རྩོམ་པ་པོ། ནགས་ཕྲན་པ་བསོད་ནམས་ཚེ་རིང་།
རྩོམ་ཁུངས། བོད་ཀྱི་དུས་བབ།
དེ་རིང་ནི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཡིན་ལ། འདི་ནི་ཕྱི་ལོ་ ༡༩༥༢ ལོར་བྷང་ག་ལའི་སློབ་མ་ཚོས་རང་གི་ཕ་སྐད་ (Bengali) གཞུང་འབྲེལ་སྐད་ཡིག་ཏུ་བཟོ་དགོས་པའི་ཞི་བའི་ལས་འགུལ་སྤེལ་སྐབས། ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་སློབ་མ་མང་པོའི་ཚེ་སྲོག་ཤོར་བའི་དོན་རྐྱེན་ལས་བྱུང་བ་ཞིག་ཡིན། འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་གི་སྐད་ཡིག་གི་ཐོབ་ཐང་ཆེད་སྲོག་བཏང་བའི་གནས་ཚུལ་ཁྱད་པར་བ་ཞིག་ཡིན་ལ། དེར་བརྟེན་ ༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་རིག་དང་ཚན་རིག རིག་གནས་ལྷན་ཚོགས་ (UNESCO) ཅེས་པས་དཔའ་བོ་དེ་དག་གི་མཛད་རྗེས་དྲན་གསོ་དང་། འཛམ་གླིང་གི་སྐད་ཡིག་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་ལ་གཞིགས་ནས་ཕྱི་ཟླ་ ༢ པའི་ཚེས་ ༢༡ ཉིན་འདི་ཉིད་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གཏན་འབེབས་བྱས། ཉིན་མོ་འདིས་སྐད་ཡིག་ནི་མི་རིགས་ཤིག་གི་ངོ་བོ་མཚོན་བྱེད་གཙོ་བོ་ཡིན་པ་དང་། སྐད་ཡིག་རེ་རེ་ནི་འཛམ་གླིང་གི་རིག་གཞུང་གི་ནོར་བུ་ཞིག་ཡིན་པའི་དྲན་སྐུལ་བྱེད་ཀྱི་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་འཛམ་གླིང་ཕ་སྐད་ཉིན་མོ་སྲུང་བརྩིའི་ལས་རིམ་སྤེལ་གྱི་ཡོད་པ་བཞིན། ད་ལོ་ ༢༠༢༦ ལོའི་ཕ་སྐད་ཉིན་མོའི་བརྗོད་གཞིར་སྐད་ཡིག་སྣ་མང་སློབ་གསོའི་སྤུས་ཚད་གོང་འཕེལ་ ཞེས་པ་བཟུང་སྟེ། དེ་རིང་ཕྱི་ཚེས་ ༢༡ ཉིན་ཧྥ་རན་སིའི་རྒྱལ་སའི་ཡུནེ་སི་ཀོ་ (UNESCO) ཡི་ལྟེ་གནས་སུ་དམིགས་བསལ་བགྲོ་གླེང་དང་། འཛམ་གླིང་ནས་ཡལ་བཞིན་པའི་སྐད་ཡིག་རྣམས་ཨང་ཀིའི་ལག་རྩལ་ (Digital