བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས།
༧གོང་ས་མཆོག་ལ་རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་ཕུལ།
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས ༣༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྒྱལ་སྤྱིའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་(Gold Mercury International) ཚོགས་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་བསྐྱེད་དམ་བཅའ་བཞི་བརྒྱུད། ཞི་བདེ་དང་། སྤྱི་ཚོགས་འདུམ་སྒྲིག ཆོས་ལུགས་མཐུན་འབྲེལ། དེ་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཁོར་ཡུག་སྲུང་སྐྱོབ་སོགས་མཚོན་པའི་སྐྱེ་འགྲོའི་དོན་དུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་གནང་སླད། ཕྱི་ལོ་ ༢༠༢༥ ལོའི་མར་ཁུ་རི་གསེར་གྱི་གཟེངས་རྟགས་དེ་ཕུལ་སོང་། གཟེངས་རྟགས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་སྐབས་༧མགོན་པོ་གང་ཉིད་ཀྱིས། ང་ཚོའི་མི་ཚེ་ནི་ཨ་མའི་མངལ་ནས་མགོ་བཙུགས་པ་ཞིག་ཡིན། ང་ཚོ་ཚང་མ་བྱམས་བརྩེ་ལ་བརྟེན་ནས་འཚོ་བ་ཡིན་ཞིང་། ཨ་མའི་བརྩེ་སེམས་དང་བྲལ་ཚེ་ང་ཚོ་འཚོ་ཐབས་བྲལ་བ་རེད། ང་ཚོ་སྐྱེས་མ་ཐག་ཨ་མས་ང་ཚོར་ལྟ་རྟོག་ཆེས་མང་ཤོས་གནང་གི་ཡོད། ང་རང་ཚོ་བྱིས་དུས་སུའང་ཨ་མ་ཡོད་ཚེ་ངུ་ཆོག་བསམ་པའི་ཚོར་སྣང་སྐྱེས་པ་དང་། ཨ་མ་དང་བྲལ་ཚེ་བྱ་ཐབས་བྲལ་བ་ཞིག་ཡིན། དེ་འདྲ་སོང་ཙང་མ་གྱུར་སེམས་ཅན་ཐམས་ཅད་ང་ཚོའི་ཨ་མ་ཡིན་པའི་བཤད་སྲོལ་ཞིག་ཡོད་པ་རེད། ཚེ་འདི་ལ་མཚོན་ནའང་རང་གི་ཨ་མར་བཅངས་པའི་འདུ་ཤེས་དེ་སྐྱེ་འགྲོ་ཀུན་ལ་བཅངས་དགོས་པ་རེད། དེ་ལ་བརྟེན་ནས་ང་ཚོས་དོན་དམ་གྱི་ཞི་བདེ་རང་བཞིན་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་སྲིད་པ་རེད། ཅེས་གསུངས་འདུག མར་ཁུ་རི་གསེར་གྱི་གཟེངས་རྟགས་ནི་འཛམ་གླིང་ནང་འགྲོ་བ་མའི་ཐོབ་ཐང་དང་། དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ།ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐད་ལ་ཕྱག་ལག་གནང་མཁན་གྱི་མི་བུ་བྱས་པ་ཅན་ལ་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག
༧གོང་ས་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྷི་རེ་མི་ཡི་རོལ་མོའི་གཟེངས་རྟགས་ཕུལ།
ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༢ ཚེས་ ༡ ཉིན་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྷི་རེ་མི་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་སྐབས་ ༦༨ པ་འཚོགས་ཡོད་ཅིང་།སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེའི་གསུང་སྐད་ལྡན་པའི་རོལ་དབྱངས་ཤིག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོག་མ་དེ་ཐོབ་ཡོད་པ་རེད། གཟེངས་རྟགས་དེ་དང་འབྲེལ་ནས་དགའ་ལྡན་ཕོ་བྲང་གི་དྲ་ཚིགས་སྟེང་༸གོང་ས་མཆོག་ནས། ངོས་ནས་དགའ་སྤྲོ་དང་གུས་ཞབས་ཀྱི་སྒོ་ནས་གཟེངས་རྟགས་འདི་དང་ལེན་ཞུས་པ་ཡིན། ངོས་ནས་གཟེངས་རྟགས་འདི་ནི་ངོས་སྒེར་ལ་ཐོབ་པ་ཞིག་མིན་པར་ང་ཚོ་ཐུན་མོང་གི་ཡོངས་ཁྱབ་འགན་འཁྲི་ལ་ངོས་འཛིན་ཞུས་པར་མཐོང་གི་ཡོད། ངོས་ཀྱིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་ཁོར་ཡུག་གཅེས་སྐྱོང་། སྙིང་རྗེ་དང་ཞི་བདེ་བཅས་ནི་འགྲོ་བ་མི་ཐེར་འབུམ་བརྒྱད་ཀྱི་བདེ་དོན་སྤྱི་ལ་མེད་དུ་མི་རུང་བ་ཞིག་ཡིན་པར་ཡིད་ཆེས་ཟབ་མོ་ཡོད། གཟེངས་རྟགས་འདིས་ངོས་ཀྱི་འཕྲིན་ཡིག་དག་ཁྱབ་སྤེལ་ཆེ་རུ་གཏོང་བར་ཕན་ཐོགས་ཀྱི་ཡོད་པས་ངོས་རང་དགའ་པོ་བྱུང་། ཞེས་གསུངས། རྒྱ་ནག་གཞུང་གིས་གྷི་རེ་མི་གཟེངས་རྟགས་དེ་རྒྱ་ནག་ཁ་བྲལ་གྱི་ལས་དོན་ཐོག་བེད་སྤྱོད་བཏང་བར་དགག་པ་ཡོད་ཅེས་བརྗོད་འདུག
༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་ཕུལ།
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༩ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་ཧའེ་ཌི་སྐྱེད་མོས་ཚལ་ (Hyde Park) དུ། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ (International Council of Jurists) ཀྱི་གོ་སྒྲིག་འོག རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞི་བདེའི་རྒྱལ་སྤྱིའི་གོམ་བགྲོད་དབུ་འཛུགས་མ་གནང་བའི་ཉིན་གཅིག་གི་སྔོན་དུ་འབྲེལ་ཡོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་ཡེ་ཤུའི་ཆོས་དཔོན་ཕོབ་ལིའོ་བཅུ་བཞི་པ་ (Pope Leo XIV) མཆོག་དང་། གཅེར་བུ་བའི་བླ་ཆེན་ཨཱཅཱརྱ་ལོ་ཀེ་ཤི་མུ་ནི་ (Acharya Lokesh Muni) མཆོག ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཱ་ལཱ་ལཱ་ཡོ་ས་ཧྥི་ཛའེ་ (Malala Yousafzai) ལགས་བཅས་ལ་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་ (International Jurists Peace Prize 2025 ) དེ་དབུལ་གཏན་ཁེལ་ཡོད་པ་ཡོངས་གྲགས་གནང་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཕྱག་ཡིག་ཅིག་ཕུལ་བའི་ནང་། ༧མགོན་པོ་གང་ཉིད་མཆོག་ནས་རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བ་དང་། འཛམ་གླིང་ཞི་བདེ། དེ་བཞིན་བྱམས་སྙིང་རྗེ་གོང་འཕེལ་བཅས་ཀྱི་ཐོག་མཛད་རྗེས་རླབས་ཆེན་བསྐྱངས་དང་སྐྱོང་གནང་མཛད་པར་ཆེ་བསྟོད་དུ་ཕུལ་བ་ཞིག་ཡིན་སྐོར་གསལ་འདུག
༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་མི་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས་ཡོད་ཅིང་། མཛད་སྒོར་༧གོང་ས་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གར་གཞུང་ཚབ་ལྕམ་ཨལ་སི་ཀ་ཛི་གྷོ་བ་ (Eliska Zigova) མཆོག བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་འཛོམས་ཡོད་པ་དང་། སྐབས་དེར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་(CST)ཁག་བདུན་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་གི་སློབ་ཟུར་བཅས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཡོད་པ་རེད།
བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན།
འབར་མ་དང་ཐའེ་ལེན་ཊིའི་མི་མང་ལ་ཐུགས་སྨོན་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༨ ཉིན་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་འབར་མ་རྒྱལ་ཁབ་ཀྱི་མན་ཌ་ལེ་(Mandalay) ཁུལ་སོགས་སུ་ཚད་རིམ ༧། ༧ ཅན་གྱི་ས་འགུལ་བརྒྱུགས་ནས། འབར་མ་དང་ཐའེ་ལེན་ཊིའི་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་ཞིག་ཐེབས་ཡོད་སྟབས། ཕྱི་ཚེས་ ༢༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས། འབར་མ་དང་ཐའེ་ལེན་ཊིའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མི་སོགས་ལ་ཐུགས་གསོ་དང་། ས་འགུལ་གྱི་གོད་ཆག་འདིའི་ཁྲོད་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་ཐའེ་ལེན་ཌི་གཙོས་གནོད་འཚེ་ཐེབས་མཁན་རྣམས་ལ་ཐུགས་སྨོན་མཛད་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱ་གར་དང་རྒྱལ་ཁབ་ཁག་གིས་གནོད་འཚེ་ཐེབས་པའི་ཡུལ་དངོས་སུ་ངལ་སེལ་སོགས་ཀྱི་ཐད་ནས་རོགས་འདེགས་ཞུ་མུས་ཡིན་པ་ནི་ཆེས་བློ་སྟོབས་སྐྱེས་འོས་པ་ཞིག་རེད། ཅེས་གསུངས།
ཡེ་ཤུའི་ཆོས་དཔོན་སྐུ་གཤེགས་པར་ཐུགས་སྨོན་མཛད།
ཕྱི་ལོ་ ༢༠༢༥ ཟླ་༤ ཚེས་ ༢༡ ཉིན་ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་དགུང་གྲངས་ ༨༨ སྟེང་རང་ཁྱིམ་དུ་སྐུ་གཤེགས་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཡེ་ཤེས་ཆོས་དོན་སྐུ་ཚབ་ལེའོ་པོལ་ཌོ་གྷི་རེལ་ལི་(Leopoldo Girelli) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། ཁོང་གི་མཛད་སྤྱོད་ཁོ་ནས་འཚོ་བ་དཀྱུས་མ་ཞིག་དང་དོན་སྙིང་ལྡན་པ་ཞིག་ཇི་ལྟར་སྐྱེལ་དགོས་མིན་གསལ་སྟོན་གནང་ཡོད། ང་ཚོས་ཁོང་ལ་རྗེས་དྲན་གྱི་མཆོད་པ་འབུལ་བའི་ཐབས་ལམ་ཡག་ཤོས་ནི་སེམས་པ་དྲོ་སྐྱིད་ལྡན་པའི་མི་ཞིག་བྱས་ཏེ། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན། ཞེས་གསུངས།
ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཙོས་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་གི་ནང་ཆར་ཞོད་ཀྱི་དབང་གིས། མི་རྒྱུ་གཉིས་ལ་རང་བྱུང་གོད་ཆག་གི་གནོད་འཚེ་ཡང་ཡང་ཐེབས་ཡོད་སྟབས། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སི་ཝིན་དྷར་སིང་སུ་ཀུ་(Sukhwinder Singh Sukhu) མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་། ངོས་རང་གིས་ཁྱེད་དང་ཁྱེད་ཀྱི་ནང་མི། རང་བྱུང་གོད་ཆག་གི་རྐྱེན་གྱིས་རྐྱེན་འདས་དང་གནོད་འཚེ་ཐེབས་མཁན་ཀུན་ལ་བསྔོ་སྨོན་བྱེད་ཀྱི་ཡོད། ངོས་ནས་མངའ་སྡེ་གཞུང་དང་འབྲེལ་ཡོད་ལས་ཁུངས་ཚང་མས་ཛ་དྲག་གི་མྱུར་སྐྱོབ་དང་བསྐྱར་གསོའི་ལས་དོན་གཉེར་མུས་ཡིན་པ་ཤེས་ཀྱི་ཡོད། མངའ་སྡེ་གཞུང་གི་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་སེམས་འདུན་མཚོན་སླད། ངོས་ནས་ཏཱ་ལའི་བླ་མ་ཡིད་ཆེས་དགེ་རྩ་ཚོགས་པར་ངལ་སེལ་གྱི་སླད་ཞལ་འདེབས་ཤིག་དབུལ་དགོས་པའི་རེ་སྐུལ་ཞུས་ཡོད། ཅེས་གསུངས་འདུག
ལྷོ་ཤར་ཨེ་ཤ་ཡའི་ནང་གོད་ཆག་ཚབས་ཆེན་བྱུང་བར་ཐུགས་སྨོན་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་དྲག་ཆར་གྱི་གོད་ཆག་ཚབས་ཆེན་བྱུང་བར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། ཉེ་ལམ་ཨེ་ཤ་ཡའི་རྒྱལ་ཁབ་ཨིན་ཌོ་ནེ་ཤི་ཡ་དང་། ཤྲི་ལངྒ། ཝི་ཏི་ནམ། ཐའེ་ལན་ཌི། མཱ་ལེ་ཤི་ཡ། ཧྥི་ལི་པིན་སོགས་ཉེ་འཁོར་ས་ཁུལ་ཁག་ཏུ། དྲག་ཆར་དང་རླུང་འཚུབ་ཀྱི་གོད་ཆག་ཁྲོད་མི་མང་པོ་རྐྱེན་འདས་དང་། མི་མང་ས་ཡ་མང་པོར་དཀའ་ངལ་ཚབས་ཆེན་བཟོས་པའི་གནས་ཚུལ་ཐོས་པར་ངོས་རང་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། ཐེངས་འདིའི་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་པའི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཅེས་གསུངས།




