བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་སོགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་སྤྱི་དང་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་སྐད་འབོད་ལས་འགུལ་སྤེལ།

ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཟླ་ ༣ ཚེས་ ༣༡ བར་སུད་སུའི་ནང་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ པ་འཚོག་གིན་པ་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་ཚོགས་པའི་གོ་སྒྲིག་འོག སུད་སི་དོན་གཅོད་ལས་ཁུངས་དང་། ཡུ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས། སུད་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་རྒྱ་རིགས་ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་པ་དང་བོད་མི་སོགས་མི་གྲངས་བརྒྱད་ཅུ་ལྷག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འཛོམས་ཏེ། རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་དམིགས་བསལ་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་མ་རྣམས་འཕྲལ་དུ་ཀློད་གྲོལ་དགོས་པ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་རྟོག་ཞིབ་ཚོགས་པ་ཞིག་རང་དབང་ཐོག་བསྐྱོད་དུ་འཇུག་དགོས་པའི་དགོས་འདུན་བཏོན་འདུག
ལས་འགུལ་དེའི་སྟེང་དུ་གསར་འགོད་བསྒྲགས་གཏམ་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་དང་སྐུལ་མ་བྱས་ཏེ། ད་ལྟ་རྒྱ་ནག་གི་འཛིན་བཟུང་འོག་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་བཤེས་བློ་བཟང་ལུང་རིག་ལགས་དང་མཆོག་སྤྲུལ་རྡོ་རྗེ་བརྟན། དེ་བཞིན་བོད་མི་བཙོན་པ་གཞན་དག་གི་གནས་ཡུལ། འཕྲོད་བསྟེན། ཁྲིམས་ལུགས་ཀྱི་གནས་སྟངས་སོགས་ཕྱི་གསལ་ནང་གསལ་བཟོ་དགོས་པ་མ་ཟད། སྐད་ཡིག་དང་རིག་གཞུང་། ཁོར་ཡུག་དང་སྒྱུ་རྩལ། ཆོས་ལུགས་སོགས་ཀྱི་བྱེད་སྒོ་ཁག་ལ་བརྟེན་ནས་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཡོངས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་དགོས་པ་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ་གཙོ་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་བོད་ནང་རྟོག་ཞིབ་ཀྱི་ཆེད་དུ་འགྲོ་འོང་བྱེད་དུ་འཇུག་པའི་དགོས་འདུན་བཏོན་འདུག
སྐབས་དེར་སུད་སི་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཕྱི་ལོ་ ༡༩༥༩ ལོ་ནས་རྒྱ་ནག་གི་དྲག་གནོན་སྲིད་ཇུས་འོག་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་དང་། དགོན་པ་ ༦༠༠༠ ལྷག་གཏོར་བཤིག ལྷག་པར་དུ་དེང་སྐབས་རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཙན་གྱིས་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་སྤྱོད་སྤེལ་གསུམ་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་པ་སོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དང་རྒྱབ་སྐྱོར་གནང་ཐུབ་མེད་པར་བློ་ཕམ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་རང་དབང་ལ་ཚོད་འཛིན་དང་དམ་དྲག་སྔར་ལྷག་བྱེད་བཞིན་པར་བློ་འཚབ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས། རྒྱ་ནག་གཞུང་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ནང་ཐེ་གཏོགས་བྱེད་བཞིན་པར་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག




