགས་ཀྱི་ནང་དོན་མདོར་ན་ཡིག་འབྲུ་དྲུག་ལས་མ་འདས།
[4] http://tb.tibet.cn/tb/news/jdtp/202106/t20210603_7015037.html ད་ལོར་མཐོ་རྒྱུགས་ལ་མིང་ཐོ་བཀོད་པའི་མི་གྲངས་ཁྲི་༡༠༧༨ ལ་སླེབས་འདུག
[5] http://tb.tibet.cn/tb/literature/zx/202306/t20230629_7442312.html བོད་སྐད་ནང་དུ་སྦྲགས་སྐད་ཁྱབ་གདལ་དུ་འགྲོ་བའི་སྣང་ཚུལ་དང་དེའི་རྒྱུ་རྐྱེན་སྐོར་གླེང་བ། སྤེལ་དུས 2023-06-29 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
[6] རྒྱའི་དྲ་རྒྱ་Baidu 百度 དང་གཞན་དྲ་རྒྱ་ཡིག་གི་དྲ་རྒྱ་མང་པོར་འདིའི་སྐོར་གྱི་འགྲེལ་བཤད་སྣ་མང་འདུག འདི་ནི་གྲངས་ཉུང་མི་རིགས་ལ་རྒྱུགས་ལེན་ཚད་གཞིའི་ལམ་ལུགས་ཤིག་ཡིན་འདུག་པ་སོགས་འགྲེལ་བཤད་མང་པོ་འདུག
[7] http://tb.tibet.cn/tb/aid_tibet/group/202406/t20240613_7644398.html བོད་ལྗོངས་སུ་སློབ་མ་ཁྲི་3.6 མཐོ་རྒྱུགས་ནང་ཞུགས་པ་རེད། སྤེལ་དུས་ 2024-06-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
[8] བོད་རིགས་སློབ་མ་ཚོར་བོད་རང་གི་སྐད་ཡིག་སྦྱོང་དགོས་པ་དང་རྒྱའི་སྐད་ཡིག་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱ་རིགས་སློབ་མ་ལྟར་སྤྱི་མཚུངས་སྦྱངས་ཏེ་ཡིག་རྒྱུགས་ལ་ཞུགས་དགོས་པས། བོད་རིགས་སློབ་མ་ཚོར་བོད་སྐད་ཡིག་སྦྱོང་བ་དེ་དཀའ་ངལ་ཐོལ་བ་ཆགས་ཏེ་བོད་རིགས་སློབ་མ་མང་པོ་ཞིག་གིས་ཐད་ཀར་རྒྱའི་སྐད་ཡིག་ཁོ་ན་སྦྱོང་བ་ལས་བོད་སྐད་ཡིག་སྦྱོང་གི་མེད་མཁན་ཡང་མང་པོ་འབྱུང་བཞིན་ཡོད་ཅིང་། གནས་ཚུལ་འདིས་བོད་རིགས་བྱིས་པའི་ཕ་མ་རྣམས་ལའང་དཀའ་ངལ་དང་སེམས་ཁྲལ་ཆགས་བཞིན་ཡོད།
གནས་སྟངས་འདིའི་འོག་ནས་བྱིས་པ་རྣམས་ཕྱིར་རང་ཁྱིམ་དུ་ལོག་སླེབས་སྐབས་ཕ་མ་དང་བུ་ཕྲུག་དབར་སྐད་བརྡ་དང་བསམ་བློའི་ཐོག་མི་མཐུན་པའི་དཀའ་ངལ་འབྱུང་བཞིན་ཡོད་ཅིང་། བྱིས་པ་ཚོས་རང་གི་ཕ་མ་ནི་གོ་རྟོགས་ཞན་པ་དང་མཐོང་ཐོས་ཆུང་བ། གོ་བ་མེད་པའི་རྙིང་ཞེན་ཆེ་བ་ཞིག་ཏུ་མཐོང་བ་མ་ཟད། ཐད་ཀར་ཕ་མ་དང་ཁ་རྩོད་བྱེད་པའི་གནས་ཚུལ་ནི་རྒྱུན་ལྡན་དུ་གྱུར་ཡོད།
