མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱོགས་སྒྲིག་པ། དཔལ་ལྡན།
རྩོམ་ཁུངས། བོད་ཀྱི་དུས་བབ།

UNICEF/UN073959/Clarke for UNOCHA

འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། དེ་བཞིན་རྒྱལ་ཁབ་ཕན་ཚུན་བར་གྱི་ཆབ་སྲིད་ཀྱི་རྩོད་རྙོག་དང་གཡུལ་འགྱེད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་སྟབས། ཕྱི་ལོ་ ༢༠༢༤ ལོའི་ལོ་མཇུག་བར་འཛམ་གླིང་ཁྱོན་ཡོངས་སུ་ཆབ་སྲིད་ཀྱི་དབང་གིས་རང་ཁྱིམ་བཞག་ནས་གཞན་ལ་བྲོས་བྱོལ་དང་ཉེན་གཡོལ་ལ་འགྲོ་མཁན་མི་གྲངས་ས་ཡ་ ༡༣༢། ༢ ཙམ་བྱུང་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༧ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ཆེས་མཐོའི་ལྟ་ཞིབ་ཚན་(UNCHR) པས་བཏོན་པའི་སྙན་ཐོའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་ཁྱོན་ཡོངས་སུ་སྐྱབས་བཅོལ་བ་མི་གྲངས་ས་ཡ་ ༡༦།༡ ལྷག་ལས་མེད་ནའང་། ཕྱི་ལོ་ ༢༠༢༥ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ཆེས་མཐོའི་ལྟ་ཞིབ་ཚན་པས་འཛམ་གླིང་ཁྱོན་ཡོངས་སུ་སྐྱབས་བཅོལ་བའི་མི་གྲངས་ས་ཡ་ ༣༡ ལྷག་གི་བདེ་སྡུག་ལ་གཟིགས་སྐྱོང་གནང་མུས་ཡིན་འདུག

