ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་ཇི་རི་ཨོ་བྷར་ཧྥལ་ཛིར་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་བཞིན་ཡོད་པ་དེར་མ་འོངས་པར་འགྱུར་བ་གཏང་རྒྱུ་རེ་བ་ཡོད་ཅེས་གསུངས་སོང་།

དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས་ཡོད་ཅིང་། ཚོགས་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་ཇི་རི་ཨོ་བྷར་ཧྥལ་ཛིར་(Jiri oberfalzer)མཆོག་དང་། འཇར་མན་གྲོས་ཚོགས་འཐུས་མི་མེ་ཁེལ་བྷི་རན་ཌི་(Michael Brand)མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་འཛམ་གླིང་རྒྱལ་ཁབ་ ༣༢ ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༠༠ ལྷག་འཛོམས་འདུག
ཚོགས་ཐོག་ཏུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་ཇི་རི་ཨོ་བྷར་ཧྥལ་ཛིར་མཆོག་གིས། ཅེག་རྒྱལ་ཁབ་ནི་དབུས་ཡུ་རོབ་ནང་གི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན། རྒྱལ་ཁབ་འདིའི་དམངས་གཙོའི་ཆེད་དུ་དཀའ་ངལ་འདྲ་མིན་བརྒྱུད་པའི་ལོ་རྒྱུས་ཡོད། ད་ལྟ་རང་དབང་ཐོག་ནས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་མི་ཚེ་སྐྱེལ་བཞིན་ཡོད། ཕྱི་ལོ་ ༡༩༨༩ ལོར་ང་ཚོར་རང་དབང་ཐོབ་པའི་སྐབས་ཆབ་སྲིད་དང་འབྲེལ་བ་མེད་པའི་སྐུ་མགྲོན་གལ་ཆེན་དང་པོ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རེད་ཅེས་ཞུ་ཡི་ཡོད། དེ་ནི་ཕྱི་ལོ་ ༡༩༩༠ ཟླ་གཉིས་པར་ཅེག་གི་སྲིད་འཛིན་མཆོག་གིས་གདན་འདྲེན་ཞུས་པ་ཞིག་རེད། སྐབས་དེར་༧གོང་ས་མཆོག་ནས་འཚེ་བ་མེད་པ་དང་ཞི་བདེའི་ཐོག་འཛམ་གླིང་མི་མང་ལ་བཀའ་སློབ་བསྩལ་བ་རེད། ངས་དམིགས་བསལ་༧གོང་ས་མཆོག་ནས་འཛམ་གླིང་ཡོངས་སུ་བོད་དང་བོད་མིའི་གནས་སྟངས་ཤེས་རྟོགས་བྱུང་དུ་བཅུག་པར་ཐུགས་རྗེ་ཆེ་ཞུ། ཡུ་རོབ་རྒྱལ་ཁབ་ཁག་གིས་བོད་དོན་སྐོར་གྱི་ལས་དོན་མང་པོ་བསྒྲུབ་པར་དགའ་བོ་བྱུང་། ཡིན་ནའང་ང་ཚོ་མུ་མཐུད་ཚོང་ལས་ཀྱི་བཙོན་ཁང་དུ་ཡོད། ཡུ་རོབ་ཀྱིས་རྒྱ་ནག་དང་ལྷན་དུ་ཚོང་ལས་ཀྱི་སྲིད་ཇུས་འཛིན་བཞིན་ཡོད། རྒྱ་ནག་གིས་འཛམ་གླིང་ནང་ཐོན་རྫས་རྫུན་མ་བཟོ་བཞིན་ཡོད་ལ། དོན་དངོས་ཐོག་ང་ཚོས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་པ་ནི་བོད་མིའི་ཚེ་སྲོག་ལ་ཚོང་རྒྱག་བཞིན་ཡོད། མ་འོངས་པར་འགྱུར་བ་གཏང་རྒྱུ་དེ་ངའི་རེ་བ་ཡིན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ཅིག་གིས་བོད་དོན་ཚོགས་འདུ་འཚོགས་ཡོད་ལ། རིག་གཞུང་དང་ཉམས་ཞིབ་ཁང་གི་མཉམ་འབྲེལ་གྱིས་ཚོགས་འདུ་འཚོགས། རྒྱ་ནག་གི་ཉམས་ཞིབ་ཚོགས་འདུ་འཚོགས་སྐབས་རྒྱུན་དུ་བོད་ནང་དང་ཡུ་གུར་གྱི་གནས་སྟངས་ཐོག་གོ་རྟོགས་སྤེལ་ཡོད། དེ་བཞིན་ཅེག་རྒྱལ་ཁབ་ཀྱི་གྲོང་ཁྱེར་མང་ཤོས་ནང་བོད་ཀྱི་གསུམ་བཅུ་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད། ཅེག་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་ཝག་ལབ་ཧ་སེལ་ (Vaclav Havel) མཆོག་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་ཅིང་། འདས་ལོར་ལས་ཐོག་སྲིད་འཛིན་ཕེ་ཌར་པཱ་ཝལ་(Petr Pavel)མཆོག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད། ངས་སྲིད་སྐྱོང་ཟུར་པ་དང་ལས་ཐོག་སྲིད་སྐྱོང་རྣམ་གཉིས་ལ་ཐུག་འཕྲད་བྱས་ཡོད། ལོ་བཞིའི་སྔོན་ལ་ང་རང་དྷ་སར་གསུམ་བཞིའི་དུས་དྲན་སྲུང་གཙིའི་ཐོག་ཡོང་སྟེ་བོད་དོན་རྒྱབ་སྐྱོར་བྱས་ཡོད། བོད་ནི་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པར་བསྐྱར་བཤད་བཤད་དགོས་པ་གལ་ཆེན་པོ་རེད། དེ་ནི་རྒྱ་ནག་གི་དམག་ཤུགས་ཀྱིས་བཙན་འཕྲོག་བྱས་པ་ཞིག་རེད། ད་དུང་རྒྱ་ནག་གི་དམག་ཤུགས་ལམ་ནས་བཙན་ཉར་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་འདུག
འཇར་མན་གྲོས་ཚོགས་འཐུས་མི་མེ་ཁེལ་བྷི་རན་ཌི་མཆོག་གིས། མི་མང་པོ་ཞིག་གིས་ལོ་ངོ་བཅུ་གྲངས་ཁ་ཤས་ནང་ང་ཚོའི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དོ་སྣང་བྱེད་ཀྱི་འདུག ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱལ་ཁབ་ཀྱང་འཇིགས་ཡོད་པ་མ་ཟད། བོད་མི་མང་ལ་སྔོན་ཆད་བྱུུང་མྱོང་མེད་པའི་ཛ་དྲག་གི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པས། དཀའ་སྡུག་གི་གོ་རྟོགས་དེའི་ཐོག་ནས་འཛམ་གླིང་མི་མང་ལ་འོས་འགན་གྱི་ཚོར་བ་ཡོད་དགོས། ང་ཚོས་གནད་དོན་འདི་གླེང་དགོས་ལ། འཛམ་གླིང་ཡོངས་ཀྱིས་གནད་དོན་འདིའི་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་གནང་དགོས། ང་ཚོས་བོད་རྒྱལ་ཁབ་དང་ཐུན་མོང་མ་ཡིན་པའི་རིག་གཞུང་བཅས་ཛ་དྲག་གི་གནས་སྟངས་ལས་སྐྱོབ་དགོས་པའི་གོ་རྟོགས་བསྐྱར་དུ་སྤེལ་དགོས། འཛམ་གླིང་མི་མང་གིས་རྒྱ་ནག་གི་སྲིད་དོན་གྱི་ཐོག་ནས་འཇིགས་སྐུལ་ཇི་ཙམ་བྱེད་བཞིན་ཡོད་པ་ཤེས་གསལ་རེད། འགྲོ་བ་མིའི་ལོ་རྒྱུས་ཐོག་ནས་རྒྱ་ནག་ནང་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་དཀའ་ངལ་འཕྲད་མྱོང་མེད་ལ། རྒྱ་གཞུང་གིས་བོད་ཀྱི་བྱིས་པ་རྣམས་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་རྒྱ་སྒྱུར་སློབ་གསོ་སྤེལ་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གཏོར་བཤིག་གཏོང་བཞིན་ཡོད་པས། ང་ཚོས་མུ་མཐུད་དུ་འཛམ་གླིང་མི་མང་ལ་བོད་ནང་གི་གནས་སྟངས་གསལ་སྟོན་བྱེད་པར་ཤུགས་རྒྱག་དགོས། ཅེས་གསུངས་འདུག
ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་རིང་བོད་ནང་གི་ད་ལྟའི་གནས་སྟངས་དང་། ཐབས་བྱུས་ལྡན་པའི་འབྲེལ་ལམ་བརྒྱུད་རྒྱ་ནག་གི་འགྲེལ་བརྗོད་ལོག་པ་ལ་ལན་འདེབས། ས་ཁམས་ཆབ་སྲིད་ཐོག་བོད་ཀྱི་གལ་གནད་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





