འདི་ལོའི་ཕྱི་ཟླ་ ༨ པའི་ནང་བོད་ཀྱི་གཞས་པ་ཨ་སངས་ལགས་ཀློད་ཚར་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་ཀྱང་ཁོང་ད་ལྟའང་ཀློད་མེད་པ་མ་ཟད། ནང་མི་རྣམས་ལའང་ཐུག་འཕྲད་གནང་དུ་མ་བཅུག་པར་ཟླ་ ༤ ལྷག་འགྲོ་བཞིན་འདུག
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
འདི་ལོའི་༧སྐུའི་གོ་སྟོན་དང་བསྟུན་རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྔར་ལས་དམ་དྲག་ཤུགས་ཆེན་བྱས་ཏེ་གོ་སྟོན་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་ལྟར། ན་གཞོན་གཞས་པ་ཨ་སངས་ལགས་དང་ཁོང་གི་གླུ་གཞས་གཏོང་རོགས་དཔལ་ཆུང་ལགས་གཉིས་འདི་ལོའི་གོ་སྟོན་སྐབས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་གར་ཡོད་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱི་ཟླ་ ༨ པའི་ནང་ཨ་སངས་ལགས་ཀློད་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་ཀྱང་། ཁོང་ནང་མི་དང་ངོ་མ་ཐུག་པར་ཟླ་ ༤ ལྷག་འགྲོ་བཞིན་ཡོད་པ་དང་། ནང་མི་ཚོས་ཁོང་ཕྱིར་བསླེབ་པར་རེ་སྒུག་བྱེད་བཞིན་འདུག
འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་དོན། རྒྱ་ནག་གཞུང་གིས་ཨ་སངས་འཛིན་བཟུང་བྱས་རྗེས། ཁོང་གི་བཟའ་ཟླ་ལྷ་མོར་བུ་མོ་ཞིག་སྐྱེས་ནས་དཀའ་ངལ་མི་ཉུང་བ་ཞིག་ཕྲད་ཡོད་སྐོར་དང་། ལྷ་མོ་ཆེད་དུ་རྒྱ་ནག་ཀྲི་ཅང་ཡེའུ་ལ་ཚོང་རྒྱག་ཏུ་ཕྱིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ལྷ་མོ་དང་ཨ་སངས་གཉིས་ཀྱི་མགྱོགས་འཕྲིན་ཆེ་བ་སྒོ་བརྒྱབ་ཡོད་སྟབས། ད་ལྟ་ཁོང་མོས་མགྱོགས་འཕྲིན་ཆུང་བ་བརྒྱུད་ཐད་གཏོང་གིས་ཚོང་ལས་གཉེར་མུས་ཡིན་སྐོར་དང་། ལྷ་མོ་དང་བུ་ཕྲུག་གཉིས་གཙོས་ནང་མི་རྣམས་ཨ་སངས་ལ་ངོ་མ་ཐུག་ནས་ཟླ་བ་ལྔ་ཙམ་འགྲོ་མུས་ཡིན་ཡང་། ཁོང་གི་གནས་སྟངས་ད་ལྟའང་ཁ་གསལ་མེད་སྐོར་བརྗོད་བྱུང་།
ཡང་འབྲེལ་ཡོད་ཅིག་གིས། ཨ་སངས་ད་ལྟ་གང་དུ་ཡོད་མེད་ཤེས་རྟོགས་གཏན་ནས་མེད་ཀྱང་། ཤི་སོང་བ་གཏན་ནས་མིན་པས། ནམ་ཞིག་གི་ཚེ་ཕྱིར་སླེབ་དུས་གནས་ཚུལ་མང་པོ་ཁ་གསལ་ཆགས་རྒྱུ་དང་། དངོས་ཡོད་ཀྱི་གནས་ཚུལ་མང་པོ་ཞིག་ཁོང་གི་གླུ་གཞས་ལ་དགའ་མཁན་ཚོས་ཤེས་རྟོགས་བྱུང་ངེས་རེད། ཅེས་བརྗོད་བྱུང་།
འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ན་གཞོན་གླུ་བ་ཨ་སངས་ལགས་ནི་དྲ་ལམ་ནས་ཚོང་ལས་གཉེར་མཁན་ཞིག་ཡིན་པ་མ་ཟད། ནམ་རྒྱུན་ནས་ཁོང་གི་དགེ་རྒན་དགེ་བྷེ་བཞིན་མི་རིགས་ལ་ལར་ཞེན་ཆེ་ཞིང་། བོད་སྐད་ཡིག་དང་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཧ་ཅང་གཙིགས་སུ་འཛིན་མཁན་ཞིག་ཡིན་འདུག་ལ། དྲ་ལམ་དུ་དེ་འབྲེལ་གྱི་འབོད་སྐུལ་དང་གླུ་གཞས་མང་པོ་བླངས་ཡོད་པར་བརྟེན། སྔོན་མ་ནས་རྒྱ་ནག་གཞུང་གིས་ཁོང་གི་འགྲོ་འདུག་ལ་སོ་མྱུལ་བྱེད་ཀྱིན་ཡོད་པའི་ཁར། ཁོང་གི་གཉེན་སྟོན་གྱི་སྐབས་སུ་རྒྱ་ནག་གཞུང་གིས་ཚོད་འཛིན་དང་དམ་དྲག་ཆེན་པོ་བྱས་ཡོད་འདུག་ལ། འདི་ལོའི་རྔ་ཡུལ་ཀིརྟི་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ཁོང་གིས་མགོར་བོད་ཅེས་བྲིས་ནས་མི་ཚོགས་ཀྱི་ཁྲོད་སྟོབས་ཀྱིས་འགྱིངས་ཡོད་སྟབས། དྲ་ལམ་ནས་ཁོང་ལ་དགའ་བསུ་བྱེད་མཁན་མང་པོ་ཞིག་བྱུང་ཡོད་འདུག
ན་གཞོན་གཞས་པ་གཙུག་ཏེའམ་དྲ་མིང་ལ་ཨ་སངས་ལགས་ནི་བོད་རྔ་བ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་རུ་ཁག་བཞི་པའི་ནག་ཚང་ཚང་གི་བུ་ཡིན་ཞིང་། ཁོང་དང་བཟའ་ཟླ་ལྷ་མོ་གཉིས་ལ་རང་ལོ་གཅིག་ལྷག་ཡིན་པའི་བུ་གཅིག་དང་། ཟླ་བ་ཁ་ཤས་ཡིན་པའི་བུ་མོ་གཅིག་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།