འདས་པའི་མི་ལོ་བཅུ་ཕྲག་གཅིག་རིང་འཛམ་གླིང་ཁྱོན་ཡོངས་སུ་སྐྱབས་བཅོལ་བའི་གྲངས་ཀ་དེ་ལྡབ་གཉིས་ཀྱིས་འཕར་ཡོད་པའི་ཁྲོད། སྐྱབས་བཅོལ་བའི་བརྒྱ་ཆ་ ༨༣ ལྷག་ནི། ཨ་ཧྥི་རི་ཁ་གླིང་ཆེན་གྱི་བྱང་ཤར་ཁུལ་དུ་ཆགས་པའི་ཨི་རི་ཊི་ཡ་ (Eritrea) རྒྱལ་ཁབ་དང་། དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་(Central African Republic)། སོ་མ་ལི་ཡ་(Somalia)། ཁན་གོ་སྤྱི་མཐུན་རྒྱལ་ཁབ་(Republic of Congo)།  སུ་ཌན་(Sudan) ལྷོ་སུ་ཌན་(South Sudan)  བཅས་དང་། ལྷོ་ཤར་ཨེ་ཤ་ཡའི་འབར་མ་རྒྱལ་ཁབ། ཡུ་རོབ་ཤར་རྒྱུད་ཀྱི་ཡུ་ཁེ་རིན་(Ukraine) ། དཀྱིལ་ཤར་ཨེ་ཤ་ཡའི་ཨབ་གྷ་ནི་སི་ཐན་(Afghanistan) དང་། དཀྱིལ་ཤར་ཨེ་ཤ་ཡའི་སི་རི་ཡ་(Syria) བཅས་ནས་ཡིན་པའི་ཁར། སྐྱབས་བཅོལ་བའི་བརྒྱ་ཆ་༨༣ གྱི་ཁོངས་ནས་ ༥༤ ལྷག་ཡུ་རོབ་ཤར་རྒྱུད་ཀྱི་ཡུ་ཁེ་རིན་དང་། དཀྱིལ་ཤར་ཨེ་ཤ་ཡའི་ཨབ་གྷ་ནི་སི་ཐན་དང་སི་རི་ཡ་བཅས་ནས་ཡིན་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ཆེས་མཐོའི་ལྟ་ཞིབ་ཚན་པ་ལྟར་ན། སྐྱབས་བཅོལ་བ་ཞེས་པ་ནི། གཞན་གྱི་གནོད་འཚེ་དང་། གཡུལ་འགྱེད། འཇིགས་སྐྲག་སོགས་ཀྱི་དབང་གིས་རང་ཡུལ་དུ་འཚོ་སྡོད་བྱེད་མ་ཐུབ་པར། རྒྱལ་ཁབ་གཞན་དུ་རང་རང་གི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་གྱི་མི་བུ་ལ་གོ་ཞིང་། སྐྱབས་བཅོལ་བ་མང་ཆེ་བར་རིགས་རུས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། སྤྱི་ཚོགས་ཀྱི་སྡེ་ཁག་བྱེ་བྲག་ཅན་དུ་གྱུར་བའི་དབང་གིས། གནོད་འཚེ་དང་། འཇིགས་སྣང་སོགས་ཡོང་གི་ཡོད་པའི་མུར། སྐྱབས་བཅོལ་བ་མང་དག་ཅིག་དམག་འཁྲུག་དང་། མི་རིགས། ཆོས་ལུགས་དམ་དྲག་སོགས་ཀྱི་དབང་གིས་རང་ཡུལ་རྒྱབ་ཏུ་བསྐྱུར་དགོས་བྱུང་བ་རེད། འཛམ་གླིང་ཁྱོན་ཡོངས་སུ་སྐྱབས་བཅོལ་བ་རྣམས་ནི་ཆེས་ཉམས་ཐག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཕྱི་ལོ་ ༡༩༥༡ ལོར་སྐྱབས་བཅོལ་བའི་ཆིངས་ཡིག་དང་དེའི་ ༡༩༦༧ ལོའི་ཟུར་བསྣོན་དང་དོན་ཚན་ཁྲོད་སྐྱབས་བཅོལ་བ་རྣམས་ལ་རོགས་འདེགས་བྱ་རྒྱུ་གཏན་འབེབས་བྱུང་ཡོད་ཅིང་། ཕྱི་ལོ་ ༡༩༥༡ ལོའི་ཆིངས་ཡིག་ནང་དུ་སྐྱབས་བཅོལ་བས་རང་ཉིད་སྐྱབས་བཅོལ་དུ་ཡོང་སའི་རྒྱལ་ཁབ་ནང་གི་ཁྲིམས་སྒྲིག་དང་འགན་འཁྲི་དང་ལེན་དང་།  སྐྱབས་བཅོལ་བ་རྣམས་འབྱོར་སའི་རྒྱལ་ཁབ་དེ་དག་གིས་མི་བུ་དེའི་ཚེ་སྲོག་དང་མི་སྒེར་གྱི་གཞི་རྩའི་ཐོབ་ཐང་དང་ཁེ་ཕན་སྲུང་དགོས་པ་ལས། རྒྱལ་ཁབ་གཞན་ལ་རྩིས་སྤྲོད་དང་ཕྱིར་ཕུད་སོགས་བྱ་མི་ཆོག ལོ་ལྟར་ཕྱི་ཟླ་ ༧ ཚེས ༢༠ ཉིན་འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོར་སྲུང་གཙི་བྱས་ཏེ། འཛམ་གླིང་གི་ཉམས་ཐག་ཏུ་གྱུར་བའི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་སྡུག་གི་ལོ་ཟླར་ཕྱིར་མིག་བལྟ་བ་དང་། ད་ལྟ་འཛམ་གླིང་གང་སར་མགོན་མེད་དུ་ལུས་པའི་སྐྱབས་བཅོལ་བ་རྣམས་ཀྱི་ཁེ་ཕན་སྲུང་སྐྱོབ་སླད། རྒྱལ་སྤྱིའི་གཞུང་སྒེར་གྱི་ཚོགས་སྡེ་ཁག་ལ་སྐྱབས་བཅོལ་བའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།