[9] http://my.haibei.gov.cn/bzkx/2371.html མཐོ་རྒྱུགས་ཐད་ཁྲིམས་སྲོལ་གསར་པ་བཏོན་འདུག མགྱོགས་པོར་གཟིགས་དང་།
[10] http://tb.tibet.cn/tb/news/gnxw/202506/t20250609_7806776.html ཞིང་ཆེན་29 ཡིས་མཐོ་རྒྱུཊ་ཀྱི་རྣམ་པ་གསར་པ་དངོས་སུ་ལག་བསྟར་བྱས་འདུག སྤེལ་དུས 2025-06-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
[11] http://tb.tibet.cn/tb/news/xzxw/202508/t20250807_7837799.html མཐོ་རྒྱུགས་ལེགས་སྒྲིག་ནི་བོད་ཡིག་སློབ་ཚན་མེད་པར་བཟོས་པ་ཞིག་མིན། སྤེལ་དུས 2025-08-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
[12] http://tb.tibet.cn/tb/news/xzxw/202508/t20250807_7837799.html མཐོ་རྒྱུགས་ལེགས་སྒྲིག་ནི་བོད་ཡིག་སློབ་ཚན་མེད་པར་བཟོས་པ་ཞིག་མིན། སྤེལ་དུས 2025-08-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
[13] https://gaokao.eol.cn/e_html/gk/gkst/ དྲ་ཐག་འདི་ནས་༢༠༢༠ ལོ་ནས་༢༠༢༥ ལོའི་བར་གྱི་མཐོ་རྒྱུགས་ཀྱི་ཞིང་ཆེན་ཁག་གི་མིང་དང་། སློབ་ཚན་ཅི་ཡོད། དྲི་བ་དང་དྲིས་ལན་སྦྱོང་ཚན་སོགས་བཀོད་འདུག
[14] https://www.eol.cn/e_html/gk/gktime/index.shtml 2025 ལོའི་རྒྱ་ནག་རྒྱལ་ཡོངས་མཐོ་རྒྱུགས་ཁྲོད་ཞིང་ཆེན་དང་གྲོང་ཁྱེར་༣༡ མཉམ་ཞུགས་དང་། ཞིང་ཆེན་པོར་སློབ་ཚན་གང་དག་ཡོད་པའི་སྐོར་ཞིབ་ཕྲ་འདིར་འདུག
[15] https://www-eol-cn.translate.goog/e_html/gk/gktime/index.shtml?_x_tr_sl=auto&_x_tr_tl=bo&_x_tr_hl=en&_x_tr_pto=wapp ལོའི་རྒྱ་ནག་རྒྱལ་ཡོངས་མཐོ་རྒྱུགས་ཁྲོད་ཞིང་ཆེན་དང་གྲོང་ཁྱེར་༣༡ མཉམ་ཞུགས་དང་། ཞིང་ཆེན་པོར་སློབ་ཚན་གང་དག་ཡོད་པའི་སྐོར་ཞིབ་ཕྲ་འདིར་འདུག
[16] https://www-eol-cn.translate.goog/e_html/gk/gktime/index.shtml?_x_tr_sl=auto&_x_tr_tl=bo&_x_tr_hl=en&_x_tr_pto=wapp ལོའི་རྒྱ་ནག་རྒྱལ་ཡོངས་མཐོ་རྒྱུགས་ཁྲོད་ཞིང་ཆེན་དང་གྲོང་ཁྱེར་༣༡ མཉམ་ཞུགས་དང་། ཞིང་ཆེན་པོར་སློབ་ཚན་གང་དག་ཡོད་པའི་སྐོར་ཞིབ་ཕྲ་འདིར་འདུག
[17] https://www.zhihu.com/question/24381146 知乎 2014-12-17 08:47