མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བསྟན་འཛིན་བསྟན་སྐྱོང་།
རྩོམ་ཁུངས། བོད་ཀྱི་དུས་བབ།

གནས་ཚུལ་ལོག་སྤེལ་གྱིས་མིའི་བསམ་བློའི་གོ་ས་འཕྲོག་པ།

འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་གསལ་བསྒྲགས་བྱས་ནས་ཉིན་མ་ཁ་ཤས་རྗེས། ངའི་སྤུན་ཉེ་ཞིག་གིས་ང་ལ་ཁ་པར་བཏང་ནས་རྒྱུན་ལྡན་གྱི་ཁམས་བདེའི་གནས་ཚུལ་དྲིས་ལན་ཚར་བ་དང་། ཁ་བརྡའི་ཁ་ཕྱོགས་སླེབས་ལ་ཉེ་བའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ཐོག་འཁྲིད་སོང། ཁོང་ནི་དགུང་ལོ་ ༧༠ ཟིན་གྲབས་ཡོད་པའི་བགྲེས་སོང་ཞིག་ཡིན་པ་དང་། དེ་སྔ་སྤྱི་ཚོགས་ཆབ་སྲིད་ཀྱི་གནས་སྟངས་ལ་ཐུགས་སྣང་དེ་ཙམ་ཆེན་པོ་གནང་མཁན་ཞིག་མིན་ལ། ཆབ་སྲིད་དང་འབྲེལ་བའི་དགོངས་ཚུལ་གསུངས་པར་འཛེམ་ཟོན་གནང་གི་ཡོད། འོན་ཀྱང་ལོ་ཤས་སྔོན་ནས་ཁོང་གིས་སྤྱི་ཚོགས་དྲྭ་རྒྱའི་འདུ་འཛི་ཆེ་བའི་འཛམ་བུ་གླིང་དེའི་ནང་དུས་ཚོད་འཁྱོལ་བའི་བརྙན་འདྲ་མིན་བལྟ་རྒྱུ་ཡོད་པ་མཁྱེན་ནས། རིམ་པས་ཁོང་ཉིད་ཀྱང་འཁྲུག་ཆ་དོད་པའི་དྲྭ་རྒྱའི་འཇིག་རྟེན་ནང་ཚུད། དེ་སྔོན་ཁོང་གིས་ལོ་གཞོན་ཚོར་ཁ་པར་ལ་སེམས་གཡེང་རྒྱུ་མེད་པའི་སྐོར་ལམ་སྟོན་གནང་གི་ཡོད་ནའང་། ད་ཆ་ཁོང་རང་ཡང་དེའི་དབང་འོག་ཏུ་ཤོར་ནས། སྔ་དགོང་གི་ཞལ་འདོན་གྲུབ་རྗེས་དུས་ཚོད་སྟོང་པ་ནམ་ཡིན་ལ་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་འཛུལ་ཏེ། བཙན་བྱོལ་བོད་མིའི་ཆབ་སྲིད་དང་འབྲེལ་བའི་དབྱེན་སྦྱོར་ཅན་གྱི་བརྙན་ཐུང་ལ་གཟིགས་ནས་བཞུགས་རྒྱུར་དགའ་པོ་གནང་གི་ཡོད།

སྤྱི་ཚོགས་དྲྭ་རྒྱ་ནི་ཕན་ཚུན་དྲྭ་ཐོག་འབྲེལ་འདྲིས་དང་། བསམ་ཚུལ་ཁྱབ་སྤེལ་བྱ་རྒྱུའི་སྡིངས་ཆ་གལ་ཆེ་ཞིག་ཡིན་ནའང་། ཕ་བསྟན་འཛིན་གྱིས་གཟིགས་བཞིན་པའི་བརྙན་ཕལ་ཆེ་བ་ཆབ་སྲིད་ཤོག་ཁག་གཅིག་གི་ངོ་ཚབ་བྱས་ཏེ། རང་གིས་རྒྱབ་སྐྱོར་བྱ་ཡུལ་དེར་ཚད་ལས་བརྒལ་བའི་བསྔགས་བརྗོད་དང་། གཞན་ཕྱོགས་དེར་མ་རངས་ཚིག་ངན་དང་། གཞི་རྩ་ཡོད་མེད་ཀྱི་སྐྱོན་བརྗོད་དྲག་པོ་བྱེད་མཁན་ཤ་སྟག་རེད། སྤྱིར་མང་གཙོའི་སྤྱི་ཚོགས་ནང་དུ་ལེགས་སྤེལ་ཉེས་འགོག་གི་བགྲོ་གླེང་དང་སྐྱོན་བརྗོད་བྱེད་ཆོག་པ་ཡིན། འོན་ཀྱང་སྐྱོན་བརྗོད་དེ་དག་ནི་རྒྱུ་མཚན་ཁུངས་ལྡན་ཞིག་དགོས་པ་ལས། རང་གིས་མ་དགའ་སའི་མི་དེ་ནག་པོ་བཟོ་བའི་སླད་ཆེད་མངགས་གནས་ཚུལ་རྫུན་བཟོ་ཁྱབ་སྤེལ་གྱིས་མི་གཞན་གྱི་འོས་ཤོག་ལ་ཤུགས་རྐྱེན་སྤྲོད་ཐབས་བྱས་ན། དེ་ནི་འཇིག་རྟེན་མི་ཆོས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཉིས་ཐད་ནས་བརྒལ་གྱི་ཡོད།