Technology) ནང་སྒྲིག་བཟོ་བྱེད་པ་དང་། གོ་ལ་གཅིག་གྱུར་གྱི་འཚོ་བའི་ཁྲོད་ནས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པའི་འགྲེམས་སྟོན་སྤེལ་ནས། སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་ཀྱི་ལམ་སྟོན་བྱེད་གྱི་ཡོད། རྒྱལ་ཚོགས་ཀྱི་ངོས་ནས་སྐད་ཡིག་ནི་སློབ་གསོའི་སྤུས་ཚད་ལེགས་སྒྲུབ་བྱེད་པའི་ལག་ཆ་གཙོ་བོ་ཡིན་པར་ངོས་འཛིན་བྱེད་པ་དང་། ལྷག་པར་དུ་མི་རིགས་ཆུང་ངུ་དང་གདོད་མིའི་མི་རིགས་ཀྱི་བུ་ཕྲུག་ཚོར་རང་སྐད་ཐོག་ནས་སློབ་སྦྱོང་བྱེད་པའི་དམིགས་བསལ་ཐོབ་ཐང་སྤྲོད་དགོས་པའི་རྒྱལ་སྤྱིའི་འབོད་སྐུལ་ཤུགས་ཆེ་བྱེད་བཞིན་ཡོད། དེ་བཞིན་སྐད་ཡིག་མི་འདྲ་བ་བཀོལ་སྤྱོད་བྱས་ཏེ་འཛམ་གླིང་ནང་ཕན་ཚུན་བརྩི་བཀུར་དང་མཐུན་སྒྲིལ་གོང་འཕེལ་གཏོང་བའི་ཆེད་དུ་གཏམ་བཤད་དང་དྲིལ་བསྒྲགས་ཀྱི་བྱ་འགུལ་ཡང་སྣ་མང་སྤེལ་བཞིན་ཡོད།
ང་གནས་ཡུལ་བྷེལ་ཇམ་རྒྱལ་ཁབ་ལ་མཚོན་ན། ཧོ་ལན་གྱི་སྐད་དང་། ཧྥ་རན་སིའི་སྐད། འཇར་མན་གྱི་སྐད་བཅས་གཞུང་འབྲེལ་སྐད་ཡིག་གསུམ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། ཕ་སྐད་ཉིན་མོར་སྲིད་གཞུང་དང་ཚོགས་པ་ཁག་གིས་སྐད་ཡིག་མི་འདྲ་བའི་བར་གྱི་འདྲ་མཉམ་དང་བརྩི་བཀུར་ལ་གཙིགས་ཆེན་བྱེད། ཡོ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་དང་ས་གནས་སློབ་གྲྭ་ཁག་གིས་སྐད་ཡིག་སྣ་མང་གི་རིག་གཞུང་དུས་སྟོན་སྤེལ་བཞིན་འདུག། འོན་ཀྱང་བློ་ཕམ་པ་ཞིག་ལ། བྷེལ་ཇམ་ནང་བོད་མི་ལྔ་སྟོང་ནས་དྲུག་སྟོང་བར་ཡོད་པ་དང་ཚོགས་པ་སྡེ་ཚན་ཡང་མང་པོ་ཡོད་ཀྱང་། དེ་རིང་ཕ་སྐད་ཉིན་མོ་ཡིན་པ་ཤེས་མཁན་དང་འབྲེལ་ཡོད་ལས་འགུལ་སྤེལ་མཁན་མཐོང་རྒྱུ་མི་འདུག འདིས་ང་ཚོ་བོད་མི་ཚོས་རང་གི་སྐད་ཡིག་སྲུང་སྐྱོབ་ལ་དོ་སྣང་དང་ལ་རྒྱ་ཞན་པའི་རྣམ་པ་གསལ་པོ་མཚོན་གྱི་ཡོད་པས། མི་རིགས་ཀྱི་སྲོག་རྩ་ལྟ་བུའི་སྐད་ཡིག་ལ་བདག་པོ་མི་རྒྱག་པའི་སྣང་ཚུལ་འདི་ནི་དངོས་ནས་སེམས་ཕམ་དགོས་པ་ཞིག་རེད། བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་སྐབས་ཀྱི་སྐད་ཡིག་སྲུང་སྐྱོབས་བྱེད་ཀྱི་ཡིན་ཟེར་མཁན་གྱི་འོས་མི་དེ་དག་ཀྱང་དེ་རིང་གཉིད་ཁུག་ནས་བསྡད་འདུག
