ཚེ་རིང་ཕུན་ཚོགས་ལགས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་ཀྱི་ཡོད་ཅེས་བརྗོད་བྱུང་།

དེ་རིང་འདི་གའི་གསར་འགོད་པས་ཚེ་རིང་ཕུན་ཚོགས་ལགས་སུ་སྲིད་སྐྱོང་གི་འོས་མིར་བཞེངས་ཀྱི་ཡོད་མེད་སྐོར་དྲིས་པར། ཁོང་གིས། ང་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་ཀྱི་ཡོད། ང་རང་ལོ་ ༤༦ ལ་བསླེབས་ཡོད་པ་དང་སོ་སོའི་ལོ་ཐོག་ནས་འགྲིག་གི་ཡོད་པ་དང་། ད་བར་བོད་གཞུང་ལ་ལོ་ ༡༥ རིང་ཞབས་ཕྱི་ཞུས་ཐུབ་པ་སོགས་ལ་བརྟེན་ནས་སྲིད་སྐྱོང་དུ་ལངས་ན་འགྲིག་གི་ཡོད་པ་ཞིག་མཐོང་སོང་། དེ་བཞིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་ཡོད་པ་དང་། ༸མགོན་པོ་གང་ཉིད་མཆོག་ལ་དྲིན་ལན་འཇལ་རྒྱུའི་དུས་ལ་བསླེབས་པ་སོགས་ལ་བརྟེན་ནས་སྲིད་སྐྱོང་དུ་ལངས་ཀྱི་ཡོད། ཅེས་བརྗོད་བྱུང་།
སྲིད་སྐྱོང་དུ་བཞེངས་པའི་འབོད་ཚིག་དང་འབྲེལ་ནས་ཚེ་རིང་ཕུན་ཚོགས་ལགས་ཀྱིས། ཐུན་མོང་མ་ཡིན་པ་དང་། གཅིག་མཚུངས། གོང་འཕེལ། ཆིག་སྒྲིལ། དབུ་མའི་ལམ་ཞེས་པའི་འབོད་ཚིག་གི་ཐོག་ནས་སྲིད་སྐྱོང་དུ་ལངས་ཀྱི་ཡོད། ཅེས་བརྗོད་བྱུང་།
ཚེ་རིང་ཕུན་ཚོགས་ལགས་ནི་ཕྱི་ལོ་ ༡༩༨༠ ལོར་བོད་མང་ཡུལ་སྐྱིད་གྲོང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་བཙན་བྱོལ་དུ་འབྱོར་ནས་མ་སུ་རི་སློབ་གྲྭ་རུ་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༡༩༩༩ ལོར་སློབ་ཆེན་མཐར་སོན། དེ་རྗེས་ཀར་ན་ཊ་ཀ་མཐོ་སློབ་ནས་སྒྱུ་རྩལ་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང་། མའེ་སོར་མཐོ་རིམ་སློབ་གཉེར་ཁང་དུ་ས་ཁམས་ཆབ་སྲིད་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་དོན་སླད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། མའེ་སོར་ (Mysore) ནས་བྷེང་ལོར་བར་དུ་བོད་དོན་སླད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ། འདས་པའི་ལོ་ངོ་ ༢༠ རིང་རྒྱ་གར་དུ་ཡོད་པའི་མ་སུ་རི་སློབ་གྲྭ་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭ་སོགས་ལ་དགེ་རྒན་གྱི་ལས་གནས་གཉེར་ཡོད་ལ། ད་ལྟའི་ཆར་སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭ་རུ་ས་ཁམས་རིག་པའི་དགེ་རྒན་གྱི་ཕྱག་ལས་གནང་མུས་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།