ཁོང་གིས་ཁ་པར་བརྒྱུད། “ད་ལོ་ཡང་བསྐྱར་ཁོ་ལངས་འདུག མི་འདི་ཚོས་བོད་གཞུང་རྩ་མེད་བཟོ་གི་རེད། མི་དེར་སྲིད་སྐྱོང་བྱེད་པར་འཇོན་ཐང་གང་ཡང་མེད། གཏན་གཏན་དར་ནག་ཚོགས་པས་ཁོ་བསླངས་པ་རེད།”ཅེས་སེམས་ཚོར་ཆེན་པོས་གསུངས་པ་གོ་དུས། ངས་ཁོང་ལ་མང་གཙོའི་སྒྲིག་འཛུགས་ནང་མི་མང་ལ་རང་གི་འགོ་ཁྲིད་གདམ་རྒྱུའི་ཐོབ་ཐང་ཡོད་དུས། མི་མང་ནང་ཁུལ་བསམ་ཚུལ་ཕྲན་བུ་མི་མཐུན་པ་ཡོང་སྲིད་ཀྱང། གཞན་ཕྱོགས་ལ་དེ་ལྟར་གཞི་མེད་སྐྱོན་བརྗོད་བྱེད་མི་རུང་བའི་སྐོར་ཞུས། ཁོང་གིས་དེ་གསན་མ་ཐག་སྐད་ཤུགས་ཕྲན་བུ་ཆུང་དུ་བཏང་ནས། “ཁོ་རེ། དེ་འདྲ་མ་རེད། ཁོ་ཚོ་ནི་རྒྱ་མིའི་ཕོགས་ཟ་མཁན་རེད། ༸རྒྱལ་བ་རིན་པོ་ཆེས་མི་དེ་ཚོར་མཉེས་པོ་གནང་གི་མེད། མི་དེ་ཚོ་དོལ་རྒྱལ་རྗེས་འབྲང་བ་རེད།”ཅེས་རང་གིས་དངོས་སུ་མཁྱེན་གྱི་ཡོད་ཁུལ་གྱིས་འགྲེལ་བརྗོད་གནང་བྱུང་། སྐད་ཆ་དེ་དག་གོ་དུས་སེམས་ཕྲན་བུ་མ་བདེ་བ་བྱུང་། སེམས་མ་བདེ་བར་གྱུར་བའི་རྒྱུ་རྐྱེན་ནི་རྒྱ་མིའི་ཕོགས་ཟ་མཁན་དང་༸རྒྱལ་བ་རིན་པོ་ཆེས་མཉེས་པོ་མ་གནང་ཡུལ་ཞིག་འོས་མིར་ལང་གི་ཡོད་པ་ཤེས་པ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ། ཕ་བསྟན་འཛིན་ལྟ་བུའི་མི་རབས་རྒན་པ་ཁ་ཤས་དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་དྲྭ་བའི་ནང་ཚུད་དེ། སྤྱི་ཚོགས་དྲྭ་རྒྱའི་ནང་མཐོང་ཐོས་བྱུང་ཚད་བདེན་པར་འཛིན་པའི་མཐར་ལྷུངས་བསམ་བློ་ཁྱེར་སོ་དེ་མཐོང་བས་ཡིན། ཆབ་སྲིད་ཀྱི་ཁེ་ཕན་ཆེད་གནས་ཚུལ་ལོག་སྤེལ་(disinformation)བྱས་པ་བརྒྱུད་མི་ཞིག་གི་བསམ་བློའི་ཁྱེར་སོ་ལ་ཤུགས་རྐྱེན་དང་འགྱུར་བ་ཇི་ཙམ་གཏོང་གི་ཡོད་པ་ཕ་བསྟན་འཛིན་གྱི་འཇིག་རྟེན་ནས་རྟོགས་ཐུབ།

“ཕ་བསྟན་འཛིན་ལགས་ཀྱིས་འོས་མི་དེ་རྒྱ་མིའི་ཕོགས་ཟ་མཁན་དང་། ཁོ་ལ་༸རྒྱལ་བ་རིན་པོ་ཆེས་མཉེས་པོ་གནང་གི་མེད་པ་ཇི་ལྟར་མཁྱེན་སོང་ངམ།” ཞེས་ངས་དྲི་རྩད་ཞུས། “དེ་ཡོངས་གྲགས་རེད། ཁ་སང་ང་ཚོའི་སྐད་འཕྲིན་ཚོགས་པའི་ནང་དེའི་སྐོར་གསལ་བཤད་རྒྱས་པོ་གནང་གི་འདུག་ལ། ངོ་དེབ་(Facebook)ནང་ལ་ཨ་ཅག་སྐད་ཆ་ཡག་པོ་ཤོད་མཁན་ཞིག་ཡོད། མོས་ཀྱང་དེ་ག་རང་ཟེར་གྱི་འདུག དེ་མ་ཟད། ང་ཚོ་གྲོགས་པོ་ཚོ་ཇ་ཁང་དུ་ཇ་མཉམ་དུ་འཐུང་དུས། དེའི་སྐོར་ཚང་མ་ཁ་གཅིག་གྲགས་རེད་འདུག” ཅེས་ཕ་བསྟན་འཛིན་གྱིས་ཁ་ཚོན་ཆོད་པོས་ལན་འདེབས་གནང་།

ཕ་བསྟན་འཛིན་གྱིས་བཤད་པ་ནང་བཞིན་དངོས་གནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་མིའི་ཁྲོད་རྒྱ་མིའི་ཕོགས་ཟ་མཁན་ངོ་མ་ཡོད་དམ། ཆབ་སྲིད་ཤོག་ཁག་གཅིག་ལ་༸རྒྱལ་བ་རིན་པོ་ཆེས་མཉེས་པ་གནང་ཞིང་གཞན་དེར་མ་མཉེས་པ་གནང་གི་ཡོད་དམ། སྐད་ཆ་དེ་ལྟ་བུ་ནི་ཆབ་སྲིད་ཤོག་ཁག་དང་རྒྱབ་སྐྱོར་བ་ཕན་ཚུན་ང་རྒྱལ་གཞན་ཕམ་གྱི་འཐབ་རྩོད་ཁྲོད། རང་ཕྱོགས་བཟང་པོ་ཡིན་ཁུལ་དང་གཞན་ཕྱོགས་ངན་པ་ཡིན་པ་སྟོན་སླད། ཆེད་མངགས་རྫུན་བཟོ་ཁྱབ་སྤེལ་བཏང་བ་ཞིག་ཡིན་ལ། གནས་ཚུལ་རྫུན་བཟོ་བྱས་པ་དེ་དག་སྤྱི་ཚོགས་ཆབ་སྲིད་ཀྱི་གནས་སྟངས་གཏིང་ཟབ་པོ་མི་ཤེས་མཁན་དང་། དམིགས་བསལ་ལོ་ན་བགྲེས་པ་ཚོས་གསན་དུས། གནས་ཚུལ་ངོ་མ་གང་ཡིན་བདེན་རྫུན་དབྱེ་འབྱེད་མི་བྱེད་པར། དེ་ཉིད་ཡིན་ཤག་བྱེད་པ་མ་ཟད། གཞན་ལའང་དེར་ལྟར་བརྒྱུད་སྤེལ་བྱེད།