 ཨུ་ཡུ་གཉིས་ཀྱི་རྩོད་རྙོག་དང་གཡུལ་འགྱེད།

ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུ་དང་ནུབ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་དབར་གྲོས་མོལ་རིམ་པ་བྱས་ཏེ་ཡུ་ཁེ་རིན་གྱི་དཀའ་རྙོག་སེལ་ཐབས་དང་། ཕྱོགས་གཉིས་ཀྱི་གནས་སྟངས་ཞི་འགྲིག་ཡོང་ཐབས་བྱས་ཡོད་ནའང་ལམ་ལྷོངས་མ་སོང་བར་ཨུ་རུ་སུས་ཡུ་ཁེ་རིན་གྱི་བྱང་ཕྱོགས་སུ་ཡོད་པའི་རང་གི་མཐུན་གྲོགས་རྒྱལ་ཁབ་བྷེ་ལེ་རུ་སི་ (Belarus) དང་། ཕྱི་ལོ་ ༢༠༡༤ ལོར་ཡུ་ཁེ་རིན་གྱི་ས་ནས་བཙན་འཕྲོག་བྱས་ཏེ་རང་ཁོངས་སུ་བཅུག་པའི་ཁེ་རེ་མི་ཡ་ (Crimea) ཁུལ་དུ་དཔུང་དམག་གྲ་སྒྲིག་བྱས་ཏེ་སེམས་འཚབ་ཀྱི་གནས་སུ་གྱུར་བར་བརྟེན། ཨ་རི་དང་རྒྱ་གར་སོགས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཡུ་ཁེ་རིན་དུ་ཡོད་པའི་རང་གི་གཞུང་འབྲེལ་མི་སྣ་དང་མི་སེར་དཀྱུས་མ་རྣམས་ཕྱིར་ཐོན་དགོས་པའི་ལམ་སྟོན་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ཙམ་ནས་ཨུ་རུ་སུ་དང་ཡུ་ཁེ་རིན་གྱི་དཀའ་རྙོག་དེ་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཏུ་གྱུར་ཏེ། ལོ་དེའི་ནང་ཧྥ་རན་སི་དང་འཇར་མ་ནི་གཉིས་ཀྱིས་གཟུ་དཔང་བྱས་ཏེ་ཡུ་ཁེ་རིན་དང་། ཨུ་རུ་སུ། ཡུ་རོབ་ཀྱི་བདེ་སྲུང་དང་མཉམ་ལས་སྒྲིག་འཛུགས་ (OSCE) དབར་ལ་མིན་སི་ཀི་གྲོས་ཆོད་ (Minsk Agreement) ཅེས་པའི་གྲོས་ཆོད་ཐེངས་གཉིས་བཞག་ཡོད་ནའང་། ཕྱོགས་གཉིས་ཀས་གྲོས་ཆོད་ཀྱི་དགོངས་དོན་རྡོག་རོལ་བཏང་བའི་རྐྱེན་གྱིས་ད་བར་ཡུ་ཁེ་རིན་གྱི་དཀའ་རྙོག་དེ་སེལ་ཐུབ་མེད་པ་རེད། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ ཚེས ༢༤ ཉིན་ཨུ་རུ་སུས་ཡུ་ཁེ་རིན་ལ་དངོས་སུ་བཙན་འཛུལ་བྱེད་མགོ་བཙུགས་ཏེ། ཡུལ་མི་བརྒྱ་ཆ ༣༦ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དངོས་སུ་སྐྱབས་བཅོལ་དུ་འགྲོ་མགོ་བཙུགས།

ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་མཉམ་འབྲེལ་དུམ་བུར་འཐོར་ཏེ་སྤྱི་མཐུན་རྒྱལ་ཁབ་གསར་པ་མང་པོར་གྱུར་ཡོད་ནའང་། དེ་དག་ཕལ་ཆེ་བ་ཨུ་རུ་སུའི་ཕྱོགས་སུ་མ་བསྡད་པར་ཡུ་རོབ་ཀྱི་ཕྱོགས་གཏོགས་ལྟ་བུར་གྱུར་བ་མ་ཟད། ཨུ་རུ་སུ་མཉམ་འབྲེལ་ནུབ་བརྒྱུད་རྒྱལ་ཕྲན་ཕལ་ཆེ་བ་ཡུ་རོབ་མཐུན་ཚོགས་ནང་ཞུགས་ཏེ། ཨུ་རུ་སུའི་ཤུགས་རྐྱེན་ཇེ་ཆུང་དང་ནུབ་གླིང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར། ཨུ་རུ་སུས་ཡུ་ཁེ་རིན་རང་ཁོངས་སུ་བསྒྱུར་ཐབས་དང་། ནུབ་ཆིངས་སྒྲིག་འཛུགས་སོགས་སུ་ཞུགས་པར་འགོག་རྒོལ་སླད་འཐབ་རྒོལ་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༠༢ དང་། ༢༠༠༨། ༢༠༡༧། ༢༠༡༩། དང་ ༢༠༢༢ བཅས་སུ་ཡུ་ཁེ་རིན་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས་པར་རེ་སྐུལ་ཞུས་ཡོད། ནེ་ཊོའམ་ནུབ་ཆིངས་སྒྲིག་འཛུགས་ (The North atlantic Treaty Organization) དེ་ཉིད་ཐོག་མར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས། ཕྱི་ལོ་ ༡༩༤༩ ལོར་ཨ་རི་གཙོས་པའི་རྒྱལ་ཁབ་ ༡༢ གྱིས་ཡུ་རོབ་གླིང་ཕྲན་ནང་ཨུ་རུ་སུའི་ཤུགས་རྐྱེན་ཟློག་ཐབས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་། ཚོགས་ཁོངས་རྒྱལ་ཁབ་ཅིག་ལ་དམག་གི་དཔུང་འཇུག་སླེབས་པའི་སྐབས་སྒྲིག་འཛུགས་ངོས་ནས་དེར་འཐབ་རོགས་དགོས་པའི་གན་རྒྱ་བཞག་ཡོད་པ་རེད། ད་ལྟའི་ཆར་ནུབ་ཆིངས་སྒྲིག་འཛུགས་འདིའི་ནང་ཚོགས་ཁོངས་རྒྱལ་ཁབ་ ༣༢ ཡོད། 

  ཡུ་ཁེ་རིན་གྱི་སྐྱབས་བཅོལ་བའི་གྲངས་འབོར་དང་གནས་བབ།

ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་རྗེས། འདས་པའི་མི་ལོ་གསུམ་ལྷག་རིང་ཡུ་ཁེ་རིན་གྱི་གོད་ཆག་དང་། བཙན་འཛུལ་སོགས་ཀྱི་དབང་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཆེ་ཤོས་གཉིས་པར་གྲགས་པའི་ཡུ་ཁེ་རིན་གྱི་མི་སེར་གྲངས་ས་ཡ་ ༥ ལྷག་ཁྱིམ་མཚེས་རྒྱལ་ཁབ་ལ་སྐྱབས་བཅོལ་དུ་ཕྱིན་ཡོད་པའི་ཁར། ཉུང་མཐར་མི་གྲངས་ས་ཡ་ ༣། ༧ ལྷག་ས་གནས་གཞན་དང་གཞན་དུ་གནས་སྤོར་བྱ་དགོས་ཁེལ་ཡོད། ལྷག་པར་ཡུ་ཁེ་རིན་གྱི་ཡུལ་མི་མང་དག་ཅིག་གནས་སྤོར་དང་གཡུལ་འགྱེད་ཀྱི་གོད་ཆག་ཐེབས་པའི་དབང་གིས། ཡུ་ཁེ་རིན་གྱི་མི་རབས་གཞོན་པ་མང་དག་ཅིག་གི་སྤྱི་ཚོགས་དང་སེམས་ཁམས་ལ་གནོད་འཚེ་ཤུགས་ཆེན་ཐེབས་ཡོད་པའི་ཁྲོད། ཡུ་ཁེ་རིན་གྱི་བྱིས་པ་བརྒྱ་ཆ་ཉེར་ལྔ་ཙམ་སློབ་གྲྭར་སྐྱོད་ཐུབ་མེད་པའི་ཁར། ཁག་ཅིག་གིས་ཨུ་རུ་སུའི་བཙན་འཛུལ་གྱི་དབང་གིས་སློབ་གྲྭ་བསྐྱོད་ཐུབ་མེད་ལ། ཕ་མ་ཕལ་མོ་ཆེས་རང་གི་མིག་མདུན་ན་བྱིས་པ་ཉར་ཚགས་བྱས་པ་དེ་བདེ་འཇགས་ཆེ་ཤོས་སུ་ངོས་འཛིན་བྱས་ཏེ། བྱིས་པ་རྣམས་རང་རང་གི་ཉེ་འཁྲིས་སུ་བདག་ཉར་བྱེད་མུས་ཡིན་ཡང་། མི་ལོ་གསུམ་ལྷག་གི་འཐབ་རྩོད་ཀྱི་དབང་གིས་བྱིས་པ་མང་དག་ཅིག་ལ་འཇིགས་ཞུམ་དང་དངངས་སྐྲག་གི་ན་ཚ་ཕོག་ཡོད་པ་མ་ཟད། སེམས་སུ་ན་ཟུག་དང་སྔར་མེད་ཀྱི་རྨ་ཁ་ཆེན་པོ་ཞིག་ཆགས། རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཆེས་མཐོ་ལྷན་ཚོགས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། ཡུ་ཁེ་རིན་གྱི་མི་གྲངས་ཀྱི་ཁྱིམ་ཚང་བརྒྱ་ཆ་ ༦༣ ལ་དམག་འཁྲུག་གི་དབང་གིས་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་པའི་ཁྲོད། ཉུང་མཐར་ཡང་བྱིས་པ་གྲངས་ས་ཡ་༡། ༥ ལ་ཡིད་ཞུམ་གྱི་ན་ཚ་ཕོག་ཡོད་འདུག

གོ་ལའི་ཝི་ཀེ་རིག་མཛོད་ལྟར་ན། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་ཅིག་དང་། ཨ་རི། ཁེ་ན་ཌ་སོགས་ཀྱི་ཡུ་ཁེ་རིན་གྱི་མི་སེར་རྣམས་སྐྱབས་བཅོལ་དུ་བླངས་དང་ལེན་མུས་ཡིན་པ་ལྟར། ད་ལྟ་ཡུ་རོབ་ཀྱི་འཇར་མན་རྒྱལ་ཁབ་ཏུ་ཡུ་ཁེ་རིན་གྱི་སྐྱབས་བཅོལ་བ་ཉུང་མཐར་མི་གྲངས་ས་ཡ་ ༡།༢ ལྷག་དང་། པོ་ལེན་ཌི་ལ་ས་ཡ་གཅིག་ལྷག ཅེག་སྤྱི་མཐུན་རྒྱལ་ཁབ་ལ་འབུམ་བཞི་ལྷག མལ་དྷ་བ་(Moldova) རྒྱལ་ཁབ་ལ་ཉུང་མཐར་མི་གྲངས་འབུམ་ ༣།༦ ལྷག་དང་། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དང་། ཨ་རི། ཁེ་ན་ཌ་སོགས་ལ་སྐྱབས་བཅོལ་བ་མི་ཉུང་བ་ཞིག་ཡོད་པ་རེད། 

