ཨོ་གླིང་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་དང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག

ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། འདི་ལོའི་གསུམ་བཅུའི་དུས་དྲན་དང་འབྲེལ་ནས་རྒྱ་ནག་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པ་ (Inter-Parliamentary Alliance on China IPAC) ཡི་ལས་རོགས་ཚོགས་གཙོ་དང་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ཌེ་བྷོ་ར་ (Deborah O’Neill) ལགས་ཀྱིས། ཨོ་གླིང་གི་གྲོས་ཚོགས་གོང་མའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་རྒྱལ་སྤྱིའི་ཐོག་ནས་བློ་འཚབ་ཇེ་མང་དུ་འགྲོ་བཞིན་པ་དང་། བོད་ཀྱི་ཆོས་དང་། རིག་གཞུང་། ངོ་བོ་སྲུང་སྐྱོབ་དགོས་པའི་གྲོས་འཆར་ཞིག་ངོ་སྤྲོད་གནང་འདུག གྲོས་ཚོགས་འོག་མའི་ནང་དེ་དང་འདྲ་བའི་གྲོས་འཆར་ཞིག་ཀྱང་གཏན་འབེབས་གནང་ཡོད་འདུག
ཕྱི་ལོ་ ༢༠༢༥ ལོར་སྦར་སིལ་ (Brussels) དུ་རྒྱ་ནག་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་ཚོགས་ཆེན་སྐབས། ཚོགས་མི་ཚང་མས་བོད་དོན་ཐོག་གྲོས་ཚོགས་ནང་གྲོས་འཆར་འདོན་རྒྱུ་སྤྱི་མོས་བྱུང་བ་ལྟར། ཨོ་གླིང་ནི་ཚོགས་པ་དེའི་ཚོགས་མི་བོད་དོན་ཐོག་གྲོས་འཆར་འདོན་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
གྲོས་འཆར་དེ་ལ་ཨོ་གླིང་གི་ཆབ་སྲིད་ཚོགས་པ་མང་པོའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་གནང་ཡོད་ཅིང་། གྲོས་འཆར་དེ་བརྒྱུད་ནས་ཨོ་གླིང་གི་གྲོས་ཚོགས་གོང་མས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་ཐོག་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་བ་མཚོན་ཡོད་ལ། གྲོས་འཆར་དེར་དོན་ཚན་བཞི་འདུག
གྲོས་འཆར་དེའི་ནང་། གཅིག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ༸མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེ་གང་འགྲོ་བ་མི་གཅིག་གྱུར་དང་། འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ། དམངས་གཙོ་གོང་འཕེལ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་སོགས་མཛད་འཕྲིན་རྒྱ་ཆེན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད། གཉིས། ཆོས་ལུགས་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་ཇུས་བྱེད་མི་ཆོག་པ་བསྐྱར་ནན། གསུམ། རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་ནང་གི་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ལུགས། ངོ་བོ་རྩ་མེད་གཏོང་རྒྱུར་དམིགས་པར་བློ་འཚབ་ཤུགས་ཆེན་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གཞུང་དང་། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་ཇུས་བྱེད་བཞིན་པར་བློ་འཚབ། བཞི། རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པ་དང་། བོད་ནང་ཞི་བདེ་དང་རང་དབང་ཡུན་རིང་ཐོབ་རྒྱུ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དམིགས་ཏེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསལ་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། རྒྱ་ནག་གཞུང་གིས་བོད་མི་དང་། ཡུ་གུར་བ་སོགས་ངོ་བོ་མི་འདྲ་བའི་སྤྱི་ཚོགས་དང་། གཞུང་འབྲེལ་མིན་པའི་ཆོས་ལུགས་ཀྱི་ཚོགས་མི་རྣམས་ལ་དྲག་གནོན་དང་བཙན་གནོན་ཆབས་ཆེན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་ཧོང་ཀོང་ནང་དྲག་གནོན་ཇེ་ཆེར་བཏང་ཡོད། ཅེས་བརྗོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།






དོན་ཚན་འདྲེན་པའི་སྐབས། དང་པོ། གཉིས་པ། གསུམ་པ། སོགས་འདྲི་དགོས་པ་མ་གཏོགས། གཅིག་ གཉིས་ གསུམ་སོགས་བྲིས་ན། ང་ཚོ་བོད་ཀྱི་སྐད་ཡིག་རང་གི་བརྡ་དག་དང་འགལ་བ་རེད་ཞུ། ཐུགས་རྗེ་ཆེ།