སྤྱིར་བཏང་སྤྱི་ཚོགས་དྲྭ་རྒྱ་དར་འཕེལ་ཕྱིན་པའི་རྗེས་སུ་འཛམ་གླིང་ཁྱོན་ཡོངས་སུ་གནས་ཚུལ་ནོར་བ་འཕེལ་བ་(Misinformation)དང་། གནས་ཚུལ་ཆེད་མངགས་རྫུན་སྤེལ་བྱེད་པ།(Disinformation) གནས་ཚུལ་སྐབས་དོན་ལས་ལོགས་སུ་བཀྲལ་ནས་ལོག་འགྲེལ་བྱེད་(Malinformation)མཁན་ཧ་ཅང་མང་དུ་ཕྱིན་ཡོད། གནས་ཚུལ་ནོར་བ་སྤེལ་བ་(misinformation)ཞེས་པ་ནི། གཞན་ལ་གནོད་པའམ་ཤུགས་རྐྱེན་སྤྲོད་པའི་ཀུན་སློང་གང་ཡང་མེད་པར་བདེན་པ་མིན་པའི་གནས་ཚུལ་ཞིག་ཕྱིར་གྱར་སོང་བ་ཞིག་ལ་ཟེར་ཞིང་། དེ་ལྟ་བུའི་གནས་ཚུལ་ནོར་བའི་རིགས་ནི་རང་བཞིན་གྱིས་ཁྱབ་འཕེལ་འགྲོ་སླ། ཕྱི་ལོ་ ༢༠༡༨ ལོར་འཛམ་གླིང་ས་ཁུལ་གང་སར་ཆབ་སྲིད་སོགས་དང་འབྲེལ་བའི་གནས་ཚུལ་ནོར་བ་འཕོན་ཆེ་སྤྱི་ཚོགས་དྲྭ་རྒྱའི་སྟེང་བརྒྱུད་སྤེལ་བྱུང་བར་བརྟེན་ཚིག་མཛོད་(dictionary.com) གྱིས་ misinformation ཞེས་པའི་ཚིག་དེ་ལོ་དེའི་ཐ་སྙད་དུ་(word of the year)ངོས་འཛིན་བྱས་ཡོད།

གནས་ཚུལ་ཆེད་མངགས་རྫུན་སྤེལ་བྱེད་པ་(Disinformation)ནི། མི་གཞན་ལ་མགོ་སྐོར་བསླུ་བྲིད་དང་། གནས་ཚུལ་བདེན་པ་མ་ཡིན་པ་བདེན་པ་ཡིན་པ་ལྟར་བཅོས་ནས་ཁྱབ་སྤེལ་བྱས་ཏེ་རང་ཕྱོགས་ལ་ཁེ་དབང་ཐོབ་ཐབས་བྱེད་པ་ཞིག་ལ་གོ། དེ་དག་ཕལ་མོ་ཆེ་བ་ལྐོག་གཤོམ་ལྟ་ཚུལ་(Conspiracy Theory)དང་། བཟོ་བཅོས་བྱས་པའི་དཔར་རིས་དང་བརྙན། སྒྲ་སོགས་བརྒྱུད་ནས་སྤེལ། དམིགས་བསལ་འོས་བསྡུའི་སྐབས་སུ་དེའི་ཉེན་ཁ་ཆེ་བ་ཡོད། ཆབ་སྲིད་ཚོགས་པ་དང་རྒྱབ་སྐྱོར་བ་ཕན་ཚུན་འགྲན་རྩོད་རྣོ་ངར་ཆེ་བའི་དུས་སྐབས་སུ། ཕྱོགས་སོ་སོས་གཞན་ཕྱོགས་ཀྱི་སྐྱོན་མཚང་འབྲུ་རྒྱུར་ཆེད་མངགས་གནས་ཚུལ་རྫུན་སྤེལ་བྱེད་མཁན་མང་དུ་འགྲོ་གི་ཡོད།

ཕ་བསྟན་འཛིན་གྱིས་གཟིགས་བཞིན་པའི་དྲྭ་ཐོག་གཏམ་བཤད་པ་ཕལ་མོ་ཆེ་བས། རང་ཕྱོགས་བཟང་པོ་ཡོད་ལུགས་བསྐྱར་བཤད་ཡང་བཤད་བྱེད་པ་དང་། གཞན་ཕྱོགས་དེར་གང་ཐུབ་ཀྱིས་སྨད་ར་དམའ་འབེབས། སྐབས་རེར་ཚད་ལས་བརྒལ་བའི་གཞི་མེད་སྐྱོན་བརྗོད་བྱེད་པས། ལོ་ན་བགྲེས་པའི་ཕ་བསྟན་འཛིན་གྱི་ཀླད་པའི་གོ་ས་ཡོངས་སུ་འཕྲོག་སྟེ། ཁོང་རང་གི་ལེགས་ཉེས་དབྱེ་འབྱེད་ནུས་པ་བརླག་པ་ལྟ་བུར་གྱུར་འདུག དེ་ནི་ཕ་བསྟན་འཛིན་གྱིས་གོང་གི་ལན་ལས་གསལ་པོར་རྟོགས་ཐུབ། ཁོང་ལྟ་བུའི་བགྲེས་སོང་ཞིག་ལ་མཚོན་ན། བརྡ་འཕྲིན་གྱི་གོ་རྟོགས་ཞན་པས། རང་གི་ལག་ཏུ་འབྱོར་བའི་གནས་ཚུལ་ཡིན་ནོ་ཅོག་བདེན་པ་ཡིན་ཤག་བྱེད་ཤས་ཆེ་ཞིང་། ལྷག་པར་དུ་རང་གིས་ཕྱོགས་ཞེན་བྱ་ཡུལ་དེར་བསྔགས་བརྗོད་དང་། གཞན་ཕྱོགས་ལ་སྐྱོན་བརྗོད་བྱེད་པའི་པར་རིས་དང་། བརྙན་སོགས་རང་གི་ཁ་པར་ནང་དུ་འཆར་དུས་དེར་དགའ་མོས་དང་ཡིད་ཆེས་བྱས་ཏེ་བརྒྱུད་སྤེལ་མུ་མཐུད་བྱེད།