ཨབ་གྷ་ནི་སི་ཐན་གྱི་ཆབ་སྲིད་འཕོ་འགྱུར་དང་ཏ་ལི་བྷན་གྱི་བཙན་འཛུལ།

KABUL, AFGHANISTAN – AUGUST 21: In this handout image provided by the Ministry of Defence, the British armed forces work with the U.S. military to evacuate eligible civilians and their families out of the country on August 21, 2021 in Kabul, Afghanistan. British armed forces have been evacuation UK citizens and eligible personnel out of the Afghan capital after the Taliban took control of the country last week. (Photo by MoD Crown Copyright via Getty Images)

ཕྱི་ལོ་ ༡༩༩༠ ལོར་ཨུ་རུ་སུ་མཉམ་འབྲེལ་བཙན་རྒྱལ་རིང་ལུགས་ (Soviet Union) ཀྱི་དམག་མི་རྣམས་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱས་རྗེས། ཏ་ལི་བྷན་གྱི་དམག་དཔུང་དེ་ཐོག་མར་བཙུགས་ཡོད་ཅིང་། ཕྱི་ལོ་ ༡༩༩༦ ལོར་ཏ་ལི་བྷན་གྱི་རྒྱལ་ཁབ་དེར་དམག་རྒྱ་སྐྱེད་ནས་རྒྱལ་ས་ཀ་བྷུག་བཙན་བཟུང་བྱས་ཏེ། ཕྱི་ལོ ༡༩༩༨ ལོར་རྒྱལ་ཁབ་དེའི་ས་ཁུལ་བརྒྱ་ཆ་ ༩༠ ལྷག་དམག་དཔུང་དེས་དབང་བསྒྱུར་བྱས་ཏེ། ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་སྒྲིག་ (Sharia Law)  གཞིར་བཟུང་ཉེས་ཆད་གཅོད་པ་དང་། སྐྱེས་པ་ཕོ་རྣམས་ཀྱིས་ངེས་པར་དུ་ཨག་ཚོམ་འཇོག་དགོས་པ་དང་། བུད་མེད་རྣམས་ཀྱིས་བྷུར་ཁ་(Burka)ཆ་ཚང་གྱོན་དགོས་པ། དེ་བཞིན་རྒྱལ་ཡོངས་ནང་བརྙན་འཕྲིན་དང་གླུ་གཞས། གློག་བརྙན་ཁང་སོགས་རྩ་བ་ནས་མེད་པ་བཟོས་པ་མ་ཟད། རང་ལོ་ ༡༠ དང་དེ་ཡན་ཆད་ཀྱི་བུ་མོ་རྣམས་སློབ་གྲྭར་སྐྱོད་མི་ཆོག་པ་ལ་སོགས་པའི་ཁྲིམས་གཞི་བཙན་པོ་ལག་བསྟར་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༠༡ ལོར་འཇིགས་སྐུལ་དྲག་སྤྱོད་པས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་འཛམ་གླིང་གི་ཚོང་ལས་ལྟེ་གནས་ (Twin Tower)  ལ་དྲག་རྒོལ་བྱས་ཡོད་ཅིང་། ཨ་རིའི་གཞུང་གིས་ཨབ་གྷན་གཞུང་དེས་ཨོ་ས་མ་བྷིན་ལ་ཌིན་དང་ཁོ་པས་སྣེ་ཁྲིད་པའི་ཨལ་ཁེ་ཌ་ (Al-Qaeda) འཇིགས་སྐུལ་དྲག་སྤྱོད་ཚོགས་པར་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག ཨབ་གྷན་ལ་དམག་དྲངས་ཏེ་ཏ་ལི་བྷན་གྱི་སྲིད་དབང་འཕྲོག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་གསར་པ་ཞིག་བཙུགས། འོན་ཀྱང་། ཕྱི་ལོ་ ༢༠༢༡ ལོར་ཡུལ་དེར་ཡོད་པའི་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་དམག་མི་ཕྱིར་འཐེན་བྱས་སྟབས། ཕྱི་ལོ་ ༢༠༢༡ ཟླ ༨ ཚེས་ ༡༥ ཉིན་ཏ་ལི་བྷན་དམག་དཔུང་གིས་ཨབ་གྷན་གྱི་རྒྱལ་ས་ཀ་བྷུལ་བཙན་བཟུང་བྱས་ཏེ་ཨབ་གྷན་གྱི་སྲིད་དབང་ཡོངས་རྫོགས་ཏ་ལི་བྷན་གྱི་ལག་ཏུ་ཤོར་ཏེ། རྒྱལ་ཁབ་ཀྱི་མིང་དེ་(Islamic Emirate of Afghanistan) དུ་ཁ་བསྒྱུར་བྱས། སྤྱིར་ན་འདས་པའི་མི་ལོ་བཞི་བཅུ་ཙམ་གྱི་གོང་ནས་ཨབ་གྷན་ནང་གི་ངེས་གཏན་མེད་པའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་། མཐུན་རྐྱེན་ཞན་པ། དྲག་གནོན་རྒོད་པ་སོགས་ཀྱི་དབང་གིས་ཡུལ་དེའི་མི་སེར་མང་དག་ཅིག་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཡུ་རོབ། ལྷོ་བྱང་ཨ་མེ་རི་ཁ་སོགས་སུ་སྐྱབས་བཅོལ་དུ་བསྐྱོད་དང་སྐྱོད་མུས་ཡིན་འདུག