དེང་སྐབས་བོད་ནང་གི་དངོས་ཡོད་གནས་སྟངས་ནི་ཤིན་ཏུ་ཛ་དྲག་ཅིག་ཡིན། རྒྱ་ནག་གཞུང་གིས་བོད་སྐད་ཡིག་གི་སློབ་གསོའི་ཁོར་ཡུག་བཙན་གྱིས་བཀག་སྡོམ་བྱས་ཏེ། གཞུང་འབྲེལ་དང་སྒེར་གཉེར་སློབ་གྲྭ་མང་པོ་སྒོ་བརྒྱབ་ནས་བོད་ཕྲུག་ཚོ་རྒྱ་སྐད་ཁོར་ཡུག་ནང་བཙན་གྱིས་འཇུག་བཞིན་པ་འདིས་བོད་སྐད་ཡིག་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ཕྱོགས་གཞན་ནས་བཙན་བྱོལ་ནང་དུའང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྡོད་བོད་རིགས་ཚོར་བོད་སྐད་སྦྱོང་བའི་ཁོར་ཡུག་དཀོན་པོ་ཡོད་པ་དང་། ཕ་མ་ཚོས་ཀྱང་ནུབ་ཕྱོགས་ཀྱི་སྐད་ཡིག་ལ་གལ་ཆེན་དུ་བཟུང་ནས་རང་སྐད་ལྷོད་གཡེང་དུ་གཏོང་བའི་དཀའ་ངལ་ཡོད། ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ནུབ་ཕྱོགས་སུ་གནས་སྡོད་བོད་མི་ཚོའི་དམིགས་བསལ་གནས་བབ་དང་མཐུན་པའི་ཕ་སྐད་སྲིད་ཇུས་ཁ་གསལ་མེད་པ་དང་། ལག་བསྟར་བྱེད་ཕྱོགས་ལ་ནུས་པ་མ་ཐོན་པས་བོད་ཕྲུག་མང་པོ་ཞིག་རང་གི་སྐད་ཡིག་ལ་རྒྱུས་མངའ་མེད་པར་མི་རིགས་གཞན་གྱི་ངོ་བོར་འགྱུར་བཞིན་པའི་གནས་སུ་ལྷུང་ཡོད།
སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་དང་རིག་གཞུང་གི་གཞི་རྟེན་ཡིན་ལ། དེ་ཉམས་ན་མི་རིགས་ཀྱི་ངོ་བོ་ཡང་རང་བཞིན་གྱིས་འཐོར་ཞིག་ཏུ་འགྲོ་བ་ཡིན། དེར་བརྟེན་ང་ཚོས་ཕ་སྐད་ཉིན་མོ་འདི་ལོ་རེའི་སྲུང་བརྩི་ཞུ་བའི་དུས་སྟོན་ཙམ་མ་ཡིན་པར། རྒྱུན་གཏན་གྱི་འཚོ་བའི་ནང་བོད་སྐད་གཙང་མ་བཤད་པ་དང་བོད་ཡིག་སྦྱོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས། ལྷག་པར་དུ་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ཕ་སྐད་ཀྱི་བདག་པོ་ཞིག་ཏུ་སྐྱོང་རྒྱུ་ནི་ལོ་རྒྱུས་ཀྱིས་སྤྲད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། སོ་སོའི་ཁྱིམ་ཚང་ནང་བོད་སྐད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ། བོད་ཕྲུག་ཚོའི་སེམས་ལ་རང་གི་མི་རིགས་ཀྱི་སྐད་ཡིག་ལ་དུང་བ་བསྐྱེད་དུ་འཇུག་དགོས། མཇུག་མཐར་ང་ཚོ་བོད་མི་རེ་རེས་ནུས་པ་མཉམ་སྤུང་གིས་བོད་ཀྱི་རིག་གཞུང་གི་རྩ་བ་སྐད་ཡིག་འདི་ཉིད་མི་ཉམས་དར་སྤེལ་དང་སྲུང་སྐྱོབ་གཏོང་བར་དམ་བཅའ་བརྟན་པོ་འཛིན་དགོས་པ་ནི་དེ་རིང་གི་ཉིན་མོ་འདིའི་དགོངས་དོན་དངོས་ཡིན།
༢༠༢༦ ཟླ་ ༠༢ ཚེས་ ༢༡ འཛམ་གླིང་ཕ་སྐད་ཉིན་མོར་བྲིས་སོ། །