ཐད་ཀར་བལྟས་ན་སྤྱི་ཚོགས་དྲྭ་རྒྱ་ནི་པར་དང་བརྙན་སོགས་ཕན་ཚུན་བརྒྱུད་སྤེལ་དང་། འབྲེལ་འདྲིས་བྱེད་ས་ཙམ་ཞིག་ཏུ་སྣང་ཡང་། གཏིང་ཟབ་ས་ཞིག་ནས་བལྟས་ན། སྤྱི་ཚོགས་དྲྭ་རྒྱ་དེ་ཚོས་རང་གི་ཁེ་ཕན་ཆེད་དོ་བདག་གི་སྐབས་བབ་ཀྱི་ཚོར་སྣང་དང་། ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་སོགས་ལ་སོ་ཉུལ་བྱས་ཏེ། རྒྱབ་ཕྱོགས་ནས་འཕྲུལ་སྤྱད་རྩིས་ལུགས་(algorithm)བརྒྱུད། དྲྭ་རྒྱ་ལྟ་མཁན་དེའི་སྤྱི་ཚོགས་དྲྭ་ལམ་ནང་དུ་སོ་སོའི་དགའ་ཕྱོགས་དང་། རང་ཉིད་དང་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མཐུན་པའི་པར་དང་བརྙན་བསྟན་པ་ལས། དེ་མིན་གྱི་གནས་ཚུལ་མི་སྟོན་པའི་ལྟ་བའི་བྲག་ཆ་ཁང་(ideological echo chamber)ལྟ་བུ་བཟོས་ཏེ། སྤྱི་ཚོགས་ནང་ཁུལ་ཤོག་ཁག་འགལ་ཟླ་ཆེ་རུ་གཏོང་གི་ཡོད། དེ་ལྟར་རིམ་པས་ཁྱེད་ཀྱི་གནས་ཚུལ་གང་བལྟ་དང་མི་བལྟ་དང་། གང་ཞིག་ལ་ཡིད་ཆེས་བྱེད་མི་བྱེད་དེ་རྩིས་ལུགས་ཀྱིས་ཐག་གཅོད་བྱེད་ཉེན་ཆེ།

སྤྱི་ཚོགས་དྲྭ་རྒྱས་མི་བཟོས་རིག་ནུས་སོགས་ཁྱད་དུ་འཕགས་པའི་འཕྲུལ་རིག་བཀོལ་སྤྱོད་ཀྱིས་འཕྲུལ་ཆས་རྩིས་ལུགས་ལམ་ནས་དོ་བདག་དྲྭ་རྒྱ་བཀོལ་སྤྱོད་པའི་དགའ་ཕྱོགས་ཀྱི་གནས་ཚུལ་ཁོ་ན་བསྟན་པས། ཕ་བསྟན་འཛིན་བསྟན་ལྟ་བུའི་དེང་རབས་འཕྲུལ་རིག་སྐོར་གོ་རྟོགས་ཞན་པའི་རྒན་རབས་པ་ཚོས། རང་གི་ཞེན་ཕྱོགས་ཀྱི་བསམ་ཚུལ་ཁོ་ན་མི་སྣ་འདྲ་མིན་བརྒྱུད་ལན་མང་གསན་པའི་ཉེར་ལེན་ལ་བརྟེན་ནས། རང་གིས་གོ་བའི་གནས་ཚུལ་དེ་རང་བདེན་པར་འཛིན་ཞིང་། དེ་ལས་གཞན་པའི་གནས་ཚུལ་ལ་ཡིད་ཆེས་བསམ་ཤེས་མི་བྱེད་མཁན་ཞིག་ཏུ་འགྱུར་ཉེན་ཧ་ཅང་ཆེ།།

འོས་བསྡུ་དང་དྲྭ་ཐོག་གནས་ཚུལ་ལོག་སྤེལ།

མང་གཙོའི་སྤྱི་ཚོགས་ནང་དམིགས་བསལ་འོས་བསྡུའི་སྐབས་སུ་བདེན་པ་མིན་པའི་གནས་ཚུལ་ཁྱབ་འཕེལ་དང་། ཆེད་མངགས་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་གཏོང་མཁན་མང་དུ་འགྲོ་གི་ཡོད་ཅིང་། དེ་ལ་བརྟེན་ནས་ཆབ་སྲིད་ཚོགས་པ་དང་རྒྱབ་སྐྱོར་བ་ཕན་ཚུན་བར་ཚིག་རྩུབ་ངན་སྨྲས་དང་། འཁྲུག་ཟིང་གི་དོན་རྐྱེན་མང་དུ་འགྲོ བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྐབས་སུའང་གནས་སྟངས་དེ་མཚུངས་ཤིག་ཡོང་གི་ཡོད་པ་དངོས་མཐོང་ལག་ཟིན་ཡིན། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་བདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་པའི་རྗེས་ཐོགས་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོའི་སྐབས་སུ་སྲིད་སྐྱོང་འོས་མི་ཕན་ཚུན་དང་། ཁོ་ཚོའི་རྒྱབ་སྐྱོར་བ་ཕན་ཚུན་བར་གླེང་སློང་དང་། འཁྲུག་གཞི་ཆེན་པོ་བྱུང་ཡོད་པ་དང་། སྐབས་དེར་མི་མང་པོས་སྤྱི་ཚོགས་དྲྭ་རྒྱ་བཀོལ་སྤྱོད་ཀྱིས་གནས་ཚུལ་བདེན་པ་ཡིན་མིན་ཅི་རིགས་གྱ་ཚོམ་དུ་གླེང་སློང་བྱས་པས། མི་མང་ནང་ཁུལ་འཁྲུག་རྐྱེན་ཇི་སྙེད་ཅིག་བཟོས་པ་མ་ཚད། བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ལའང་རྨ་ཁ་ཕྲན་བུ་བཟོས་ཡོད།

མང་གཙོའི་སྤྱི་ཚོགས་ནང་དུ་འོས་བསྡུའི་སྐབས་འགན་ཁྲི་ལྡན་པའི་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་མིན་རང་རྒྱལ་གཞན་ཕམ་གྱི་བསམ་བློས་ཀུན་ནས་བསླངས་ཏེ། གཞན་ཕྱོགས་ལ་དམའ་འབེབས་བྱ་རྒྱུར་ཁུངས་ལུང་མེད་པའི་གཏམ་འཆལ་སྨྲ་བ་དང་། བདེན་པ་མིན་པའི་གནས་ཚུལ་ཆེད་མངགས་བཀྲམས་པ་སོགས་བྱེད་ན། སྤྱི་ཚོགས་ཤིག་གི་འོས་བསྡུའི་ཐག་གཅོད་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་ལ་བརྟེན་ནས་འོང་ཉེན་ཡོད་པ་མ་ཟད། དེ་ལྟར་བྱུང་ན་སྤྱི་ཚོགས་དེའི་གཞི་རྩའི་མང་གཙོའི་རྩ་འཛིན་འཐོར་བ་དང་གཅིག་མཚུངས་ཡིན།

བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་བྱུང་བར་བརྟེན་ནས། འོས་ཤོག་བླུགས་མཁན་ཚོས་འོས་མིར་ལྟ་སྟངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེ་སྣང་མེད་དུ་གཏོང་མི་རུང་། ཆབ་སྲིད་ཤོག་ཁག་སོ་སོ་དང་དེ་དག་གི་རྒྱབ་སྐྱོར་བ་ཚོས་མི་མང་གི་བསམ་ཚུལ་ལ་ཁ་ལོ་བསྒྱུར་ཏེ་རང་ཕྱོགས་སུ་འོས་ཐོབ་པར་ཐབས་ལམ་འདྲ་མིན་བསྟེན་ཞིང་། ལྷག་པར་དྲྭ་རྒྱའི་དུས་སྐབས་སུ་སྤྱི་ཚོགས་དྲྭ་རྒྱའི་སྟེང་རང་གིས་རྒྱབ་སྐྱོར་བྱ་ཡུལ་འོས་མི་དེ་བཟང་པོ་ཡོད་ལུགས་དང་། གཞན་ཕྱོགས་དེ་ངན་པ་ཡིན་ལུགས་ཡིག་བརྙན་ཅི་རིགས་ཀྱི་ལམ་ནས་བཀྲམས་པར་བརྟེན། གཞི་རིམ་མི་མང་མང་པོའི་འོས་འཕེན་ཐག་གཅོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།

དྲྭ་རྒྱ་དང་ལྷག་པར་སྤྱི་ཚོགས་དྲྭ་ལམ་དར་ཁྱབ་བྱུང་བའི་རྗེས་སྔར་དང་མི་འདྲ་བའི་གནས་ཚུལ་ཁྱབ་འཕེལ་མགྱོགས་པོར་འགྲོ་ཞིང་། དེའི་ནང་ནས་བདེན་པ་མིན་པའི་གནས་ཚུལ་རིགས་ཁྱབ་འཕེལ་མྱུར་བ་འགྲོ་གི་ཡོད་པར་མངོན། ཁྱབ་གདལ་ཆེ་བའི་བདེན་པ་མིན་པའི་གནས་ཚུལ་ཕལ་མོ་ཆེ་བ་ཚོར་བ་སྐྱེན་ཞིང་མང་ཚོགས་ཀྱི་སེམས་ལ་ཤུགས་རྐྱེན་སྤྲོད་སླ་བའི་གནས་ཚུལ་རིགས་ཡིན།

དེ་ལྟ་བུའི་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་གྱི་དྲྭ་བའི་འོག་འཚུད་མཁན་ཕལ་མོ་ཆེ་བ་མི་རབས་རྒན་པ་རྣམས་པ་ཡིན་པར་སྣང་། དཔེར་ན། ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས་སུ་ལོ་ན་ ༦༥ ཡན་གྱི་རྒན་རབས་པ་ཚོས་ལོ་ན་ ༣༠ མན་གྱི་གཞོན་སྐྱེས་ལས་ལྡབ་བདུན་གྱིས་བདེན་པ་མིན་པའི་གནས་ཚུལ་མང་བ་བརྒྱུད་སྤེལ་བྱས་ཡོད་པ་ཞིབ་འཇུག་གྲུབ་དོན་ལས་ངེས་རྙེད་བྱུང་ཡོད། རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་དེ་ལྟ་བུའི་ཞིབ་འཇུག་བྱས་པ་ཞིག་བྱུང་ཚོད་མི་འདུག་ཀྱང་། སྤྱི་ཡོངས་ཀྱི་གནས་སྟངས་ལ་གཞིགས་ཏེ་ཚོད་དཔག་བྱེད་ན། མི་རབས་གཞོན་པ་དང་བསྡུར་ཚེ། མི་རབས་རྒན་པ་རྣམས་དྲྭ་ཐོག་བདེན་པ་མིན་པའི་གནས་ཚུལ་དབྱེ་ཞིབ་བྱེད་པར་རིག་རྩལ་ཞན་པ་ཡོད་པར་མངོན། དེར་རྒྱུ་རྐྱེན་འགའ་ཤས་ཡོད་དེ། གཙོ་བོ་ཞིག་ནི་མི་རབས་རྒན་པ་རྣམས་དྲྭ་རྒྱ་སྤྱི་དང་། དམིགས་བསལ་སྤྱི་ཚོགས་དྲྭ་རྒྱའི་སྟེང་སླེབས་པ་ཕྱི་ཞིང་། དེའི་སྐོར་གོ་རྟོགས་གཏིང་ཟབ་མེད་པས་ཡིན་སྲིད། དེས་རྐྱེན་བྱས་ཏེ་མི་རབས་རྒན་པ་ཚོས་དྲྭ་ཐོག་སྤེལ་བའི་གནས་ཚུལ་གང་ཞིག་དངོས་བདེན་ཡིན་པ་དང་། གང་ཞིག་རྫུན་མ་ཡིན་པ་དབྱེ་བ་གསལ་པོ་འབྱེད་མ་ནུས་པས། གང་མཐོང་བ་བདེན་པར་འཛིན་ཉེན་ཆེ་བ་ཡོད། ལྷག་པར་དེང་སྐབས་མི་བཟོས་རིག་ནུས་རྒྱ་ཡན་དུ་བཏང་བའི་ཉེར་ལེན་ལ་བརྟེན་ནས་གཏིང་རྫུ་(Deekfake)ཡི་བརྙན་པར་དང་། སྒྲ་སོགས་ཅི་རིགས་དྲྭ་ཐོག་ཏུ་རྒྱ་ཁྱབ་སྤེལ་བཞིན་པས་ཀྱང་མི་རབས་རྒན་པ་ཚོར་དངོས་ཡོད་དང་གཏིང་རྫུ་གང་ཡིན་དབྱེ་བ་འབྱེད་པར་དཀའ་ངལ་འཕར་མ་སླེབས་ཡོད། རྒྱུ་རྐྱེན་ཞན་ཞིག་ནི་མི་རབས་རྒན་པ་རྣམས་ལོ་ནའི་བབ་ཀྱིས་ཀླད་པའི་དཔྱད་ཞིབ་ཆུ་ཚད་ཉམས་པའི་དབང་གིས་ཡིན་སྲིད། དེར་བརྟེན་རང་གི་ལག་ཏུ་འབྱོར་བའི་གནས་ཚུལ་ལ་རིགས་པ་ལྡན་པའི་སྒོ་ནས་དཔྱད་པ་བྱེད་མ་ཐུབ་པས་མགོ་སྐོར་འོག་འཚུད་ཉེན་ཆེ།

དེ་ལས་གཞན་པའི་རྒྱུ་རྐྱེན་གཞན་ཞིག་ནི། མི་རྣམས་ལོ་ན་མཐོ་རུ་འགྲོ་བ་དང་མཉམ་དུ་ཆབ་སྲིད་ཀྱི་ཞེན་ཕྱོགས་(partisanship)ཆེ་རུ་འགྲོ་ཞིང་། དེས་རྐྱེན་བྱས་ཏེ་ཐག་གཅོད་གསལ་པོ་བྱེད་མི་ཐུབ་པ་མ་ཟད། སྐབས་དེར་གནས་ཚུལ་བདེན་པ་མ་ཡིན་པ་ཤེས་བཞིན་དུ་རང་ཕྱོགས་ཀྱི་ཁེ་ཕན་སྒྲུབ་སླད་ཆེད་མངགས་བརྒྱུད་སྤེལ་བྱེད་པ་ཡིན། གནད་དོན་དེ་ཀོ་ལ་ར་ཊོ་གཙུག་ལག་སློབ་གཉེར་ཁང་(University of Colarado Boulder) གི་ཞིབ་འཇུག་གྲུབ་དོན་གཅིག་གིས་ཁུངས་སྐྱེལ་བྱེད་དེ། གྲུབ་དོན་དེའི་ནང་ལོ་ངོ་ ༥༥ ཡན་གྱི་རྒན་རབས་རྣམས་ཆབ་སྲིད་ཞེན་ཕྱོགས་ཆེ་བ་ཡོད་པ་དང་། དེ་ལ་བརྟེན་ནས་བློ་གཟུ་བོར་གནས་ནས་གནས་ཚུལ་ལ་དཔྱད་ཞིབ་བྱེད་ཐུབ་ཀྱི་མེད་པ་གསལ་བཤད་བྱས་འདུག།

སྤྱིར་གནས་སྟངས་འདི་བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར། འཛམ་གླིང་རྒྱལ་ཁབ་མང་པོའི་འོས་བསྡུའི་སྐབས་མཐོང་ཐུབ་པ་ཞིག་ཡིན། འོན་ཀྱང་། འོས་བསྡུའི་སྐབས་ཀྱི་ང་རྒྱལ་གཞན་ཕམ་གྱི་རྩོད་རྙོག་དེ་སྤྱིར་བཏང་མང་གཙོའི་ལག་ལེན་ཞིག་ཏུ་བལྟས་ནས་སྣང་མེད་གཏོང་མི་རུང་། གང་ཡིན་ཞེ་ན། སྐབས་མང་པོར་འོས་བསྡུའི་ཐག་གཅོད་ལ་ཤུགས་རྐྱེན་སྤྲོད་རྒྱུ་དང་། མང་ཚོགས་ཁྲོད་བརྡབ་གསིག་གཏོང་སླད་ཕྱིའི་ནུས་ཤུགས་ཀྱང་སྤྱི་ཚོགས་ཁྲོད་འཛུལ་གྱི་ཡོད། ལྷག་པར་སྤྱི་ཚོགས་དྲྭ་རྒྱའི་དུས་སྐབས་སུ་རྒྱལ་ཁབ་གཅིག་གི་འོས་བསྡུའི་ཐག་གཅོད་ལ་ཤུགས་རྐྱེན་སྤྲོད་ཆེད་རྒྱལ་ཁབ་གཞན་ཞིག་གིས། དྲྭ་ལམ་བརྒྱུད་ནས་གནས་ཚུལ་ལོག་སྤེལ་དང་། སྤྱི་ཚོགས་དྲྭ་རྒྱའི་ཁ་བྱང་རྫུན་མ་བཟོས་པ་སོགས་ཀྱི་ལམ་ནས་རང་གི་དགའ་ཕྱོགས་ཤོག་ཁག་ལ་རྒྱལ་ཁབ་ཐོབ་པར་ཐེ་བྱུས་བྱེད་མཁན་མང་པོ་ཡོད།

རྒྱ་ནག་གཞུང་གིས་དུས་སྐབས་ནམ་བྱུང་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁུལ་དཀྲུག་རྒྱུའི་བྱེད་ཐབས་རྩོམ་བཞིན་ཡོད་པ་དང་། དམིགས་བསལ་འོས་བསྡུའི་སྐབས་སུ་བཙན་བྱོལ་བོད་མི་ནང་ཁུལ་ལྟ་ཚུལ་མི་མཐུན་པའི་གླེང་སློང་དང་རྩོད་གཞི་ཡོང་གི་ཡོད་པ་དེའི་གོ་སྐབས་བཟུང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཁྲོད་དཀྲོག་རྐྱེན་འཕར་མ་བཟོ་གི་ཡོད། སྤྱིར་རྒྱལ་ཁབ་དང་སྒྲིག་འཛུགས་ཕལ་མོ་ཆེས་དེང་རབས་འཕྲུལ་རིག་དར་སོ་ཆེ་བའི་དུས་སྐབས་དང་བསྟུན་ནས། དྲྭ་ཐོག་ཏུ་རང་གི་ལྟ་ཕྱོགས་ཁྱབ་སྤེལ་དང་། རང་གི་ཁེ་ཕན་སླད་གཞན་ལ་ཤུགས་རྐྱེན་སྤྲོད་ཆེད་སྤྱི་ཚོགས་དྲྭ་རྒྱ་ལྟ་སྲུང་སྡེ་ཚན་(IT cell)ཆེད་མངགས་ཟུར་འཛུགས་བྱེད་སྲོལ་ཡོད་པ་བཞིན། རྒྱ་ནག་གཞུང་གིས་ཀྱང་དྲྭ་རྒྱ་ལྟ་སྲུང་སྡེ་ཚན་ལ་འགྲོ་གྲོན་ཕོན་ཆེ་བཏང་ནས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཏད་ཚོགས་སྒེར་ཁག་ལ་སོ་ཉུལ་དང་། དྲྭ་ཐོག་བཙན་རྒོལ། སྤྱི་ཚོགས་དྲྭ་རྒྱའི་ཁ་བྱང་རྫུན་བཟོ་བྱས་ཏེ་སྤྱི་ཚོགས་དཀྲུག་རྒྱུའི་ལས་ཀ་རྒྱ་ཡན་དུ་བྱེད་བཞིན་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། འོས་བསྡུའི་སྐབས་སུ་ངོ་དེབ་ལྟ་བུའི་སྤྱི་ཚོགས་དྲྭ་ལམ་སྟེང་། དོ་བདག་གི་པར་མེད་པའི་དྲྭ་གནས་རྫུན་བཟོ་བྱས་ཏེ། དེ་ཚོའི་ནང་དུ་ཤོག་ཁག་གཅིག་གི་རྒྱབ་སྐྱོར་བ་ཡིན་ཁུལ་གྱིས་གཞན་ཕྱོགས་དེར་གཞི་མེད་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱེད་པ་དང་། ཡང་གཞན་ཞིག་གིས་ཕ་རོལ་པོའི་ཕྱོགས་གཏོགས་ཡིན་ཁུལ་གྱིས་ཚུར་རོལ་པོར་ཚིག་རྩུབ་ངན་སྨྲས་ཚད་མེད་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད། སྤྱི་ཚོགས་དྲྭ་གནས་དེ་དག་ལ་ཞིབ་ཏུ་བལྟས་ན། དོ་བདག་མི་སྒེར་གྱི་དྲྭ་གནས་མིན་པ་གསལ་པོ་རྟོགས་ཐུབ་སྟེ། དེའི་ནང་རང་ཉིད་སུ་ཡིན་ངོ་ཐག་ཆོད་པའི་པར་མེད་ལ། ནང་དོན་ཚང་མ་སྤྱི་ཚོགས་དཀྲུག་རྐྱེན་གྱི་གཏམ་འཆལ་ཤ་སྟག་ཡིན་པ་མ་ཟད། དྲྭ་གནས་དེ་རིགས་སྐབས་རེ་བརླག་ཅིང་སྐབས་རེ་ཐོལ་བྱུང་དུ་འཆར་བས་བརྟན་པོ་མེད། དེས་ན། དྲྭ་གནས་དེ་རིགས་ཀྱི་རྒྱབ་ཏུ་ཕྱིའི་སྟོབས་ཤུགས་ཀྱི་ལག་པ་ཡོད་པ་གསལ་པོ་ཡིན་ལ། ལག་དམར་དེ་ནི་རྒྱ་ནག་གཞུང་གི་ཡིན་པ་སྨོས་ག་ལ་དགོས།

མཇུག་བསྡུ།

དེ་ལྟ་བས་ན། བཙན་བྱོལ་བོད་མི་རྣམས་ཀྱིས་འོས་བསྡུའི་སྐབས་ནང་ཁུལ་ང་རྒྱལ་གཞན་ཕམ་གྱི་འཐབ་རྩོད་ཁྲོད་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་དང་། རྒྱ་ནག་གིས་ཆེད་མངགས་བཙན་བྱོལ་སྤྱི་ཚོགས་དཀྲུག་ཆེད་སྤེལ་བའི་དཀྲུག་ཤིང་བཅས་ཕྱི་ནང་གི་ཤུགས་རྐྱེན་གཉིས་ལ་དོ་གཟབ་ཀྱིས་གདོང་ལེན་བྱ་རྒྱུ་དེ་ཐུན་མོང་གི་ལས་འགན་ཆེན་པོ་ཞིག་ཡིན། བཙན་བྱོལ་བོད་མི་ནང་ཁུལ་ཤོག་ཁག་ཕན་ཚུན་དབྱེན་སྦྱོར་ཆེ་བའི་གཏམ་བཤད་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་བྱས་པར་བརྟེན་འོས་བསྡུའི་བརྒྱུད་རིམ་ལ་གནོད་ཉེན་ཆེ་ཞིང། རྒྱ་ཆེ་ས་ནས་སྤྱི་ཚོགས་ཁྱོན་ཡོངས་དུམ་བུར་འགྲོ་བའི་ཉེན་ཁ་ཡོད། དེས་ན། འོས་བསྡུའི་ནང་ཞུགས་མཁན་ཆབ་སྲིད་མི་སྣ་དང་། རྒྱབ་སྐྱོར་བ་རྣམས་ཀྱིས་འཕྲལ་གྱི་ཆབ་སྲིད་ཀྱི་ཁེ་ཕན་ཟུར་དུ་བཞག་ནས་ཕུགས་རྒྱང་རིང་པོར་བསམ་ཤེས་ཀྱིས་འཆལ་གཏམ་དང་། མི་སྒེར་ལ་གཞི་མེད་སྐྱོན་འཛུགས། ཆེད་མངགས་ཁུངས་ལུང་མེད་པའི་རྫུམ་གཏམ་ཁྱབ་སྤེལ་གཏང་རྒྱུར་དོ་གཟབ་ནན་ཏན་གནང་དགོས།

དེ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་འོས་བསྡུར་ཕྱིའི་སྟོབས་ཤུགས་ཀྱིས་ཀྱང་འགལ་རྐྱེན་བར་ཆད་བཟོ་ཐབས་ལས་འགུལ་རྩོམ་བཞིན་ཡོད་པ་ཤེས་དགོས། རྒྱ་ནག་གཞུང་གིས་ད་བར་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་གནོད་པའི་ལས་འགུལ་སྣ་མང་བརྩམས་དང་རྩོམ་བཞིན་ཡོད་པ་མ་ཟད། ལྷག་པར་འོས་བསྡུ་ལྟ་བུའི་འཁྲུག་གཞི་ཆེ་བའི་དུས་སྐབས་སུ་དྲྭ་ཐོག་གནས་ཚུལ་ལོག་པ་འགྲེམས་སྤེལ་གྱིས་མི་མང་ནང་ཁུལ་འགལ་ཟླ་བཟོ་བ་དང་། མིང་མེད་པའི་དྲྭ་གནས་རྫུན་བཟོ་བྱེད་པ་སོགས་ཀྱི་ལམ་ནས་མང་ཚོགས་ཀྱི་བསམ་ཚུལ་འགྱུར་བ་གཏོང་ཐབས་ཀྱི་ལས་འགུལ་རྣམ་པ་འདྲ་མིན་སྤེལ་གྱི་ཡོད།

དེ་ལྟ་བུའི་ཕྱི་ནང་གི་གནས་ཚུལ་ལོག་སྤེལ་གྱི་ལས་འགུལ་ལ་གདོང་ལེན་བྱེད་པར། ཐོག་མར་མང་ཚོགས་ཁྲོད་དེ་ལྟ་བུའི་གནས་ཚུལ་ལོག་པ་ཁྱབ་འཕེལ་འགྲོ་ཚུལ་དང་། དེའི་རྗེས་འབྲས་སྐོར་གོ་རྟོགས་སྤེལ་ནས་དོ་གཟབ་དགོས་རྒྱུའི་ལམ་སྟོན་བྱེད་དགོས་པ་དང་། དེ་བཞིན་མི་མང་ལ་དྲྭ་རྒྱ་སྤྱི་དང་ལྷག་པར་སྤྱི་ཚོགས་དྲྭ་རྒྱའི་བདེ་འཇགས་དང་དེའི་ནང་གི་གནས་ཚུལ་བདེན་རྫུན་དབྱེ་འབྱེད་བྱེད་ཐབས་ཀྱི་གོ་རྟོགས་སྤེལ་དགོས། ཁྱབ་གདལ་འགྲོ་བཞིན་པའི་བདེན་པ་མིན་པའི་གནས་ཚུལ་མང་པོ་ཞིག་ནི། ཚོར་སྣང་སྐྱེན་པའི་གནད་དོན་རིགས་ཡིན་པས། མི་མང་ངོས་ནས་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་ལམ་དུ་དེ་ལྟ་བུའི་ཚོར་སྣང་སྐྱེན་པའི་གནས་ཚུལ་རིགས་མཐོང་དུས། འཕྲལ་དུ་བརྒྱུད་སྤེལ་མ་བྱས་པར་ཐོག་མར་བདེན་པ་ཡིན་མིན་དཔྱད་ཞིབ་བྱ་དགོས། དེ་བཞིན་གསར་ཁང་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བདེན་པ་མིན་པའི་གནས་ཚུལ་ཁྱབ་གདལ་ཤུགས་ཆེ་འགྲོ་གི་ཡོད་ན། དེ་ཉིད་བདེན་པ་ཡིན་མིན་རྩད་ཞིབ་ཀྱིས་དངོས་བདེན་གསལ་བཤད་བྱ་རྒྱུར་འགན་ཁུར་རྒྱུ་གལ་གནད་ཆེ།

མདོར་ན། འོས་བསྡུའི་སྐབས་ཕྱིའི་སྟོབས་ཤུགས་ཀྱི་ཐེ་བྱུས་ལ་དོགས་ཟོན་སྔོན་འགོག་དང་། ནང་ཁུལ་དྲང་བདེན་དང་། བསམ་ཤེས། འགན་ཁུར་ལྡན་པའི་བགྲོ་གླེང་གི་ལམ་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དང་། སྤྱི་ཚོགས་ཆིག་སྒྲིལ་བརྟན་སྲུང་དགོས་རྒྱུ་གནད་ཀྱི་དམ་པ་ཡིན།།

མཆན། གོང་བཀོད་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༧ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese