བོད་མིའི་སྒྲིག་འཛུགས་ཀྱིས་དབུ་འཁྲིད་དེ་འཛམ་གླིང་རང་བཞིན་གྱིས་བྱམས་བརྩེའི་ལོ་སྲུང་གཙི་ཞུས།
ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་མཛད་སྒོའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་སྐབས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་ནས་བཟུང་བྱམས་བརྩེའི་ལོར་སྲུང་གཙི་ཞུ་བའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་གྱི་༧སྐུའི་འཁྲུངས་སྐར་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཛད་སྒོ་ཟབ་རྒྱས་འཚོགས་ཡོད་པ་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་དགོན་སྡེ་ཁག་དང་གཞིས་ཆགས་ཁག ཕྱི་རྒྱལ་གྱི་བཙན་བྱོལ་བོད་མིའི་འདུས་སྡོད་ཁུལ་དུ། ༸གོང་ས་མཆོག་གི་རླབས་ཆེའི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་ལ་བགྲོ་གླེང་དང་གོ་རྟོགས་སྤེལ་བའི་ལས་རིམ་གྱི་གཙོས་༧གོང་ས་མཆོག་ནས་ལྗགས་རྩོམ་མཛད་པའི་ཕྱག་དེབ་དང་སྐུ་པར་འགྲེམས་སྟོན། བརྟན་བཞུགས་བསྟར་འབུལ། གློག་བརྙན་གཟིགས་འབུལ། ༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ། རྐང་འཁོར་སྐོར་སྐྱོད། ཁོར་ཡུག་གཙང་བཟོ། སྨན་སྦྱིན། དེ་བཞིན། སྲོག་བླུ་དང་སྦྱིན་གཏོང་། མགོན་པོ་གང་ཉིད་དང་འབྲེལ་བའི་དཔེ་དེབ་གསར་རྩོམ། མཁས་པའི་བགྲོ་གླེང་སོགས་ཀྱི་ལས་རིམ་མི་འདྲ་བ་ ༡༥༠ ལྷག་གི་ཐོག་ནས་བྱམས་བརྩེའི་ལོའི་སྲུང་གཙི་ཞུས་དང་ཞུ་བཞིན་ཡོད་ལ། བོད་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་པ་དང་སོག་པོ་སོགས་ནས་ཀྱང་གོ་སྟོན་སྲུང་གཙི་ཞུས། དམིགས་བསལ་ཨ་རིའི་གྲོས་ཚོགས་དང་ཨོ་གླིང་། ཨི་ཊ་ལི། དབྱིན་ཡུལ། ཧྥ་རན་སི། སུད་སི་སོགས་ཀྱི་གྲོས་ཚོགས་ནང་དུའང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དང་ས་གནས་སྐུ་ཚབ་དོན་ཁང་། དེ་བཞིན་བོད་རིགས་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག་བྱམས་བརྩེའི་ལོ་སྲུང་གཙི་ཞུས། བྱམས་བརྩེ་ལོ་འདི་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༧ ཚེས་ ༦ བར་ལོ་འཁོར་མོ་ཞིག་གི་རིང་སྲུང་གཙི་ཞུ་བཞིན་ཡོད་པ་རེད།
རྩིས་ལོའི་ནང་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པར་ཧིན་སྒོར་ ༣,༣༠༤,༠༡༧,༣༠༧ བཀའ་འཁྲོལ་རྒྱབ་གཉེར་གནང་།
ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༣༡ བར་ཉིན་གྲངས་ ༡༣ རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་འཚོགས་ཡོད་ཅིང་། ཚོགས་དུས་དགུ་བའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་ཧིན་སྒོར་ ༡,༠༧༤,༨༣༤,༢༠༥ དང་། ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་ཧིན་སྒོར་ ༢,༢༢༩,༡༨༣,༡༠༢ བཅས་ཁྱོན་བསྡོམས་ཧིན་སྒོར་ ༣,༣༠༤,༠༡༧,༣༠༧ བཀའ་འཁྲོལ་གཏན་འབེབས་གནང་། དེ་བཞིན། སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་བདུན་གྱི་སྔོན་རྩིས་འགྲོ་འཆར་ཧིན་སྒོར་ ༥༣,༣༦༧,༦༦༨ དང་། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་གསུམ་བཅས་ཀྱི་སྔོན་རྩིས་འགྲོ་འཆར་ཧིན་སྒོར་ ༡༢,༠༡༡,༠༤༤ བཅས་ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་ཁྱོན་བསྡོམས་ཧིན་སྒོར་ ༦༥,༣༧༨,༧༡༢ བཀའ་འཁྲོལ་གཏན་འབེབས་གནང་ཡོད། ཡོང་འཆར་གྱི་ཁྲོད་དུ་རྩིས་ལོ་ ༢༠༢༥ ་་་ ༢༦ ལོའི་ནང་སྔོན་རྩིས་མ་དངུལ་ནས་ཡོང་འཆར་སྒོར་ ༡,༢༣༥,༣༨༧,༥༤༩ དང་། ཟུར་བཀོལ་ནས་ཡོང་འཆར་ཧིན་སྒོར་ ༡,༧༩༡,༠༦༠,༠༦༡ བཅས་ཁྱོན་བསྡོམས་ཧིན་སྒོར་ ༣,༠༢༦,༤༤༧,༦༡༠ ཆགས་ཡོད་ཅིང་། སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་བདུན་གྱི་སྔོན་རྩིས་ཡོང་འཆར་ཧིན་སྒོར་ ༦༤,༩༧༥,༡༩༣ དང་། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་གསུམ་བཅས་ནས་སྔོན་རྩིས་ཡོང་འཆར་ཧིན་སྒོར་ ༡༥,༩༨༡,༧༩༦ བཅས་རྩིས་ལོའི་ནང་ཁྱོན་བསྡོམས་ཡོང་འཆར་ཧིན་སྒོར་ ༨༠,༩༥༦,༩༨༩ ཆགས་ཡོད། འདི་ལོར་ཨ་རིའི་སྲིད་གཞུང་གསར་པའི་དཔལ་འབྱོར་གྱི་ལམ་ལུགས་གསར་པའི་འོག ཨ་རིའི་གཞུང་ནས་འཛམ་གླིང་ཡུལ་ལུང་གང་སའི་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་རོགས་དངུལ་ཚང་མ་བཀག་བཀྱིལ་བྱས་ཏེ་ཞིབ་འཇུག་བྱས་རྗེས། རོགས་དངུལ་མང་པོ་ཞིག་མཚམས་བཞག་པར་བརྟེན། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལའང་ལས་རིམ་མང་པོ་མུ་མཐུད་དུ་འགྲོ་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་ཀྱང་ཐབས་འཚོལ་གནང་སྟེ་དཀའ་ངལ་གང་ཙམ་སེལ་ཐུབ་ཡོད་པ་རེད། དེ་བཞིན། གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་གྱི་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བཅས་ལ་བསྐྱར་བཅོས་གཏན་འབེབ་གནང་། ཕྱི་ལོ་ ༢༠༢༠ ལོར་རྩོད་རྙོག་ཆེན་པོ་བྱུང་བའི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༦༩ པ་གཞི་རྩའི་ཐོབ་ཐང་ལག་བསྟར་ཡོང་བའི་བདེ་སྙན་གྱི་ནང་གསེས་ ཏ། ཁྲིམས་ཀྱིས་ངོས་བཞེས་པ་དེ་ནང་གསེས་ཀྱི་དོན་ཚན་ཙམ་དུ་བཞག་ན་འགྲིག་མིན་སོགས་ཀྱི་བསམ་ཚུལ་མང་པོ་བྱུང་རྗེས་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་པར་ཕྱིར་བསྡུ་བྱས།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་བསྐོ་གཞག་དང་དམ་འབུལ།
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༩ ཉིན་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་དགུ་པའི་ལས་ཉིན་ ༡༢ སྟེང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་གཉིས་ལ་གསང་བའི་འོས་འཕངས་ཏེ། ཡེ་ཤེས་དབང་མོ་ལགས་སུ་འོས་གྲངས་ ༣༡ ཐོབ་སྟེ། ཁོང་མོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ཁྲིམས་ཞིབ་པ་ཆེ་བ་ཐོག་མ་དེ་ཆགས། དེ་བཞིན་ཁྲིམས་ཞིབ་པ་གཞན་གྱི་འོས་མིར་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་དབུ་དཀར་ཚང་གཡུ་སྒྲོན་ལགས། ཕུར་བུ་རྡོ་རྗེ་བཅས་ལས་ཟླ་བ་ཕུན་སྐྱིད་ལགས་སུ་འོས་གྲངས་ ༢༥ ཐོབ། དེ་བཞིན་བཀའ་ཟུར་འཕགས་པ་ཚེ་རིང་ལགས་སུ་་དང་རྒྱ་རི་སྐལ་བཟང་ཚེ་དབང་གཉིས་ལས་འཕགས་པ་ཚེ་རིང་ལགས་སུ་འོས་གྲངས་ ༣༡ ཐོབ། གཞན་ཡང་། སྤྱི་ཁྱབ་རྩིས་ཞིབ་པའི་འོས་མི་བསམ་གཏན་ནོར་བུ་ལགས་དང་བཀྲ་ཤིས་སྟོབས་རྒྱལ་ལགས་གཉིས་ལས་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༣༢ ཐོབ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༧ ཉིན་ཁྲིམས་ཞིབ་པ་གསུམ་དང་སྤྱི་ཁྱབ་རྩིས་ཞིབ་པ་བཅས་ནས་གཞུང་འབྲེལ་ལས་འཁུར་དམ་འབུལ་ཞུས་ཤིང་། ཕྱི་ཟླ་ ༤ ཚེས་ ༢༡ ཉིན་ཁྲིམས་ཞིབ་པ་གསུམ་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་གྲོས་ཚོགས་སྟེང་སྤྱི་འཐུས་རྒྱུན་ལས་ནས་གྲོས་འཆར་བསྣམས་ཕེབས་པ་བཞིན་ངོ་ཡོད་སྤྱི་འཐུས་གྲངས་ ༣༡ གིས་རྒྱབ་སྐྱོར་བྱས་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དུས་གཅིག་ཏུ་གནས་དབྱུང་བཏང་བར་བརྟེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་དང་སེམས་འཚབ་སྐྱེ་གཞི་ཆེན་པོ་བྱུང་ཡོད་པས་ཁྲིམས་ཞིབ་པ་རྣམས་བསྐོ་གཞག་བྱུང་བར་རྒྱ་ཆེའི་མང་ཚོགས་ནས་དགའ་བསུ་ཆེན་པོ་ཐོབ།
འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་སློབ་ཚང་མས་རྒྱུགས་འཕྲོད།
འདི་ལོ་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་རྒྱ་གར་དབུས་ཡིག་རྒྱུགས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་ལྟར། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་བདུན་དང་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༤ དེ་བཞིན། མ་སི་རི་བོད་ཁྱིམ་གྱི་སློབ་གྲྭ་ཁག་གཉིས་བཅས་ཁྱོན་བཙན་བྱོལ་བོད་མིའི་སློབ་གྲྭ་ ༢༣ མཉམ་ཞུགས་བྱས་ཤིང་། འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཁྱོན་ ༤༡༦ དང་མ་སི་རི་བོད་ཁྱིམ་གྱི་སློབ་མ་གྲངས་ ༡༣༧ ། བོད་སློབ་འཛིན་ཚོགས་ཀྱི་སློབ་ཕྲུག་གྲངས་ ༣༨༦ བཅས་ཁྱོན་སློབ་ཕྲུག་གྲངས་ ༩༣༩ མཉམ་ཞུགས་བྱས་ཏེ། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་བརྒྱ་ཆགས་འདུག དེ་བཞིན་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ནང་བོད་ཁྱིམ་གྱི་སློབ་ཕྲུག་གྲངས་ ༥༤༩ དང་མ་སི་རི་བོད་ཁྱིམ་གྱི་སློབ་མ་གྲངས་ ༡༣༦། བོད་སློབ་འཛིན་ཚོགས་ཀྱི་སློབ་ཕྲུག་གྲངས་ ༣༦༩ བཅས་ཁྱོན་སློབ་ཕྲུག་ ༡༠༥༤ མཉམ་ཞུགས་བྱས་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༢༦ དང་ཡིག་རྒྱུགས་འཕྲོད་མེད་པའི་སློབ་མ་གཉིས་ལས་བྱུང་མི་འདུག དེ་བཞིན། ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་ལོན་མཁན་བོད་ཁྱིམ་གྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་སློབ་མ་ ༡༧ དང་མ་སི་རི་བོད་ཁྱིམ་གྱི་སློབ་མ་གྲངས་ ༤ ། བོད་སློབ་འཛིན་ཚོགས་ཀྱི་སློབ་མ་གྲངས་ ༤༢ བཅས་ཁྱོན་སློབ་ཕྲུག་གྲངས་ ༦༣ གྱིས་བརྒྱ་ཆ་ ༩༠ ཡན་བླངས་འདུག རྩིས་ལོའི་ནང་ཤེས་རིག་ལས་ཁུངས་ཀྱི་འབུར་དུ་ཐོན་པའི་ལས་དོན་ཁག་ཅིག་ནི། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་དྲུང་ཆེ་རྣམ་གཉིས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚང་མའི་ནང་གཟིགས་ཞིབ་གནང་ཡོད་པ་དང་། ཤེས་རིག་བརྡ་ཆད་ཚན་པས་རིག་ཚན་མི་འདྲ་བའི་ཐ་སྙད་ཁྱོན་ ༢༠༠༠༠ ལྷག་གཏན་འབེབ་ཀྱིས་སྤྱི་ཚོགས་ནང་འགྲེམས་སྤེལ་གནང་ཡོད་པ་མ་ཟད། འདས་པའི་ལོ་གཉིས་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༠ ནང་ཐ་སྙད་ཚོགས་ཆུང་གསར་འཛུགས་གནང་། དེ་བཞིན་ལོ་རེར་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ནང་བོད་པའི་སློབ་ཕྲུག་གཅིག་གདན་ཞུའི་ཐོག་གཏམ་བཤད་གནང་བའི་གོ་སྐབས་ཐོབ། ཕྱི་ལོ་ ༢༠༢༥ ལོར་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་གནང་བའི་སློབ་གྲྭ་ཁག་གི་སྔོན་འགྲོ་དང་དམའ་རིམ་དགེ་རྒན་ཆོད་གན་རྣམས་ཀྱི་ནང་ནས་ཆ་རྐྱེན་ཚང་བ་རྣམས་གཏན་འཇགས་བཟོས་གནང་ཡོད་པ་དང་། འབྲིང་རིམ་དང་མཐོ་རིམ་དགེ་རྒན་ཆ་རྐྱེན་ཚང་མ་རྣམས་ཀྱང་རིམ་གྱིས་གཏན་འཇགས་བཟོ་རྒྱུ་ཡིན་འདུག གཞན་ཡང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ ༩༠ ཡི་དགེ་རྒན་གྲངས་ ༣༢༥ ལ་དྲ་ལམ་ཟབ་སྦྱོང་ཕུལ་བ་དང་། སུད་སི་དང་འཇར་མན། ཨི་ཊ་ལི། ནེའུ་ཛི་ལེན་ཌི། ཨོ་སི་ཊི་རི་ཡ་གཟའ་མཇུག་སློབ་གྲྭ་བཅས་ལ་དངོས་སུ་ཟབ་སྦྱོང་ཕུལ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ།
ཕྱི་ཟླ་ ༦ ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་འཚོགས་ཡོད་ཅིང་། ཚོགས་ཆེན་སྟེང་འཛམ་གླིང་རྒྱལ་ཁབ་ ༢༩ ཡི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་ ༡༤༢ ཡིས་མཉམ་ཞུགས་གནང་། ཚོགས་ཆེན་སྟེང་བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད། རྒྱལ་ཁབ་ཁག་གིས་བོད་མི་རྣམས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། རང་དབང་། བོད་མིའི་སྒྲིག་འཛུགས་ལ་ཕྱི་ནང་གཉིས་ཀའི་ཐོག་ནས་རྒྱབ་སྐྱོར་གནང་བ་སོགས་བཀོད་པའི་བསྒྲགས་གཏམ་དོན་ཚན་ ༢༤ སྤེལ་ཡོད་པ་དང་། དེ་བཞིན་གྲོད་ཆོད་དོན་ཚན་ ༦ གཏན་འབེབས་གནང་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་རྒྱལ་སྤྱིའི་ཐོག་སྲུང་གཙི་ཞུ་རྒྱུ་དང་། ༧གོང་ས་མཆོག་ནས་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་མི་ཉམས་རྒྱུན་འཛིན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་སླད་ཕྱག་ལས་གནང་བར་ཆེ་བསྟོད་དང་ཁྱབ་སྤེལ་གནང་ཐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གྱི་བདག་དབང་༧གོང་ས་མཆོག་སྐུ་སྒེར་དང་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པ་སོགས་བཀོད་ཡོད་པ་རེད། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་རིམ་པའི་གྲོས་ཆོད་ཀྱི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ནི་ཡ་སི་ (Dainius Zalimas) ལགས་ཀྱི་སྣེ་ཁྲིད་འོག ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་གྲོས་ཚོགས་འཐུས་མི་ ༢༠ ལྷག་གི་རྒྱབ་སྐྱོར་འོག་ནས་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་། དེ་བཞིན། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༤ ཉིན་དབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པ་དང་རྙིང་ཞེན་ཚོགས་པ། སི་ཀོ་ཊ་ལེནྜ་རྒྱལ་ཡོངས་ཚོགས་པ་བཅས་ཀྱིས་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་། ཕྱི་ལོ་ ༢༠༢༥ ལོའི་བོད་ཀྱི་དམངས་གཙོའི་དུས་དྲན་ཐེངས་ ༦༥ པ་དང་བསྟུན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གསར་འཛུགས་གནང་།
༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་ཁྲིམས་ཡིག་ཁག་ཅིག་གཏན་འབེབ་བྱས།
ཕྱི་ཟླ་ ༩ ཚེས་ ༡༠ ནས་ ༡༨ བར་ཉིན་གྲངས་བརྒྱད་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་སྟེ་ལས་བསྡོམས་གྲོས་ཚོགས་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་༧སྐུའི་གོ་སྟོན་དང་བསྟུན་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་དོན་དོན་ཚན་ ༥ སྤྱི་མོས་གཏན་འབེབ་བྱས། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བཀའ་ཤག སྤྱི་འཐུས། སྤྱི་ཁྱབ་རྩིས་ཞིབ་ཁང་། དབུས་འོས་བསྡུ་ལས་ཁང་། ལས་བྱེད་འདེམས་ལྷན་བཅས་ཀྱི་མཛད་གཙོ་རྣམ་པའི་གསོལ་ཕོགས་དང་ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁག དེ་བཞིན། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་གྱི་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བཅས་བསྐྱར་བཅོས་ཁྲིམས་འཆར་དོན་ཚན་ ༡༥ དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་འབྲེལ་བའི་གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་གཅིག་སོགས་གཏན་འབེབས་གནང་ཡོད། བཀའ་ཤག་གིས་བསྣམས་ཕེབས་པའི་མ་འོངས་སྔོན་འགོག་གི་འཕྲལ་སེལ་སྔོན་རྩིས་ཀྱི་བསྐྱར་བཅོས་ཁྲིམས་འཆར་ཨང་ ༢༢ པ་གཏན་འབེབ་བྱེད་པར་རྒྱབ་སྐྱོར་ཐོབ་མེད་པ་དང་། མང་མོས་ཐོག་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་ཞིག་ལ་ཞིབ་འཇུག་ཆེད་གཏོང་བའི་ཐག་གཅོད་གནང་།
ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ།
ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས། སྣང་ས་ཆོས་སྒྲོན་ལགས་བཅས་ཀྱིས། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་མགོ་འཛུགས་གནང་བའི་གསར་འགོད་ལྷན་ཚོགས་བསྡུས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༨ ནས་ཟླ་ ༡༡ ཚེས་ ༣༠ བར་བོད་མི་འདུས་སྡོད་ཀྱི་ས་ཁུལ་ ༤༥ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ས་ཁུལ་ཆེ་ཁག་ ༡༡ བཅས་ཁྱོན་ས་ཁུལ་ ༥༦ ནང་འོས་བསྡུའི་དེབ་སྐྱེལ་གནང་སྟེ། རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་ ༥༦,༧༤༩ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དེབ་སྐྱེལ་གྲངས་ ༣༤,༢༩༣ བཅས་ཁྱོན་དེབ་སྐྱེལ་གནང་མཁན་ ༩༡,༠༤༢ བྱུང་། འོས་བསྡུའི་འགན་འཛིན་རྣམ་པ་གསུམ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐོར་སྐྱོད་གནང་སྟེ་ས་གནས་སོ་སོའི་འོས་བསྡུའི་ཚོགས་མི་དང་མི་མང་ལ་ཁྱོན་ཚོགས་འདུ་ཐེངས་ ༡༠༠ བསྡུས་པའི་གྲུབ་དོན་ལྟར། འོས་བསྡུ་ལས་ཁང་ཁག་གི་ལས་དོན་བྱེད་ཕྱོགས་དང་མང་ཚོགས་ནས་འགན་འཁུར་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་བརྒྱད་ཅན་འཕར་མ་ཟུར་དུ་གཏན་འབེབས་གནང་། ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་དབུས་འོས་བསྡུ་ལས་ཁང་ནས་གསར་འགོད་ལྷན་ཚོགས་ཐེངས་གཉིས་པ་བསྐོངས་ཏེ། སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་རྐྱེན་ལོ་ལྔའི་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་བཅད་པ་གསལ་བསྒྲགས་གནང་། ཕྱི་ཟླ་ ༡༢ ཚེས་ ༣༡ བར་དུ་སྐབས་ ༡༦ པའི་སྲིད་སྐྱོང་འོས་མི་སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་ལགས་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭ་རུ་ས་ཁམས་རིག་པའི་དགེ་རྒན་ཚེ་རིང་ཕུན་ཚོགས་ལགས་བཅས་ཡོད་ལ། དེ་བཞིན་སྐབས་ ༡༧ པའི་སྤྱི་འཐུས་སུ་རྒྱ་བལ་འབྲུག་གསུམ་དང་ཨོ་སི་ཊིར་ཨེ་ཤ་ཡ། ལྷོ་བྱང་ཨ་རི། ཡུ་རོབ་དང་ལྷོ་ཨ་ཧྥེ་རི་ཁ་བཅས་ནས་སྤྱི་འཐུས་འོས་མི་ ༨༧ འདུག
བཙན་བྱོལ་ནང་སྐུ་གྲོངས་བའི་གནད་ཡོད་བོད་མི།
༸སྐུའི་གཅེན་པོ་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་ཀ་སྦུག་གི་ལྟག་མཚེར་གཟིམ་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན། ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ་མཆོད་འབུལ་སྨོན་ལམ་འཚོགས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས། དེ་རིང་འདིར་འདས་མཆོད་བསྙེན་བཀུར་བྱས་ཏེ་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་རིམ་བཞིན་སྐྱེ་གནས་བཟང་པོ་ཞིག་དང་། བོད་རིགས་རང་དུ་སྐྱེ་བ་དང་། དེའི་ནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་རྒྱུན་མཐུད་ནས་ཡོང་ཐུབ་པར་ཁོང་གིས་སྨོན་ལམ་བརྒྱབ་པ་དང་འདོད་པ་ཡོད་པ་རེད། ངོས་ཀྱི་ངོས་ནས་ཀྱང་སྨོན་ལམ་དེ་རྒྱག་གི་ཡོད། ཁོང་ལ་ཚེ་རབས་མང་པོར་༧རྒྱལ་བ་རིན་པོ་ཆེའི་འཁྲིས་ལ་བསྡད་དེ་ཞབས་འདེགས་སྒྲུབ་པའི་སྨོན་ལམ་དང་སེམས་ཤུགས་ཡོད་པ་རེད། དེར་བརྟེན། དེ་ལྟ་བུའི་སྨོན་ལམ་སྟོབས་ཆེན་པོ་དེ་འགྲུབ་པར་ཚང་མས་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས། ཁྲི་ཟུར་མཆོག་དགོངས་པ་རྫོགས་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཀ་སྦུག་གཟིམ་ཤག་ཏུ་དངོས་སུ་ཕེབས་ཏེ་མྱ་ངན་ཐུགས་གསོ་ཞུས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པི་རིམ་སིང་རྟ་མང་མཆོག་ཀ་སྦུག་སྟག་མཚེར་གཟིམ་ཤག་ཏུ་དངོས་སུ་ཕེབས་ཏེ་མྱ་ངན་ཐུགས་གསོ་ཞུས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གཙོ་བོར་གྱུར་བའི་གཞིས་ཆགས་ཁག་དང་ཚོགས་སྡེ། དེ་བཞིན་དགོན་པ་གྲྭ་ཚང་ཁག་ནས་མཆོད་འབུལ་སྨོན་ལམ་རྒྱ་ཆེན་ཞུས་ཡོད་ལ། རྒྱལ་སྤྱིའི་གསར་ལམ་ཝ་ཤིང་ཊོན་ཆ་འཕྲིན་དང་ནེའུ་ཡོག་དུས་བབ། རྒྱ་གར་ཧིན་རྡུ་དུས་བབ་སོགས་ཀྱི་ནང་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་གནད་ཡོད་ཆབ་སྲིད་མི་སྣ་ཞིག་སྐུ་གྲོངས་བའི་གནས་ཚུལ་མང་པོ་ཐོན།
བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག
ཕྱི་ཟླ་ ༥ ཚེས་ ༡ ཉིན་ཁེ་ན་ཌའི་ནང་གནས་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དྲུག་གི་བཀའ་བློན་གནང་མྱོང་བའི་བཀའ་བློན་ཟུར་པ་བཀྲ་ཤིས་དབང་འདུས་མཆོག་དགུང་གྲངས་ ༧༨ སྟེང་སྐུ་གཟུགས་བདེ་མིན་རྐྱེན་གྱིས་སྐུ་གྲོངས་ཡོད་པ་དང་། ཟླ་དེའི་ཕྱི་ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་རྗེས་དྲན་མཚོན་ཆེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་འཚོགས་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དང་བདེ་སྲུང་བཀའ་བློན་གཅིག་ལྕོགས་རྒྱ་རི་སྒྲོལ་མ་མཆོག་གིས། དམ་པ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་དང་སྦྲགས། ཁོང་གིས་སྐུ་ཚེ་གང་བོར་བོད་བསྟན་སྲིད་ཀྱི་ཆེད་དུ་སྲི་ཞུ་བསྒྲུབས་པར་བསྔགས་བརྗོད་གནང་བ་དང་འབྲེལ། ཁོང་གི་ཁ་ཆེམས་དུ་ནམ་རྒྱུན་ལྟར་ལས་བྱེད་པ་རྣམས་ཀྱི་ལས་དོན་ལ་བརྡབ་གསིག་མི་འགྲོ་སླད། གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོག་མི་དགོས་རྒྱུར་དགོངས་པ་བཞེས་རོགས་གནང་ཞེས་གསུངས་ཡོད་པ་ལྟར། བཀའ་ཤག་གིས་བཀའ་ཟུར་མཆོག་གི་ཞལ་ཆེམས་བཞིན་ལས་ཁུངས་ཁག་སྒོ་བརྒྱབ་ནས་མཆོད་འབུལ་སྨོན་ལམ་འཚོགས་མི་དགོས་པ་བྱས་ཡིན་པའི་གསལ་བསྒྲགས་གནང་ཡོད་ལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༦ ཚེས་ ༧ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བཀའ་ཟུར་དམ་པ་བཀྲ་ཤིས་དབང་འདུས་མཆོག་གིས་བརྩམས་པའི་ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས་ཞེས་པའི་དཔེ་དེབ་ཅིག་ཀྱང་དབུ་འབྱེད་གནང་།
བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག
ཕྱི་ཟླ་ ༩ ཚེས་ ༧ ཉིན་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་སྙུང་གཞིའི་རྐྱེན་གྱིས་དྷ་རམ་ས་ལའི་རང་ཁྱིམ་དུ་སྐུ་གྲོངས། ཟླ་དེའི་ཕྱི་ཚེས་ ༨ ཀྱི་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་རེད། བཀའ་ཟུར་དམ་པ་ཁོང་ནི། ཕྱི་ལོ་ ༡༩༦༠ ཟླ་བ་ ༧ ཚེས་ ༡ ཉིན་སྟོད་རོང་ཤར་དུ་འཁྲུངས་ཤིང༌། ཕྱི་ལོ་ ༡༩༨༡ ལོར་མ་སུ་རི་གཏན་སློབ་ནས་འཛིན་རིམ་ ༡༢ ཐོན་རྗེས་ཕྱི་ལོ་ ༡༩༨༣ ལོར་ཅན་དྷི་གྷར་མཐོ་སློབ་ནས་ B.Com དང་། ཕྱི་ལོ་ ༡༩༩༢ ལོར་སིམ་ལ་གཙུག་ལག་སློབ་ཁང་ནས་ M.Com ཐོན། ཕྱི་ལོ་ ༡༩༨༤ ཟླ་ ༡༢ ཚེས་ ༡ ཉིན་ནས་རྩིས་ཞིབ་ལས་ཁང་གི་རྒན་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༡ ཟླ་ ༧ ཚེས་ ༢ ནས་དྲུང་གཞོན། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡ ཉིན་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡༠ ནས་ཨ་རིར་ལོ་གཅིག་རིང་སློབ་བསྐྱོད། ཕྱི་ལོ་ ༡༩༩༤ ཟླ་ ༡༠ ཚེས་ ༣ ནས་རྩིས་ཞིབ་ཟུང་དྲུང་དུ་བསྐོ་གཞག ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༡ དྲུང་ཆེ་ལས་འཕར་དུ་གནས་སྤར་དང་སྦྲགས་རྩིས་ཞིབ་དྲུང་འཕར་དུ་བཀོད་སྒྲིག ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༢༠ ཉིན་གནས་རང་འཇགས་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༧ དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཤེས་རིག་དྲུང་ཆེར་བསྐོ་གཞག ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༡༢ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༤ ཉིན་ནས་བཀའ་ཤག་སྐབས་ ༡༣ པའི་བཀའ་བློན་དུ་འདེམས་ཐོན་བྱུང་སྟབས། གཞུང་ཞབས་ཁོངས་ནས་རྒས་ཡོལ་སྔ་བསྣུར་ཞུས།
དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག
ཕྱི་ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ དང་སྐར་མ་ ༥༥ ཡས་མས་ཤིག་ལ་དགའ་ལྡན་ཁྲི་ཟུར་༸སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་ ༩༠ སྟེང་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་བྱེས་གྲྭ་ཚང་གི་གཟིམ་ཆུང་དུ་ཕོ་བའི་སྙུང་གཞི་ཡི་རྐྱེན་གྱིས་དགོངས་པ་རྫོགས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གཙོས་མཉམ་མེད་རི་བོ་དགེ་ལུགས་པའི་བསྟན་འགྲོ་སྤྱི་དང་རིས་སུ་མ་མཆིས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་དགོན་སྡེ་དང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་དང་ནང་པའི་ཚོགས་སྡེ་ཁག་ནས་མཆོད་འབུལ་སྨོན་ལམ་ཞུས། ༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། ཕྱི་ལོ་ ༡༩༣༥ ལོར་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས་པ་དང་། དགུང་ལོ་བཅུའི་སྐབས་ལྷ་རྩེ་ཆོས་སྡེ་དགོན་དུ་སྒྲིག་ཞུགས་ཀྱིས་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགོན་པའི་སྒྲིག་སྲོལ་སྤྱི་མཚུངས་ལྟར་ཆོས་སྤྱོད་རབ་གསལ་དང་རྒྱན་འཇུག་གཉིས་སོགས་ཐུགས་འཛིན་དང་བློ་རྟགས་སོགས་ལ་སྦྱངས་པ་གནང་། ༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་མཛད་པའི་ཕར་ཕྱིན་དང་། དབུ་མ། འདུལ་མཛོད་བཅས་ཀྱི་རང་ལུགས་གང་ཡིན་ཐུགས་འཛིན་གནང་སྟེ་འདུས་མང་དབུས་སུ་ཚོགས་རྒྱུགས་ཕུལ། དགུང་ལོ་བཅུ་དྲུག་ཐོག་བོད་ཀྱི་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་སྒྲིག་ཞུགས་གནང་། ཕྱི་ལོ་ ༡༩༦༠ ལོར་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ནས་སྦག་ས་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་དུ་བཞུགས་ནས་སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་རིན་པོ་ཆེ་དང་། ༸སྐྱབས་རྗེ་ཟོང་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་འདུལ་ཊཱིཀ་ཉི་མའི་འོད་ཟེར་དང་། རིན་ཆེན་ཕྲེང་བ། མཆིམས་མཛོད་སོགས་འདུལ་མཛོད་ཀྱི་གཞུང་ཆེན་ལྷག་མ་རྣམས་ལ་གསན་སྦྱོང་མཛད་པ་དང་། ཕྱི་ལོ་ ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། ཕྱི་ལོ་ ༡༩༨༡ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་རིན་པོ་ཆེ་སྤྱི་བོར་ཕེབས་པ་དང་། ༧་གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱུད་གྲྭ་པ་རྣམས་ཀྱི་ཆེད་དུ་སྔགས་དང་མཚན་ཉིད། རིག་གནས། སྐད་ཡིག་གཞན་སོགས་ཀྱི་སློབ་ཚན་གཏན་འབེབས་དང་སློབ་གྲྭ་གསར་བཙུགས་གནང་། ཕྱི་ལོ་ ༢༠༡༠ ལོར་བྱང་རྩེ་ཆོས་རྗེའི་མཛད་འགན་བཞེས། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༤ ཉིན༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་གཞག་ཕྱག་རྟགས་བསྩལ་བ་ལྟར། དགའ་ལྡན་གྱི་ཁྲི་པར་ཕེབས་ཏེ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་ལོ་ངོ་བདུན་རིང་བསྟན་འགྲོའི་དོན་དུ་དགའ་ལྡན་ཁྲི་པའི་མཛད་འགན་བཞེས།
དེ་བཞིན། ཕྱི་ཟླ་ ༢ ཚེས་ ༢ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་ལགས་སྐུ་གྲོངས་པར་གཞུང་འབྲེལ་མཆོད་འབུལ་སྨོན་འཚོགས། ཡང་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་བོད་མི་མང་སྤྱི་ཟུར་སྨན་པ་ཐོགས་མེད་ལགས་དང་། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་རྣམ་གཉིས་སྔ་གཞུག་ཏུ་སྐུ་གྲོངས།
ཕྱི་ལོ་ ༢༠༢༥ ལོར་གཟེངས་རྟགས་ཐོབ་པའི་ཚོགས་སྡེ་དང་མི་སྒེར།
ཆུ་བཞི་སྒང་དྲུག་ཅེས་པའི་བོད་ཀྱི་གློག་བརྙན་ལ་གདངས་ཡག་ཤེས་ཀྱི་གཟེངས་རྟགས་ཐོབ།
ཕྱི་ཟླ་ ༤ ཚེས་ ༢༡ ནས་ ༢༧ བར་ཨ་རིའི་ལོ་ཝ་མངའ་སྡེའི་དྷུ་བྷུ་འུག་(dubuque ) ཏུ་འཚོགས་པའི་ཕྱི་ལོ་ ༢༠༢༥ ལོའི་ཇུ་ལེན་དྷུ་བྷུ་འུག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Julien Dubuque International Film Festival 2025) ཐོག ཨ་རིའི་རྒྱལ་ཡོངས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད། བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་ཀྱིས་བཟོ་སྐྲུན་བྱས་པའི་ཆུ་བཞི་སྒང་དྲུག་(Four Rivers Six Ranges ) ཅེས་པའི་གློག་བརྙན་ལ་གདངས་(Soundtrack) ཡག་ཤོས་ཀྱི་གཟེངས་རྟགས་ཐོབ།
༸སྐུའི་གཅེན་གཅུང་རྣམ་གཉིས་ལ་གཟེངས་རྟགས་ཕུལ།
ཕྱི་ཟླ་ ༧ ཚེས་ ༣ ཉིན་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་རྗེ་བཙུན་སྒྲོལ་མའི་སྐུ་ཡིད་བཞིན་སྒྲོལ་མའི་མཆོད་སྐོང་གཟེངས་རྟགས་རེ་ཕུལ། གཟེངས་རྟགས་དེ་༸གོང་ས་མཆོག་གཅེན་གཅུང་རྣམ་གཉིས་ནས་འདས་པའི་ལོ་ངོ་ ༧༥ ལྷག་རིང་བོད་ནང་དང་ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་རླབས་ཆེན་ཞུས་པར་ཆེ་བསྟོད་དུ་ཕུལ་བ་ཡིན་འདུག
༸སྐྱབས་རྗེ་དྭགས་པོ་རིན་པོ་ཆེར་ཧྥ་རན་སིའི་གཟེངས་རྟགས་ཐོབ།
ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཧྥ་རན་སིའི་ནང་སྲིད་ལྷན་ཁང་གིས་༸སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་བློ་བཟང་འཇམ་དཔལ་བྱམས་པ་རྒྱ་མཚོ་མཆོག་གིས་འདས་པའི་མི་ལོ་ ༦༠ ལྷག་གི་རིང་རྒྱལ་ཁབ་དེའི་ནང་སྤྱི་ཚོགས་ཞབས་འདེགས་བསྒྲུབས་པའི་མཛད་རྗེས་ལ་ཆེ་བསྟོད་སླད། ཁོང་ཉིད་ལ་ཧྥ་རན་སི་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་(Legion of Honour) ཀྱི་གཟེངས་རྟགས་རིམ་པ་ལྔ་པ་སྟེ། ན་ཡེ་ཊི་ཤ་ཝི་ལིར་(Knight Chevalier) ཞེས་པའི་གཟེངས་རྟགས་ཐོབ་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་།
ལྷག་དཀར་གཟེངས་རྟགས་དེ་ཚོགས་སྡེ་དང་མི་སྒེར་ལྔ་ལ་ཕུལ།
ཕྱི་ཟླ་ ༨ ཚེས་ ༣༠ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལོ་ལྟར་ཕུལ་སྲོལ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ། རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་དང་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དབྱངས་ཅན་ལགས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཨན་ནཱ་ (Anna Kwok) ལགས། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་བཅས་ལ་ཕུལ།
ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་གཟེངས་རྟགས་ཐོབ།
ཕྱི་ཟླ་ ༡༠ ཚེས་ ༩ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རོའུ་བྷིན་འགྲེམས་སྟོན་ཁང་གིས། ཕྱི་ལོ་ ༢༠༢༥ ལོའི་འགྲེམས་སྟོན་ཁང་དེའི་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་དེ་བོད་ཀྱི་གཞོན་སྐྱེས་སྒྱུ་རྩལ་བ་བཀྲ་ཤིས་ཉི་མ་དང་བསྟན་འཛིན་སྨིན་ལེགས། འཇར་མན་ནས་ཡིན་པའི་ལེ་ཡ་ཊག་ (Lea Take) བཅས་ལས་གྲུབ་པའི་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཐོབ་པ་ཡོངས་བསྒྲགས་བྱས།
སྐུ་ཞབས་རི་ཆར་ཌི་གྷེ་རེ་ལགས་སུ་གཟེངས་རྟགས་ཕུལ།
ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་གྷོ་ཐམ་ཚོགས་ཁང་ (Gotham Hall) དུ། བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆར་ཌེ་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ (Visionary Award) ཞེས་པའི་གཟེངས་རྟགས་ཐོག་མ་དེ་ཕུལ་ཡོད་ཅིང་། གཟེངས་རྟགས་དེ་ནི་བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་ཀྱིས་མི་ཚེ་ཧྲིལ་པོར་འཛམ་གླིང་ནང་དྲག་གནོན་ཐེབས་བཞིན་པའི་མི་མང་གི་གཞི་རྩའི་ཐོབ་ཐང་དང་རང་དབང་སོགས་ཀྱི་ཆེད་དུ་བདེན་པའི་འཐབ་རྩོད་གནང་བ་དང་། ལྷག་པར་དུ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐུ་ལས་བསྐྱོན་པ་སོགས་ལ་ཆེ་བསྟོད་ངོས་འཛིན་མཚོན་སླད་དུ་ཕུལ་བ་ཞིག་ཡིན་འདུག
ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལ་སྙིང་སྟོབས་གཟེངས་རྟགས་ཕུལ།
ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད་ལས་ཁང་གི་མཐུན་འགྱུར་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བཙོན་ཁང་དུ་སྐུ་བཀྲོངས་པའི་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་ཕྱི་ལོ་ ༢༠༢༥ ལོའི་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ། ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་ཕུལ་བའི་གསལ་བསྒྲགས་གནང་།
བསྟན་འཛིན་ཆོས་རྒྱལ་ལ་ཨོ་གླིང་གི་སྒྱུ་རྩལ་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ།
ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་ཨོ་གླིང་གི་སྒྲ་ཕབ་ལས་བཟོ་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་ཨ་རེ་ཡ་ (Aria) གླུ་གཞས་སྒྱུ་རྩལ་གཟེངས་རྟགས་གནང་བའི་ཁྲོད། ཨོ་གླིང་དུ་གནས་སྡོད་བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་ནམ་མཁའི་སྡུར་སྒྲ་ཞེས་པའི་ཆེད་སྒྲིག་ལ་དེང་རབས་ཆེད་སྒྲིག་ཡག་ཤོས་ཀྱི་བྱ་དགའ་ཐོབ། ཆོས་རྒྱལ་ལགས་ཀྱི་ཁ་བའི་མེ་ཏོག་ཡང་ཕྱི་ལོ་ ༢༠༢༥ ལོའི་ཨ་རེ་ཡ་ (Aria) གླུ་གཞས་སྒྱུ་རྩལ་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་ཡོད་ལ། ཕྱི་ལོ་ ༢༠༢༠ ལོར་ཁོང་གི་བརྩམས་ཆོས་བར་དོ་ཞེས་པ་རྒྱལ་སྤྱིའི་གྷེ་རམ་མེ་ (Grammy) གཟེངས་རྟགས་ཀྱི་ཁོངས་སུ་ཚུད་མྱོང་།
གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་འབུམ་རམས་པ་གཉིས་ལ་ཕུལ།
ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་ཡུ་རོབ་རྒྱལ་ཁབ་འཇར་མན་གྱི་བྷར་ལིན་ (Berlin) གྲོང་ཁྱེར་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་འབུམ་རམས་པ་ལྕམ་སོ་ཧྥི་རི་ཆར་ཌི་སོན་ (Dr. Sophie Richardson) ལགས་རྣམ་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་ཕུལ། གཟེངས་རྟགས་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཆེད་དུ་ཕྱག་ལས་གནང་མཁན་དང་། ཡང་ན་ཉེན་ཁའི་ནང་ལྷུང་བའི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་སོགས་ལ་ཕུལ་སྲོལ་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ལོར་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་ལྷ་སྒྲོན་དང་ཧོང་ཀོང་རང་དབང་མཐུན་ཚོགས་(FREEDOM FOR HONG KONG)གཉིས་ལ་ཕུལ། ཕྱི་ལོ་ ༢༠༢༢ ལོ་ནས་གནང་འགོ་བཙུགས་པའི་གཟེངས་རྟགས་ཤིག་ཡིན།
ཚོགས་སྒེར་གསུམ་ལ་དམངས་གཙོའི་གཟེངས་རྟགས་ཕུལ།
ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་ (National Endowment for Democracy) གིས། ཕྱི་ལོ་ ༢༠༢༥ ལོའི་དམངས་གཙོའི་གཟེངས་རྟགས་དེ། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དང་། རྒྱ་ནག་མི་མང་གི་རང་དབང་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་རྒྱ་ནག་དྲ་རྒྱའི་དུས་བབ་ (China Digital Times)། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་གནས་པའི་ཡུ་གུར་དང་། ཁ་ཆེའི་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་མཁན་ (Campaign for Uyghurs)། ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་ཡི་ཤུའི་ཆོས་དཔོན་ཝང་ཡི་ (Wang Yi) བཅས་ལ་ཕུལ།
གསར་འགོད་པ། སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།





