མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

བོད་ཀྱི་དུས་བབ།
༢༠༢༦/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

བེ་རི་རིག་པའི་རྡོ་རྗེ།

རྩོམ་ཁུངས། བོད་ཀྱི་དུས་བབ།

༡༽ བཙན་བྱོལ་བོད་མིའི་དམངས་གཙོའི་རིན་ཐང་།

ད་ལོར་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཡིན་ཞེས་འུར་འུར་ཟིང་ཟིང་བྱེད་བཞིན་ཡོད་ལ། དབུས་འོས་བསྡུ་ལས་ཁུངས་ནས་ཀྱང་། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༧ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་སུ། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན། ཕྱི་ལོ་ ༢༠༢༥-༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོ་འདི་བཞིན་དྲང་བདེན་དང་། འདྲ་མཉམ། རང་དབང་བཅས་ཀྱི་ངང་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།” ཅེས་ད་ལན་གྱི་སྲིད་སྤྱིའི་འོས་བསྡུ་འདི་འདྲ་མཉམ་དང་། དྲང་བདེན་གྱི་ཐོག་ནས་ཕྱོགས་ལྷུང་མེད་པར་གནང་རྒྱུ་ཡིན་ཞེས་ཐག་བཅད་དེ་གསུངས་ཡོད།

དེར་བརྟེན་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་དེར་ཡིད་ཆེས་བྱས་ནས། དེ་ལུགས་ཀྱིས་ཇོ་ནང་རང་ཁོངས་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་བཞེངས་རྒྱུ་དང་། དེ་དག་ལ་འོས་འཕེན་རྒྱུ་ཡིན་ཚུལ་གྱི་སྙན་ཞུ་ཞིག་ཨ་རིའི་ཇོ་ནང་མཐུན་ཚོགས་ནས་དབུས་འོས་བསྡུ་ལས་ཁུངས་ལ་ཕུལ་འདུག་ཀྱང་། “ཆུ་ཆེ་ཡང་ཟམ་པའི་འོག” ཟེར་བ་ལྟར། གོང་གི་གསལ་བསྒྲགས་ནང་གི་ཐ་ཚིག་“དྲང་བདེན་དང་། འདྲ་མཉམ། རང་དབང་”ཟེར་བ་དག་ནི་གསལ་བསྒྲགས་ཙམ་ལས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དབྱེ་འབྱེད་ཅན་དེའི་འོག་ནས་ཕྱག་ལེན་ལ་བསྟར་ཐབས་མ་བྱུང་བས། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་འོག་སྤྱི་འཐུས་ཀྱི་ཡོང་ཁུངས་གྲུབ་ཆའི་ནང་ཇོ་ནང་པའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཁུངས་གཏན་འབེབས་མེད་པར་བརྟེན། ད་ལྟའི་ཆར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་ལྟར་ལག་བསྟར་ཞུ་རྒྱུ་ལས། སྒྲིག་འགལ་གྱིས་བཀའ་འཁྲོལ་རིགས་གནང་ཐབས་མ་མཆིས་པ་དེ་དོན་དགོངས་འཇགས་ཞུ།” ཞེས་ཡིག་ལན་ཕེབས་འབྱོར་བྱུང་བ་འདིས། བཙན་བྱོལ་བོད་མིའི་གྲོས་ཁང་ནས་བཟོས་པའི་བཅའ་ཁྲིམས་ནང་གི་“བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཟེར་བ་དང་། “ཆོས་ལུགས་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཟེར་བ་ནི། གཡོ་ཐབས་ཙམ་ལས། དོན་ལ་ཆོས་ལུགས་དབྱེ་འབྱེད་ཀྱི་བཙོན་ར་ལས་ནམ་ཡང་ཐར་ཐབས་མེད་པ་ཞིག་ཡིན་པ་བདེན་དཔང་བྱས་ཡོད།

དེ་ལྟ་ན་ཡང་། ཉེ་བའི་ཆར་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཚོགས་ཆེན་ཐོག “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་”ཟེར་བ་ཞིག་གཏན་འབེབ་བྱས་པར། བཙན་བྱོལ་བོད་མིའི་སྐབས་ ༡༧ གྲོས་ཚོགས་འཚོགས་དུས་ ༡༡ ཐོག་རྒྱ་ནག་གི་ཁྲིམས་ཡིག་དེར་ངོ་རྒོལ་དང་སྦྲགས། ཁྲིམས་ཡིག་དེ་ནི་རྒྱ་གཞུང་རང་གི་རྩ་ཁྲིམས་དང་རྒྱབ་འགལ་ཆགས་ཡོད་ལ། དེས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་འཕྲོག་སྟེ། ཆོས་དད་རང་དབང་དང་། འགྲོ་སྡོད་རང་དབང་། སྨྲ་བརྗོད་རང་དབང་སོགས་མེད་པར་བཀག་སྡོམ་ནན་མོ་བྱེད་འཆར་ཡིན་པས་ངོས་ལེན་མེད་ཅེས་འུར་སྒྲ་སྒྲོག་གིན་ཡོད་མོད། དོན་ངོ་མར་ཁྱེད་ཚོར་འདི་ལྟར་བཤད་རྒྱུའི་ཐོབ་ཐང་དང་གནས་བབ་ཡོད་མེད་མཛུབ་མོ་ནང་དུ་བཀུག་ནས་བསམ་བློ་གཏོང་མྱོང་ངམ། གལ་ཏེ་འདི་ལྟར་བསམ་བློ་གཏོང་མྱོང་མེད་ན། ངས་འདི་ནས་ཁྱེད་ཚོར་ལག་ལེན་དམར་ཁྲིད་བྱེད་ཆོག ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག

བཙན་བྱོལ་བོད་མིའི་གྲོས་ཁང་ནས་གཏན་ལ་ཕབ་པའི་<བཙན་བྱོལ་བོད་མིའི་བཅའ་ཁྲིམས>ཟེར་བ་དེའི་དོན་ཚན་དགུ་པར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་དམངས་གཙོའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ཇི་བཞིན་བཀོད་ཡོད། ད་དུང་དེའི་དོན་ཚན་བཅུ་བར། “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་ཧ་ཅང་ཡིད་ལ་འབབ་པ་ཞིག་བྲིས་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། དེའི་དོན་ཚན་ ༣༧ པར་སྤྱི་འཐུས་ཀྱི་ཡོང་ཁུངས་སམ་གྲུབ་ཆ་བཤད་སྐབས། “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ལྔ་ལས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་ཆོས་དད་རང་དབང་དང་། སློབ་གསོའི་རང་དབང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་སོགས་ཁྲིམས་ཐོག་ནས་ཡོངས་སུ་བཙན་འཕྲོག་བྱས་ཡོད་པས། དོན་ཚན་འདི་དང་གོང་གི་དོན་ཚན་ ༩ དང་ ༡༠ ནང་འགལ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་གྲོས་ཁང་ནས་ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཆོས་དད་རང་དབང་དང་། སློབ་གསོའི་རང་རང་དབང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་སོགས་ཁྲིམས་ཐོག་ནས་རྩ་མེད་བྱས་པ་མ་ཚད། ད་དུང་མཐོང་ཆུང་དང་། གཉའ་གནོན་ཚད་ལས་བརྒལ་བ་བྱེད་བཞིན་ཡོད། དེ་བྱེད་མཁན་བཙན་བྱོལ་བོད་མིའི་གྲོས་ཁང་ནང་གི་གྲོས་མི་སྐོར་ཞིག་ཡིན་པ་བརྗེད་སོང་བ་རེད་དམ།

འདི་ལྟར་རང་གིས་གཏན་ལ་ཕབ་པའི་བཅའ་ཁྲིམས་སུ་ཆོས་ལུགས་དབྱེ་འབྱེད་ཡོད་བཞིན་དུ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་ཆོས་དད་རང་དབང་དང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་སོགས་མདོར་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འདྲ་མཉམ་མེད་བཞིན་དུ། རྒྱ་ནག་སྲིད་གཞུང་གིས་བོད་མི་ཚོར་ཆོད་དད་རང་དབང་དང་། སྨྲ་བརྗོད་རང་དབང་སོགས་སྤྲོད་ཀྱི་མི་འདུག་ཅེས་སྡུག་སྐད་རྒྱག་རྒྱུར་ངོ་མི་ཚ་འམ། གཞན་ལ་ཁ་ཤོ་རེད་ཅེས་འཕྱ་སྨོད་བྱེད་མཁན་ཞིག་ཡིན་ན། མ་མཐའ་ཡང་རང་ཉིད་ཀྱི་ཁ་རྒྱུན་ལྡན་ཡིན་དགོས། “སྐྱག་པ་རྫ་མ་འདྲ་ཟིག་འོག་ལ་སྦས་ནས།། ཁུ་ཚུར་གནམ་ལྕགས་འདྲ་ཟིག་དགུང་ལ་འཕྱར།།” ཟེར་བའི་ཨ་མདོའི་གཏམ་དཔེ་འདི་བཙན་བྱོལ་གྲོས་ཁང་ལ་ཆེད་དུ་གདམས་པ་ལྟ་བུར་གྱུར་ཡོད།

གལ་ཏེ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་ཡོད་དོ་ཅོག་ལ་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་སྤྲད་ཡོད་ན། ཕན་ཐོགས་ཡོད་མེད་ལ་མ་ལྟོས་པར་རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སོགས་སྤྲོད་དགོས་ཞེས་ངོ་རྒོལ་བྱེད་ཆོག་ཅིང་། བོད་ནང་གི་གནས་སྟངས་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་འདུག་ཅེས་གདུང་སེམས་མཉམ་སྐྱེད་ཟེར་བའི་གྲོས་ཆོད་དེ་ཡང་འཇོག་ཆོག་ལ། འཇོག་རྒྱུའི་ཐོབ་ཐང་ཡང་ཡོད།

འོན་ཀྱང་རྒྱལ་ཁབ་ལྟ་ཅི། རང་ལ་དབང་བའི་ས་ཆ་ལག་མཐིལ་ཙམ་ཡང་མེད་པར་ནམ་རྒྱུན་མུག་སྐྱོབ་ཁོ་ནར་རེ་བའི་གྲོས་མི་སྐོར་ཞིག་གིས་ཁྲིམས་ཐོག་ནས། བཙན་བྱོལ་བོད་མི་བརྒྱད་ཁྲི་མ་ཟིན་ཙམ་པ་དེའི་ནང་ཆོས་ལུགས་བར་ལ་དབྱེ་འབྱེད་བྱེད་བཞིན། ཁྱོད་ཤི་ང་གསོན་གྱི་ནང་འཁྲུག་རྒྱག་བཞིན། ཆོལ་ཁའི་ཕྱོགས་ཞེན་གྱི་རལ་ཁ་འགྲན་བཞིན། ལྷ་འདྲེའི་འཐབ་རྩོད་ཀྱི་དམར་འཛིང་བྱེད་བཞིན། རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཚོགས་ཆེན་ཐོག་གཏན་ལ་ཕབ་པའི་ཁྲིམས་ཡིག་དེ་ངོས་ལེན་མེད་ཟེར་བ་ནི་བཞད་གད་ཀྱི་གནས་སོ།།

འདི་ནི་བཙན་བྱོལ་བོད་མིའི་གྲོས་ཁང་ནས་གྲོས་མི་སྐོར་ཞིག་དཔུང་བསྒྲིགས་བྱས་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་ངོ་གདོང་ངོ་མ་དེ་རེད། ཁོང་ཚོས་ད་དུང་འཛམ་གླིང་མི་མང་དང་། ལྷག་པར་རང་རིགས་མི་མང་ལ་སྐྱག་རྫུན་རྐྱང་རྐྱང་བཤད་ནས་མགོ་སྐོར་གཏོང་བཞིན་ཡོད། དཔེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དགུ་བར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་དམངས་གཙོའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ལ་ལད་ཟློས་བྱས་ཡོད། ཚིག་དུམ་འདི་འཛམ་གླིང་མི་དམངས་མགོ་སྐོར་གཏོང་ཆེད་བཅའ་ཁྲིམས་སུ་བཅུག་པ་རེད། དོན་ངོ་མར་བྱི་ལས་སྐྱག་པ་སྦེད་པ་བཞིན། དེའི་དོན་ཚན་སོ་བདུན་པར་ཆོས་བརྒྱུད་བར་ལ་དབྱེ་འབྱེད་དྲག་པོ་བྱས་ཏེ། ཇོ་ནང་པ་རྣམས་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྩ་བ་ཡན་ལག་དང་བཅས་པ་མེད་པ་བྱས་ཡོད།

དེར་བརྟེན་ད་ལན་དབུས་འོས་བསྡུ་ལས་ཁུངས་ཀྱི་གསལ་བསྒྲགས་ནང་། “དྲང་བདེན་དང་། འདྲ་མཉམ། རང་དབང་བཅས་ཀྱི་ངང་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།” ཅེས་གསུངས་པ་དེ་ཁ་བཤད་ཙམ་ལས། ཕྱག་ལེན་དུ་བསྟར་མ་ཐུབ་པའི་གནད་དོན། མཐར་གཏུགས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དབྱེ་འབྱེད་ཅན་དེའི་དབང་གིས་ཡིན་པ་ལས། ཁོང་རྣམ་པར་དེ་ལྟའི་ཐུགས་བཞེད་མེད་པ་དང་། དེ་ལྟར་གནང་འདོད་མེད་པ་རྩ་བ་ནས་མ་རེད།

དེ་ལྟར་དྲང་བདེན་དང་འདྲ་མཉམ་གྱི་དྲི་ཙམ་མི་བྲོ་བའི་བཙན་བྱོལ་བོད་མིའི་གྲོས་ཁང་ནང་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱིས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་སོགས་ཡོངས་སུ་འཕྲོག་ཡོད། ད་དུང་ད་ལྟའི་བཀའ་སྤྱིའི་འོས་མི་སྐོར་ཞིག་ནས་ཕན་ཚུན་བགྲོ་གླེང་ས་བཅད་མ་སྟོང་ཙམ་རེ་བྱེད་བཞིན་ཡོད་མོད། བོད་མིའི་རྩ་དོན་འཐབ་རྩོད་ཆེད་ངས་འདི་བྱེད་ཀྱི་ཡིན་ཟེར་མཁན་འགའ་ཡང་མེད་ཁར། ཁག་ཅིག་ནི་ཆོལ་ཆོས་ཀྱི་ཞེན་ཁོག་གིས་འགྲེངས་བའི་ར་བཟི་སྐོར་ཞིག་ཡིན་པ་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཤུགས་རྐྱེན་ཐེབས་པ་གསལ་པོ་རེད།

སྤྱིར་བཏང་དམངས་གཙོ་ཟེར་བ་ནི། མང་མོས་ཀྱིས་ཉུང་མོས་ལ་ཐུབ་ཚོད་དང་། བཙན་བཀའ། གཉའ་གནོན། མཐོང་ཆུང་བྱེད་པའི་ལམ་ལུགས་ཤིག་མ་ཡིན་པར། མི་ཕལ་བའམ་མི་དམངས་གཙོ་བོར་འཛིན་པ་ལ་ཟེར། དེ་ལྟ་བུའི་དམངས་གཙོའི་ལམ་ལུགས་ནང་ཆེས་གལ་ཆེ་བ་ནི་ཐོབ་ཐང་འདྲ་མཉམ་དང་། རང་དབང་། དྲང་བདེན་བཅས་ཡིན་ལ། གང་དུ་དབྱེ་འབྱེད་དང་གཉའ་གནོན་ཡོད་ན། དེ་རུ་ཞི་བདེ་དང་མཐུན་སྒྲིལ་ཟེར་བ་ཡོང་ཐབས་མེད་པས། བཙན་བྱོལ་གྲོས་ཁང་ནས། མཐུན་སྒྲིལ་ཞེས་ཁ་གཡང་ཇི་ལྟར་བསྒྲགས་ཀྱང་། ཁྲིམས་ཐོག་ནས་ཆོས་བརྒྱུད་ཚང་མར་ཐོབ་ཐང་འདྲ་མཉམ་མ་སྤྲད་པ་དེ་སྲིད་དུ། དོན་དམ་པའི་མཐུན་སྒྲིལ་དང་། ཞི་བདེ་ཟེར་བ་དེ་ཡོང་ཐབས་མེད། ལྷག་པར་དུ་ཁྲིམས་ཐོག་ནས་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་མངོན་འདོད་དང་ཐོབ་ཐང་ལ་བརྩི་བཀུར་མེད་པར་དབྱེ་འབྱེད་བྱས་ན། དེས་སྤྱི་ཚོགས་ནང་བསམ་བཞིན་རྙོག་དྲ་གཏིང་སློང་བྱས་ཏེ་ཁ་བྲལ་ལས་འགུལ་གྱི་སྣེ་ཁྲིད་བྱས་པ་རེད། བོད་ཀྱི་གཏམ་དཔེར། “གྲལ་མགོ་ནས་སྟག་འཛིང་བྱེད་ན།། གྲལ་རྔ་ནས་ཁྱི་འཛིང་ལོས་བྱེད།།” ཟེར་བ་ལྟར། “བསྟན་པ་མགོ་ནས་བཤིགས་”ཟེར་བ་འདི་རེད།

བཙན་བྱོལ་བོད་མིའི་གྲོས་མི་ཁག་ཅིག་གིས། ཁོང་ཚོ་ནི་དྲང་བདེན་དང་ཞི་བདེའི་ལམ་ནས་བོད་ཀྱི་རྩ་དོན་སྒྲུབ་མཁན་ཡིན་ཞེས་ཟེར་བཞིན་ཡོད་ལ། ད་དུང་བཙན་བྱོལ་བོད་མིའི་གྲོས་ཁང་ནི། འཛམ་གླིང་སྟེང་གི་དམངས་གཙོའི་མིག་དཔེ་ཞིག་ཏུའང་བརྩིས་ན་ཆོག་ཅེས་ཤོད་བཞིན་ཡོད་པ་མ་ཟད་། དེའི་བཅའ་ཁྲིམས་ཡང་དྲང་བདེན་དང་། འདྲ་མཉམ་གྱི་གཞི་རྩའི་རིན་ཐང་ཐོག་ནས་བཞེངས་སྐྲུན་བྱས་ཡོད་ཅེས་སྒྲོག་བཞིན་ཡོད་མོད།

སྟབས་ཉེས་པ་ཞིག་ལ། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ནང་དུ། ཆོས་བརྒྱུད་དབྱེ་འབྱེད་བྱས་ནས་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲད་མེད་པ་ནི། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་བསྩལ་གནང་བའི་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ཀྱི་ལོ་རྒྱུས་ནང་བསུབ་ཐབས་མེད་པའི་ནག་ཐིག་ཅིག་དང་། དམངས་གཙོའི་ལམ་སྲོལ་གྱི་འོ་ཟངས་ནང་དུ་བཏབ་པའི་དུད་ནག་ཅིག་ཅི་ལ་མིན།

༢༽ བཅའ་ཁྲིམས་ཀྱི་ནང་འགལ།

ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གཉིས་པ། གཞི་རྩའི་ཐོབ་ཐང་དང་། ལས་འགན། ཞེས་པའི་དོན་ཚན་དགུ་བར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་བོད་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་། ཆོས་ལུགས་དབྱེ་འབྱེད་མེད་པར་ཐོབ་ཐང་འདྲ་མཉམ་ཡོད་ཚུལ་བཀོད་ཡོད།

འོན་ཀྱང་དོན་དངོས་ཐོག ཆོས་བརྒྱུད་བྱེ་བྲག་པ་ཞིག་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད། དེ་ཡང་དེའི་དོན་ཚན་སོ་བདུན་པའི་ནང་གསེས་ ༡ ཁ པར། “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་དབྱེ་འབྱེད་ཚབ་ཆེན་བྱས་ཏེ། ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་གདམ་རྒྱུའི་ཐོབ་ཐང་མེད་པར་བྱས་ཡོད་པ་ནི། བཅའ་ཁྲིམས་རང་གི་གཞི་རྩའི་ཐོབ་ཐང་དང་ཡོངས་སུ་འགལ་ཡོད་ལ། འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་དང་ཡང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་ཅིང་། དམངས་གཙོའི་རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། འདི་ནི་དཔེ་མཚོན་བྲལ་བའི་ནོར་འཁྲུལ་ཚབ་ཆེན་ཞིག་དང་། དམངས་གཙོའི་ལམ་ལུགས་རྨང་ནས་གཏོར་བའི་འགད་རྫས་ཤིག་ཡིན།

ད་དུང་བཙན་བྱོལ་བོད་མིའི་གྲོས་མི་རྣམས་ཀྱིས་ཁྲིམས་ཐོག་ནས། ཕྱི་སྡོད་ཇོ་ནང་པ་རྣམས་ཀྱི་ཆོས་དད་རང་དབང་ཡང་བཙན་འཕྲོག་བྱས་ཡོད། དེ་ཡང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བར། “ཆོས་དད་རང་དབང༌། ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་བཀོད་ཡོད་མོད། བཅའ་ཁྲིམས་དོན་ཚན་ ༣༧ ནང་གསེས་ ༡ ཁ ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་གདམ་རྒྱུའི་ཐོབ་ཐང་མ་སྤྲད་པ་དེས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་བྱས་ཡོད་པ་ལྷང་ལ་ཕུད་ཡོད།

གལ་ཏེ་བཙན་བྱོལ་བོད་མིའི་གྲོས་མི་རྣམས་གྲོས་མི་ཚད་ལྡན་ཞིག་ཡིན་ན། བཅའ་ཁྲིམས་ནང་གི་འགལ་བའི་ཆ་རྣམས་གཙང་སེལ་བྱེད་རྒྱུའི་འགན་ཡོད། འདི་བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་ཡིན། དཔེར་ན་བཅའ་ཁྲིམས་ཀྱི་དོན་ཚན་ ༣༧ ནང་གི་དབྱེ་འབྱེད་ཀྱི་ཆ་དེ། བཅའ་ཁྲིམས་རང་གི་རྩ་འཛིན། དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན་ཞེས་པར། “༡ ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།” ཟེར་བ་དང་རྒྱབ་འགལ་ཆགས་ཡོད་པས། འགལ་བའི་ཆ་སྟེ་དོན་ཚན་ ༣༧ པ་འདི་རྩ་མེད་གཏོང་རྒྱུའི་དུས་ལ་བབས་ཡོད་མོད། ད་ལྟའི་གྲོས་མི་སྐོར་ཞིག་གིས་བོད་ཀྱི་སྤྱི་དོན་ལས་ཆོལ་ཆོས་དང་། གཞུང་ལས་སྒེར། བཅའ་ཁྲིམས་ཀྱི་རྩ་འཛིན་ལས་ནང་གསེས་ཀྱི་དོན་ཚན་རེ་ཟུང་གལ་ཆེན་དུ་བརྩིས་པ་ནི། ཁྲིམས་བཟོ་ལྷན་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྩི་བཀུར་བྱེད་སྟངས་རེད།

༣༽ བཙན་བྱོལ་ལོ་རྒྱུས་ནང་གི་ནག་ཉེས།

ཁྲིམས་ཐོག་ནས་ཆོས་བརྒྱུད་དབྱེ་འབྱེད་བྱས་པའི་གནད་དོན་འདིས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་ཆོས་བརྒྱུད་ཀྱི་རྗེས་འཇུག་རྣམས་ཀྱི་འདྲ་མཉམ་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་མ་ཟད། ལག་ལེན་གྱི་ཐོག་ནས་ཀྱང་གཉའ་གནོན་དང་། མཐོང་ཆུང་དྲག་པོ་བྱས་ཡོད་པས། ཇོ་ནང་པའི་དད་ལྡན་མང་ཚོགས་ཀྱི་སེམས་ཁོང་དུ་བརྗེད་ཐབས་བྲལ་བའི་རྨ་ཁ་བཟོས་ཡོད། དེར་བརྟེན་བོད་མིའི་ཆིག་སྒྲིལ་དང་མཐུན་ལམ་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ལ། བོད་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་མིན་པའི་བདེན་དཔང་ཡང་བྱས་ཡོད་པས། དམངས་གཙོའི་ཁྲིམས་ལུགས་རིག་པའི་ཐོག་ནས་བལྟས་ན། རྒྱལ་སྤྱིའི་དམངས་གཙོའི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ནག་ཉེས་ཤིག་ཆགས་ཡོད།

སྤྱིར་བཏང་བཤད་ན། བཙན་བྱོལ་བོད་མི་རྣམས་ནི་འཐབ་རྩོད་པ་ཞིག་ཡིན་ལ། དེའི་རྩ་དོན་འཐབ་རྩོད་ཀྱི་སྲོག་རྩ་ནི་མཐུན་སྒྲིལ་དང་ཆིག་སྒྲིལ་ཡིན་མོད། དེའི་གྲོས་ཁང་ནས་བཟོས་པའི་བཅའ་ཁྲིམས་ནང་འགལ་ཅན་འདིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དབྱེ་འབྱེད་ཀྱི་གཡུལ་འཁྲུག་དྲག་པོ་བསླངས་ཏེ། ཆོས་བརྒྱུད་བར་གྱི་མཐུན་ལམ་དང་། བོད་མིའི་ཆིག་སྒྲིལ་གྱི་གོང་བུ་རྩ་གཏོར་བཏང་ཡོད་པས། མ་འོངས་པར་ལོ་རྒྱུས་རིག་པའི་ལྟ་སྟངས་ཐོག་ནས་བཙན་བྱོལ་བོད་མིའི་ལོ་རྒྱུས་དངོས་འབྲི་བྱེད་སྐབས། བཙན་བྱོལ་བོད་མིའི་གྲོས་ཁང་ནས་དམངས་གཙོའི་མིང་བྱང་འོག ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་ནས་ཕུད་ཅིང་། བྱེས་སྡོད་ཇོ་ནང་པ་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འདྲ་མཉམ་དང་། ཆོས་དད་རང་དབང་བཙན་འཕྲོག་བྱས་ཏེ། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པར་བྱས་པ་སོགས་སྐྱུག་བྲོ་བའི་ཟིན་ཐོ་དེ་དག བཙན་བྱོལ་བོད་མིའི་ལོ་རྒྱུས་དང་ཁ་འབྲལ་ཐབས་མེད་ཅིང་། དེ་དག་ཞིབ་འབྲི་མི་བྱེད་ཐབས་མེད་ཡིན་པས། འདི་ལ་བཙན་བྱོལ་ལོ་རྒྱུས་ནང་གི་ནག་ཉེས་དང་ཉེས་ཅན་པ་ཟེར་བ་ལས། གཞན་ལོ་རྒྱུས་ཐོག་གི་ཉེས་ཅན་པ་ཟེར་དུས་མགོ་ལ་ལྕགས་ཀྱི་རྭ་དང་། རྐང་ལག་ལ་ཟངས་ཀྱི་སྡེར་མོ་ཡོད་པ་ཞིག་ཡིན་མི་དགོས།

༤༽ ༸གོང་ས་མཆོག་གི་དགོངས་གཞི་དང་འགལ་བ།

༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་ཀྱི་དམ་བཅའ་བཞིའི་ནང་གི་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་བཞེད་བཞིན། ཁོང་གིས། ནམ་རྒྱུན་དུས་འཁོར་བསྟན་པའི་བཀའ་བབས་རྒྱལ་བ་ཇོ་ནང་པ་ཞེས་ཚད་མཐོའི་བསྟོད་བསྔགས་དང་གདེང་འཇོག་ཐེངས་དུ་མར་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༢༣ ཉིན་བརྩམས་གནང་མཛད་པའི་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་དུ། “མདོ་རྒྱུད་གཞན་དང་བཞད་སྲོལ་མི་འདྲ་བའི།། ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།། མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།” ཅེས་སངས་རྒྱས་བསྟན་པའི་སྙིང་པོ་ངེས་དོན་བསྟན་པ་དར་རྒྱས་ཡོང་བའི་ཐུགས་སྨོན་མཛད་ཡོད་ལ། ད་དུང་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན། ཇོ་ནང་ཆོས་བརྒྱུད་ལ་བསྩལ་བའི་བཀའ་ཡིག་ཏུ། “ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་མཐུན་རྐྱེན་གང་ཐུབ་སྒྲུབ་པ་ཚང་མའི་ཐུགས་ངེས་ཡིན་ལ།” ཞེས་ཆོས་བརྒྱུད་བྱེ་བྲག་པ་ཞིག་ཏུ་ངོས་འཛིན་གསལ་བོར་གནང་ཐོག ཆོས་བརྒྱུད་ཆེན་པོའི་ཐ་སྙད་ཀྱང་དངོས་སུ་སྦྱར་དེ་ནན་ཏན་དུ་གསུངས་ཡོད།

འོན་ཀྱང་། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས། ༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་ཡོངས་སུ་འགལ་བའི་བཅའ་ཁྲིམས་བཟོས་པ་ནི། ༧གོང་ས་མཆོག་གིས་གསོལ་བསྩལ་མཛད་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་གཙབ་རལ་དུ་བཏང་བ་ཡིན་ལ། ཁྲིམས་ཐོག་ནས་༧གོང་ས་མཆོག་གི་དགོངས་གཞི་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གི་ཁ་གཏད་དུ་ལངས་པ་ཡིན།

༤༽ འཛམ་གླིང་རྒྱལ་སྤྱིའི་མདུན་གྱི་ངོ་ཚ།

ང་ཚོས་རྒྱལ་སྤྱིའི་ཐོག་བོད་ནང་དུ་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་འདུག་ཅེས་ཞུ་གཏུག་བྱེད་ཀྱིན་ཡོད་མོད། དོན་ངོ་མར་སོ་སོ་རང་ཉིད་ཀྱི་དམངས་གཙོའི་སྒྲིག་འཛུགས་ནང་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་འདྲ་མཉམ་གྱི་ཐོབ་ཐང་། ཁྲིམས་ཐོག་ནས་བཙན་འཕྲོག་བྱས་ཤིང་། ད་དུང་གཉའ་གནོན་དང་མཐོང་ཆུང་ཚད་ལས་འདས་པ་གཏོང་བཞིན་ཡོད་པ་ནི། དམངས་གཙོའི་རྒྱལ་ཁབ་ཁག་གཞིར་བཞག ཐ་ན་དགྲ་བོའི་མདུན་དུ་ཡང་ངོ་ཚ་ཞིང་ཡ་ང་བའི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད། དེ་ལ་ཉེ་བར་མཁོ་བའི་གསལ་བསྒྲགས་ཀྱི་རྒྱུ་ཆ་གལ་ཆེན་ཁག་ཀྱང་མཁོ་སྤྲོད་བྱས་ཡོད།

དཔེར་ན། ནམ་རྒྱུན་ཕར་ཕྱོགས་ནས། “ཡུལ་གྱར་བོད་མིའི་སྲིད་གཞུང་དམངས་གཙོ་མ་རེད། དྲང་བདེན་མ་རེད། བྲན་གཡོག་ལམ་ལུགས་དང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྙིང་པ་དེ་བསྐྱར་གསོ་བྱས་པ་རེད།” ཅེས་སྐྱོན་བརྗོད་དང་། ཡོངས་བསྒྲགས་བྱེད་བཞིན་ཡོད་པ་འདི་མཐར་གཏུག་ན། གནད་དོན་འདི་དང་འབྲེལ་བ་ཆེན་པོ་ཡོད་པས། འདིས་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་གནས་བབས་ལ་ཡང་གནོད་པ་ཚབ་ཆེན་བཟོས་ཤིང་། ཕར་ཕྱོགས་གཞུང་གི་དྲིལ་བསྒྲགས་ལ་གོ་སྐབས་དང་མཐུན་རྐྱེན་མང་པོ་སྤྲད་ཡོད།

ད་དུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ལག་ལེན་གཉིས་ཀྱི་ཐོག་ནས། རྒྱལ་སྤྱིའི་དམངས་གཙོའི་ལྟ་གྲུབ་དང་ཡོངས་སུ་འགལ་བའི་སྤྱོད་ངན་རིམ་གྲངས་ཅན་དུ་སྤེལ་ཡོད། དཔེར་ན། རྒྱལ་སྤྱིའི་སྤྱི་ཚོགས་ནང་དམངས་གཙོ་ཟེར་དུས་ཆོས་ལུགས་དང་། མི་རིགས། ཕོ་མོ། ཤ་མདོག་སོགས་གང་ཡིན་ལ་མ་ལྟོས་པར་མི་རེ་ངོ་རེར་ཐོབ་ཐང་འདྲ་མཉམ་ཡོད་དགོས་མོད། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ལྟར་འཐུས་མིའི་ཐོབ་ཐང་མེད་ལ། ཝར་ཎཱ་སློབ་ཆེན་སོགས་སུ་སློབ་ཞུགས་བྱེད་རྒྱུའི་གོ་སྐབས་ཀྱང་སྤྲད་མེད།

དེ་ལྟ་བུའི་བཙན་བྱོལ་བོད་མིའི་གྲོས་ཁང་ནས་གཏན་ལ་ཕབ་པའི་དམངས་གཙོ་འདི། འདྲ་མཉམ་དང་དྲང་བདེན་མེད་པ། དམངས་གཙོའི་ལུགས་སྲོལ་དང་ཡོངས་སུ་མི་མཐུན་པའི་སྲོལ་ངན་ཞིག་ཆགས་ཡོད་པས། གལ་ཏེ་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་ཆབ་སྲིད་པ་དང་། ཁྲིམས་ལུགས་རིག་པའི་མཁས་དབང་ཚོས་གསལ་བོར་ཤེས་ན། འདི་ནི་དམངས་གཙོའི་གཞི་རྩའི་ལྟ་བ་དང་རྒྱབ་འགལ་དུ་ཆགས་པའི་སྲོལ་ངན་ཞིག་ཏུ་ངོས་འཛིན་བྱེད་རྒྱུར་གདོན་མི་ཟ་ལ། དེའི་རྐྱེན་གྱིས་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱལ་སྤྱིའི་སྡིང་ཆའི་ཐོག་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐད་ཆ་ཤོད་སྐབས་ནུས་མེད་ཆགས་རྒྱུ་མ་ཟད། གཞན་གྱིས་ཟུར་ཟ་དང་། མཐོང་ཆུང་བྱེད་པའི་གཞི་རུ་ཡང་འགྱུར་སྲིད།

མདོར་ན་བཙན་བྱོལ་བོད་མིའི་གྲོས་ཁང་ནས་ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་འདྲ་མཉམ་སྤྲད་མེད་པའི་གནད་དོན་འདི་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཆབ་སྲིད་དང་ཆོས་ལུགས་ཀྱི་དཀའ་རྙོག་ཆེ་ཤོས་ཤིག་དང་། དེང་རབས་མང་གཙོའི་ལམ་ལུགས་ཀྱི་ཁ་གཏད་དུ་ལངས་པའི་གནད་དོན་ཆེན་པོ་ཞིག་ཀྱང་ཆགས་ཡོད།

༥༽ བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོས་མཁོ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི། ཕྱི་སྡོད་བོད་མི་སྲུང་སྐྱོབ་ཀྱི་མཁར་རྫོང་དང་གོ་མཛོད་ལྟ་བུ་ཡིན་ལ། དེ་ཡང་ཕྱི་སྡོད་བོད་མི་དམངས་ཀྱི་བཅའ་ཁྲིམས་ཡིན་པ་ལས། གྲོས་ཁང་ཁོ་ནར་དབང་བ་ཞིག་མིན། དེར་བརྟེན་བཅའ་ཁྲིམས་དེ་ཉིད་ཕྱོགས་མེད་དང་རིས་མེད་ཅིག་ཡིན་དགོས། གལ་ཏེ་དམངས་གཙོ་ཡིན་པར་ཁས་འཆེ་བའི་གཞུང་ངམ་སྒྲིག་འཛུགས་ཤིག་གི་རྩ་ཁྲིམས་སམ། བཅའ་ཁྲིམས་ནང་དུ་ནང་འགལ་དང་། ལྷག་པར་ཆོས་ལུགས་དང་མི་རིགས་སོགས་དབྱེ་འབྱེད་ཀྱི་ཚིག་ཡོད་ན། དེའི་རྐྱེན་གྱིས་སྤྱི་ཚོགས་ནང་འཁྲུག་རྩོད་དང་། འཐེན་འཁྱེར། རྩོད་གླེང་སོགས་རྒྱུན་མི་ཆད་པར་འབྱུང་ཞིང་། མཐུན་སྒྲིལ་གོང་བུ་གཅིག་གྱུར་ལ་གནོད་པ་ཚབ་ཆེན་གཏོང་བཞིན་ཡོད་པས། ༧གོང་ས་ཐམས་ཅད་མཁྱེན་པའི་རླབས་ཆེན་ཐུགས་ཀྱི་དམ་བཅའ་ཁག་གཞིར་བཟུང་། རྒྱལ་སྤྱིའི་དམངས་གཙོའི་ཁྲིམས་ལུགས་རིག་པའི་མཁས་དབང་དང་། ཉམས་མྱོང་ཅན་ལས་གྲུབ་པའི་ཚོགས་ཆུང་རྩ་འཛུགས་སམ། ཡང་ན་དེ་དག་ལས་ལམ་སྟོན་དང་བཀའ་སློབ་ཞུས་ཏེ། བཅའ་ཁྲིམས་ལ་བསྐྱར་ཞིབ་དང་བསྒྱུར་བཅོས་བྱས་ནས། ཆོས་བརྒྱུད་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་བྱས་ཏེ། གྲོས་ཁང་དུ་བོད་ཀྱི་ཆོས་བརྒྱུད་ཚང་མར་སྤྱི་འཐུས་ཀྱི་ས་མིག་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་བྱེད་དགོས།

ཕྱི་ལོ་ ༢༠༢༤ ལོའི་བཙན་བྱོལ་བོད་མིའི་སྐབས་ ༡༧ གྲོས་ཚོགས་འཚོགས་དུས་བརྒྱད་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་དྲང་བདེན་གཙུག་ཏུ་བཀུར་ཏེ། བཅའ་ཁྲིམས་བསྐྱར་བཅོས་དང་། ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་འདྲ་མཉམ་ཡོང་སླད། ཁྲིམས་འཆར་གྲོས་ཚོགས་སུ་ཕུལ་ཡང་། ཆོས་ལུགས་ཕྱོགས་ཞེན་ལ་ཤི་འཐམ་རོ་འཐམ་བྱས་ནས། སྡིག་པ་མིག་བཙུམ་བྱེད་མཁན་གྱི་གྲོས་མི་གླད་སྟོང་སྐོར་ཞིག་གིས་བཀག་འགོག་བྱས་པ་སོགས་ནམ་རྒྱུན་གྲོས་ཁང་ནང་ཆོལ་ཆོས་འཐེན་འཁྱེར་གྱི་ངུར་སྒྲ་བར་མེད་དུ་བསྒྲགས་ཏེ། བཙན་བྱོལ་བོད་མིའི་ཁོར་ཡུག་ཆུང་ཆུང་དེ་ཁྲག་ལྟར་དཀྲུགས་པས། སྤྱི་ཚོགས་ནང་གླང་གཙོ་དང་གླང་དམར་ཞེས་པའི་མིང་གི་ཆོ་ལོ་ཐོབ་ཡོད།

བཅའ་ཁྲིམས་ལ་བསྐྱར་བཅོས་བྱེད་དགོས་པ་ནི། དེའི་ཁྱབ་ཁོངས་སུ་ཡོད་པའི་ཆོས་བརྒྱུད་བྱེ་བྲག་པ་ཞིག་ལ་ཐོབ་ཐང་འདྲ་མཉམ་ཡོང་ཐབས་ཁོ་ན་མ་ཡིན་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཆོས་ལུགས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ། འདྲ་མཉམ་དང་དྲང་བདེན་གྱི་རྨང་གཞིའི་ཐོག དེང་རབས་དམངས་གཙོའི་བཅའ་ཁྲིམས་ཤིག་ཏུ་བསྒྱུར་ཐུབ་ན། དེས་བོད་མིའི་སྒྲིགས་འཛུགས་འདི་སྲ་བརྟན་དང་། ཆོལ་གསུམ་ཆོས་ལུགས་ཀྱི་མཐུན་སྒྲིལ། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་དུ་འཕེལ་བ་སོགས་མདོར་ན་ཕུག་རྒྱང་རིང་པོའི་དགོས་དམིགས་དང་ཁེ་ཕན་ཆེན་པོ་ཡོད་ལ། བཙན་བྱོལ་བོད་མིའི་དམངས་གཙོའི་མཚན་སྙན་ཡང་ཇེ་མཐོར་གཏོང་ཐུབ།

༦༽ མཇུག་བསྡོམས།

བཙན་བྱོལ་བོད་མིའི་བསྒྲུབ་བྱ་གཙོ་བོ་ནི། བོད་རང་བཙན་ནམ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་ཚད་མཐོའི་རང་སྐྱོང་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་མོད། ཤིན་ཏུ་སྟབས་ཉེས་པ་ཞིག་ལ། བཅའ་ཁྲིམས་ཀྱི་ཚིག་ཟིན་ལྟར་ཆོས་བརྒྱུད་དབྱེ་འབྱེད་དང་། དུས་རབས་ ༡༧ པའི་ནང་གི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྙིང་བར་ཨ་འཐས་གོ་འཐས། ཤི་འཐུས་རོ་འཐས་སུ་སོང་བས། དུས་རབས་གཅིག་ལྷག་གི་རིང་། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་གཡུལ་འགྱེད་རྐྱང་རྐྱང་བྱས་ནས་བསྡད་པ་ནི། གཙོ་བོ་བཙན་བྱོལ་གྲོས་ཁང་ནང་གི་གྲོས་མི་སྐོར་ཞིག་གི་བྱས་ཉེས་ཁོ་ན་ཡིན་པས། ལོ་རྒྱུས་ཀྱི་ནག་ཉེས་འདི་དག་ངོས་འཛིན་གྱིས་བཙན་བྱོལ་ཁྲོད་ཀྱི་བོད་མི་ཚོར་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་སྤྲད་དེ། གཞིས་བཞུགས་བོད་མི་ཡོངས་དང་། བཙན་བྱོལ་བོད་མིའི་མི་རབས་གསར་པ་ཚོར་དགོངས་དག་ཞུ་རྒྱུ་ཕྱི་དྲགས་པ་ལས་སྔ་མེད་དོ།།

མཆན། གོང་འཁོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

སྐར་མ ༣༦ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༨ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese