འཛམ་གླིང་རྒྱལ་ཁབ་ ༡༣ གྱི་ནང་པའི་བླ་ཆེན་ཁག་ ༡༡༥ ལྷན་འཛོམས་ཐོག་འབྲུག་གི་རྒྱལ་ས་འཐིམ་ཕུག་ཏུ་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དབུ་འཛུགས་བསྐྱངས་ཡོད་པ་དང་སྨོན་ལམ་ཆེན་མོ་དབུ་འབྱེད་མཛད་སྒོའི་སྟེང་སེར་སྐྱ་མི་མང་ཁྲི་བདུན་ཙམ་འཛོམས་ཡོད་འདུག

དེ་རིང་ཕྱི་ཚེས་ ༤ ནས་ ༡༩ བར་འབྲུག་གི་རྒྱལ་ས་འཐིམ་ཕུག་ཏུ་ནང་པའི་ཐེག་པ་སྤྱི་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ལུགས་ཡོངས་རྫོགས་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་ཡོད་ཅིང་། སྨོན་ལམ་ཆེན་མོ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་འབྲུག་གི་སྐྱབས་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དབུ་བཞུགས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ནང་པའི་ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པའི་རྒྱལ་ཁབ་ ༡༣ གྱི་ནང་པའི་བླ་ཆེན་ ༡༡༥ འཛོམས་ཡོད་པ་དང་། དེའི་ཁྲོད་བོད་ཀྱི་བླ་ཆེན་དཔལ་ས་སྐྱའི་ཨ་བི་ཀྲྀ་བཇྲ་རིན་པོ་ཆེ་མཆོག་དང་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག ཏའི་སི་ཏུ་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག ཇོ་ནང་རྒྱལ་ཚབ་ངག་དབང་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག བདུད་འཇོམས་བསྟན་འཛིན་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་སོགས་ཕེབས་ཡོད་པ་རེད་ལ། འབྲུག་གི་རྒྱལ་པོ་བཞི་པ་དང་ཁྲི་ཐོག་རྒྱལ་པོ་ལྔ་བ་འཇིགས་མེད་གེ་སེར་རྣམ་རྒྱལ་རྣམ་གཉིས་ཀྱི་སྐུ་འཁོར་དང་བཅས་པ་གཙོས་སྲིད་བློན་འཇིགས་མེད་ཚེ་རིང་མཆོག་དང་འབྲུག་གཞུང་གི་བློན་ཆེན་རྣམ་པ། འབྲུག་ཡུལ་མི་མང་དང་ནང་པའི་དད་ལྡན་དོན་གཉེར་བ་ཁྱོན་མི་གྲངས་ཁྲི་བདུན་ཡས་མས་ཙམ་འཛོམས་ཡོད་འདུག
འདི་གའི་གསར་འགོད་པར་འབྲུག་གི་སྨོན་ལམ་ཆེན་མོར་དངོས་སུ་ཞུགས་མཁན་སློབ་དཔོན་པདྨ་ལགས་ཀྱིས་གསུངས་པ་ལྟར་ན། དེ་རིང་སྨོན་ལམ་གྱི་ཉིན་དང་པོའི་ཐོག་འབྲུག་གི་སྐྱབས་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་སྣེ་ཁྲིད་འོག འབྲུག་གི་མཁན་བླ་སྤྲུལ་གཞན་རྣམས་ཀྱིས་སྨོན་ལམ་གསུངས་དོན་གནང་བ་་དང་། སང་ཉིན་ཕྱི་ཚེས་ ༥ ཉིན་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེའི་དབུ་བཞུགས་ཐོག་བྱང་རྩེ་ཆོས་རྗེ་སྐྱབས་རྗེ་གོ་སོག་རིན་པོ་ཆེ་མཆོག དགེ་ལུགས་པའི་བླ་ཆེན་རྣམ་པའི་སྨོན་ལམ་གསུང་དོན་གནང་རྒྱུ་དང་། དེ་ནས་རིམ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་ནང་པའི་རྒྱལ་ཁབ་གཞན་གྱི་དབུ་བླ་ཁག་རེས་མོས་དབུ་བཞུགས་ཐོག ཟླ་འདིའི་ཕྱི་ཚེས་ ༡༠ བར་ཉིན་ལྟར་སྔ་དགོང་གཉིས་ལ་སྨོན་ལམ་གསུང་འདོན་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༡ ཉིན་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ནས་མི་མང་ལ་མཇལ་ཁ་གནང་རྒྱུ། དེ་བཞིན་ཕྱི་ཚེས་ ༡༢ ནས་ ༡༤ བར་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ནས་གསང་སྔགས་བླ་མེད་དཔལ་དུས་ཀྱི་འཁོར་ལོའི་དུས་འཁོར་དབང་ཆེན་གནང་རྒྱུ་དང་། ཚེས་ ༡༥ ནས་ ༡༩ བར་དགེ་སློང་མ་༢༥༠ ལྷག་གིས་སྡོམ་པ་བཞེས་རྒྱུའི་མཛད་རིམ་བཅས་ཡོད་འདུག
འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དེ་ནི་ཕྱི་ལོ་ ༢༠༠༠ ལོར་ཐོག་མར་དབུ་བཙུགས་ཤིང་། འབྲུག་རྒྱལ་པོའི་དགོངས་དོན་བཞིན། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་དམག་འཁྲུག་དང་ནད་ཡམས། དྲག་པོའི་ལས་མང་པོ་ཞིག་བྱུང་དང་འབྱུང་མུས་ཡིན་པའི་གནས་སྟངས་ལ་གཟིགས་ཏེ། འཛམ་གླིང་འདིར་ཞི་བདེ་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དཀའ་ངལ་མཐའ་དག་སེལ་ཐབས་སུ་ནང་པ་སངས་རྒྱས་པའི་ངོས་ནས་སྨོན་ལམ་ཆེན་མོ་འདི་འཚོག་བཞིན་ཡོད་པ་ཞིག་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