ཨབ་གྷ་ནི་སི་ཐན་གྱི་ཆབ་སྲིད་ཀྱི་རྣོ་ངར་དང་མི་མང་གི་དཀའ་སྡུག

འདས་པའི་མི་ལོ་བཞི་བཅུ་ལྷག་རིང་ཨབ་གྷ་ནི་སི་ཐན་ནང་འཁྲུག་རྩོད་དང་བརྟན་བརླིང་མེད་པའི་དབང་གིས་མི་གྲངས་ས་ཡ་མང་པོ་བཀྲེས་ལྟོགས་དང་མུ་གེའི་དཀའ་ངལ་ཕྲད་པའི་མུར། ཕྱི་ལོ་ ༢༠༢༥ ལོར་ཡུལ་དེ་ནས་གནས་སྤོར་དང་ཕྱིར་ལོག་བྱས་པའི་མི་ས་ཡ་མང་པོར་དཀའ་ངལ་འཕྲད་ཡོད་པ་མ་ཟད། ད་ལྟའང་ཟས་རིགས་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད། ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ལྔ་པའི་བར་དུ། བྱིས་པ་ས་ཡ་ ༦།༥ ཙམ་སྟེ་བཅུ་ཆ་གསུམ་ཙམ་ལ་བཀྲེས་ལྟོགས་ཀྱི་དཀའ་ངལ་ཕྲད། ཡུལ་དེའི་རང་བྱུང་གོད་ཆག་གི་ཤུགས་རྐྱེན་དང་། ཐན་པའི་ཡུན་རིང་གི་ཤུགས་རྐྱེན་གྱིས་མི་སེར་ཕལ་བ་རྣམས་ལའང་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་འདུག ཕྱི་ལོ་ ༢༠༢༥ ལོའི་ལོ་མཇུག་ཏུ་མི་འབོར་བརྒྱ་ཆ་ ༢༨ དེ་མི་གྲངས་ས་ཡ་ ༡༢།༤ ཙམ་ལ་ཟས་རིགས་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། མི་གྲངས་མང་པོ་ཞིག་མུ་གེ་ཐེབས་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྟ་ཞིབ་ལྷན་ཚོགས་ལྟར་ན། ཕྱི་ལོ་  ༢༠༢༤ ལོའི་ལོ་མཇུག་བར་རྒྱལ་སྤྱིའི་ནང་ཨབ་གྷ་ནི་སི་ཐན་གྱི་མི་སེར་ཡིན་པའི་སྐྱབས་བཅོལ་བ་མང་དག་ཅིག་ཨི་རན་དང་པཱ་ཀི་སི་ཐན་སོགས་ཀྱིས་བཙན་གྱིས་ཕྱིར་ལོག་བྱ་དགོས་པའི་བཀའ་བསྒྲགས་རྗེས། ཨབ་གྷན་གྱི་སྐྱབས་བཅོལ་བའི་གྲངས་འབོར་དེ་བརྒྱ་ཆ་བཅུ་མར་ཆགས་ཡོད་ཀྱང་། ད་ལྟའང་ཨབ་གྷ་ནི་སི་ཐན་གྱི་མི་སེར་ཡིན་པའི་སྐྱབས་བཅོལ་བ་མི་གྲངས་ས་ཡ་ ༥།༨ ལྷག་ཡོད་ཅིང་། རྒྱལ་ཚོགས་ཀྱིས་རོགས་ཚོགས་དང་ཚོགས་སྡེ་ཁག་བརྒྱུད། ཨབ་གྷ་ནི་སི་ཐན་གྱི་མི་སེར་གྱི་ལྟོགས་སྐོམ་དང་། ནད་མནར། ཟས་གོས་སོགས་ཀྱི་ཐོག་ནས་རོགས་རམ་བྱེད་མུས་ཡིན་པ་མ་ཟད། གོད་ཆག་གི་དབང་གིས་འཚོ་གནས་དཀའ་ངལ་འཕྲད་མུས་ཡིན་པའི་ཡུལ་མི་དང་། རྒྱལ་ཁབ་གཞན་དང་གཞན་དུ་སྐྱབས་བཅོལ་ལ་ཕྱིན་ཡང་། འཚོ་གནས་དང་ཡིག་ཆ་སོགས་ལ་དཀའ་ངལ་འཕྲད་ནས་ཕྱིར་རང་ཡུལ་ལ་ལོག་མཁན་གྱི་མི་གྲངས་ས་ཡ་ ༣ ལྷག་ལ་རྒྱུ་དང་དངོས་ཀྱི་ཐོག་ནས་རོགས་འདེགས་གནང་འདུག

གོ་ལའི་ཝི་ཀེ་རིག་མཛོད་ལྟར་ན། དཀྱིལ་ཤར་ཨེ་ཤ་ཡའི་ཨི་རན་རྒྱལ་ཁབ་ཏུ་ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་མི་གྲངས་ས་ཡ ༣།༨ ལྷག་དང་། པཱ་ཀི་སི་ཐན་དུ་ས་ཡ་༡།༢ ལྷག དེ་བཞིན་དཀྱིལ་ཤར་ཨེ་ཤ་ཡའི་ཐ་ཇི་ཀི་སི་ཐན་དང་། ཨུ་བྷི་ཀི་སི་ཐན། ཡུ་རོབ་ཀྱི་འཇར་མན་དང་། ཊུར་ཀི། སུ་ཝེ་ཌན། ན་ཐར་ལེན་ཌི། ཨོ་སོ་རུ་ཡ། ཨ་རི་དང་། ཁེ་ན་ཌ། ཨོ་གླིང་སོགས་སུ་ཨབ་གྷ་ནི་སི་ཐན་ནས་ཡིན་པའི་སྐྱབས་བཅོལ་བ་མང་དག་ཅིག་ཡོད་འདུག

སི་རི་ཡའི་ནང་འཁྲུག་དང་ཤི་གསོན་གྱི་འཐབ་རྩོད།

Twelve years of war have inflicted immense suffering on the Syrian people.

ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༣ ནང་དང་ཐོག་སི་རི་ཡའི་ཤར་ཕྱོགས་ཌེ་རཱ་(Deraa) གྲོང་ཁྱེར་ནང་སློབ་ཕྲུག་ཁག་ཅིག་གིས་ཊོ་ནེ་ཤི་ཡ་དང་ཨེ་ཇེབ་གྱེན་ལངས་པའི་འབོད་ཚིག་སྟེ། མི་མང་ལ་དགོས་པ་ནི་ད་ལྟའི་གཞུང་མགོ་རྟིང་བསློག་དགོས། མི་མང་ལ་རང་དབང་དང་དམངས་གཙོ་དགོས་སོགས་ཀྱི་སྦྱར་ཡིག་བཀྲམ་སྟབས་གཞུང་དམག་གིས་སློབ་ཕྲུག་ ༡༥ ཙམ་འཛིན་བཟུང་བྱས་པར་ས་གནས་མང་ཚོགས་ཚོས་གཞུང་ལ་ངོ་རྒོལ་བྱས་རྐྱེན། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་གྲོང་ཁྱེར་དེའི་མང་ཚོགས་མང་པོ་ཁྲོམ་གཞུང་དུ་ཐོན་ཏེ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར་གཞུང་དམག་གིས་དྲག་གནོན་བྱས་པ་ནས་སེ་རི་ཡའི་ཟིང་འཁྲུག་མགོ་ཚུགས་ཡོད། སི་རི་ཡའི་གྱེན་ལངས་ཐོག་མའི་སྐབས་ཀྱི་མི་མང་གི་འབོད་ཚིག་ནི་དམངས་གཙོ་དང་རང་དབང་རྒྱ་ཆེར་དགོས་པ་དེ་ཡིན་ཡང་། ཞི་རྒོལ་བའི་སྟེང་གཞུང་དམག་གིས་དྲག་གནོན་དམར་གསོད་སོགས་དྲག་ཤུགས་ལ་བརྟེན་ནས་གྱེན་ལངས་པ་རྩ་མེད་བཟོ་ཐབས་བྱས་པར། མི་མང་གི་ངོ་རྒོལ་རྩ་མེད་བཟོ་མ་ཐུབ་པར་རྒྱ་ཁྱབ་ཏུ་སོང་ཡོད་ཅིང་། ཁོང་ཚོའི་འབོད་ཚིག་ལ་སྔར་ལས་གསོན་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟའི་དྲག་པོའི་སྲིད་གཞུང་མགོ་རྟིང་སློག་དགོས་པ་དང་། ཕ་ཤུལ་བུ་འཛིན་གྱི་སྲིད་དབང་སྒེར་སྤྱོད་པ་བྷག་ཤར་ (Bashar al-Assad) སྲིད་སྟེགས་ལས་དབབ་དགོས་ཞེས་པའི་གྱེན་ལངས་པའི་ངོ་རྒོལ་སི་རི་ཡའི་རྒྱལ་ཡོངས་སུ་ཁྱབ་ཡོད་པ་རེད།

རྒྱལ་ཁབ་དེའི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པའི་བར་གདོང་ཐུག་དྲག་པོ་བྱུང་བ་དང་། ལྷག་པར་དམར་གསོད་ཀྱི་དོན་རྐྱེན་མང་དག་གཅིག་ཡང་དང་བསྐྱར་དུ་བྱུང་སྟབས། ཡུལ་དེའི་མི་སེར་མང་དག་ཅིག་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་འགྲོ་མགོ་བཙུགས་ཡོད་ཅིང་། སི་རི་ཡ་ནི་འཛམ་གླིང་ནང་གི་སྐྱབས་བཅོལ་བ་དང་མི་ཆོས་རིང་ལུགས་ཀྱི་དཀའ་ངལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། དམག་འཁྲུག་མ་བྱུང་གོང་གི་མི་འབོར་གྱི་བརྒྱ་ཆ་ ༦༠ ལྷག་ཙམ་གནས་སྤོ་བྱས་ཡོད། རྒྱལ་ཁབ་གཞན་དུ་འགྲོ་དགོས་བྱུང་བའི་སི་རི་ཡའི་མི་ས་ཡ་ ༦།༢ ལྷག་ཙམ་ལ་དཔལ་འབྱོར་གྱི་དཀའ་ངལ། ལས་ཀ་དང་སྡོད་ཁང་འཚོལ་བར་དཀའ་ངལ་ཕྲད་དང་འཕྲད་བཞིན་ཡོད་པ་མ་ཟད། ནང་ཁུལ་དུ་གནས་སྤོ་བྱས་པའི་སི་རི་ཡའི་མི་གྲངས་ས་ཡ་ ༧།༤ ལྷག་གྱི་ཁྲོད། མང་དག་ཅིག་སླར་ཡང་ས་གནས་གཞན་དང་གཞན་དུ་ཐེངས་མང་པོར་གནས་སྤོར་བྱ་དགོས་བྱུང་ཡོད་ཅིང་། འདི་ལོའི་ལོ་མགོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡར་གནས་སྡོད་བྱེད་མུས་ཡིན་པའི་མི་གྲངས་ས་ཡ་ ༡༦།༥ ཙམ་ལ་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཐོབ་ཐང་གི་གནས་བབ་གཞི་བཞག་གི་ཐོག་ནས་རོགས་རམ་གནང་།  Concern world wide ཞེས་པའི་དྲ་ཚིགས་ལྟར་ན། ཕྱི་ལོ ༢༠༢༤ ལོ་གཅིག་པུར་རྒྱལ་ཁབ་ཡོངས་སུ་བྱིས་པ་ས་ཡ་ ༧། ༨ ལ་ཤེས་ཡོན་གྱི་གོ་སྐབས་ཐོབ་མེད་པའི་ཁྲོད། བྱིས་པ་གྲངས་ས་ཡ་ ༢།༤ མཐུན་རྐྱེན་གྱི་དབང་གིས་སློབ་གྲྭར་འགྲིམས་ཐུབ་མེད་པའི་ཁར། མི་གྲངས་ས་ཡ་ ༡༤།༦ ལ་ཟས་བཅུད་དང་། ཆུ། འཕྲོད་བསྟེན་སོགས་ཀྱི་ཐད་ནས་དཀའ་ངལ་འཕྲད་ཀྱིན་ཡོད་འདུག

གོ་ལའི་ཝི་ཀེ་རིག་མཛོད་ལྟར་ན། སི་རི་ཡའི་སྐྱབས་བཅོལ་བ་མི་གྲངས་ས་ཡ་༣། ༧ ལྷག་ཡུ་རོབ་དང་ཕྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བ་མང་དག་ཅིག་ཡོད་པའི་ཁྲོད། ལི་བྷ་ནོན་(Lebanon) རྒྱལ་ཁབ་ཏུ་མི་གྲངས་འབུམ་ ༨།༤ ཇོ་ཌར་དུ་འབུམ་༦།༧ ལྷག འཇར་མན་རྒྱལ་ཁབ་ཏུ་འབུམ་ ༦།༢ ལྷག དེ་བཞིན་ཨི་རིག་རྒྱལ་ཁབ་ཏུ་མི་གྲངས་འབུམ་ ༢།༥༤ ལྷག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣
Mobile App

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

༢༠༢༥/༡༡/༠༣
Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

༢༠༢༥/༡༡/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese