རྩོམ་པ་པོ། ཤུལ་ལུས་ཁེར་རྐྱང་།
རྩོམ་ཁུངས། བོད་ཀྱི་དུས་བབ།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༤ ཉིན་གྱི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བརྒྱད་པའི་ཐོག བཀུར་འོས་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱི་གསུང་བཤད་ལ་ལས་རིམ་རྣམ་བཞག་བཏོན་ཏེ། “དཔལ་ལྡན་ཚོགས་གཙོ་མཆོག ད་ལྟ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གནད་དོན་དེ་གཅིག་རེད། རྒྱལ་བ་ཇོ་ནང་པའི་གནད་དོན་དེ་གཉིས་རེད། གནད་དོན་འདི་ཚོ་ཚང་མ་གྲོས་ཚོགས་ནང་ལ་དཀའ་ངལ་ཡོད་པའི་གནད་དོན་རེད།” ཅེས་གསུངས་པར་གཞིགས་ཏེ། གཤམ་གསལ་དྲི་བ་འདི་དག་ལ་སྐུ་ངོ་མཆོག་ནས་ངེས་པར་དུ་ལན་འདེབས་གསལ་པོ་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ལ།
༡༽ རྒྱལ་བ་ཇོ་ནང་པ་ནི། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡང་དག་པ་དང་། དུས་རབས་ ༡༣ པའི་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས། གནས་མཆོག་ཇོ་ནང་དཔལ་གྱི་རི་ཁྲོད་དུ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་གཏན་ལ་ཕབ་པས། ལྟ་གྲུབ་དང་ལོ་རྒྱུས་གང་གི་ཆ་ནས་ཀྱང་རང་རྐང་ཚུགས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན། བསྟན་པ་འདི་ཉིད་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ “དཀའ་ངལ་” ཞིག་ཏུ་ཇི་ལྟར་གྱུར་བ་ཡིན་ནམ། ཆོས་བརྒྱུད་ཅིག་གིས་རང་གི་ཐོབ་ཐང་རྩོད་པ་དེ་གྲོས་ཚོགས་ཀྱི་དཀའ་ངལ་ཡིན་ནམ། ཡང་ན་གྲོས་ཚོགས་ཀྱིས་འོས་བབ་ཀྱི་ཐག་གཅོད་མ་ཐུབ་པ་དེ་ཉིད་དཀའ་ངལ་དུ་གྱུར་བ་ཡིན།
༢༽ ཆོས་བརྒྱུད་ཆེན་པོ་འདི་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང་། བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་དད་ལྡན་སེར་སྐྱ་ཡོངས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཇོ་ནང་པར་ཆོས་བརྒྱུད་གཞན་དང་ཐོབ་ཐང་འདྲ་མཉམ་དགོས་པའི་རྒྱབ་སྐྱོར་དུས་ནས་དུས་སུ་གནང་བཞིན་པ་འདི། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་གི་ “དཀའ་ངལ་” ཞིག་ཏུ་ཇི་ལྟར་ཆགས་པ་ཡིན་ནམ། འདི་ནི་༧གོང་ས་མཆོག་གི་བོད་ཀྱི་ཆོས་བརྒྱུད་རྣམས་དག་སྣང་དང་མཐུན་སྒྲིལ་གྱིས་གནས་དགོས་པའི་ལམ་སྟོན་དང་འགལ་བ་ཆགས་ཀྱི་མེད་དམ། བོད་ཀྱི་ཆོས་རིག་གོང་སྤེལ་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ་དེ་ཁྱེད་ཀྱིས་དཀའ་ངལ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།
༣༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན། ཆོས་ལུགས་དད་མོས་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད། ཇོ་ནང་པས་རང་ཉིད་ཀྱི་ཐོབ་ཐང་རྩོད་པ་དེ་ “དཀའ་ངལ་” དུ་བརྩི་བ་ནི། མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོས་ནས་འགན་ཁུར་མ་བཞེས་པ་དང་། ཐོབ་ཐང་འདྲ་མཉམ་ལ་བརྩི་འཇོག་མ་བྱས་པའི་རྟགས་མ་ཡིན་ནམ།
༤༽ 《འོད་སྲུང་གིས་ཞུས་པའི་མདོ་》 ལས། “འོད་སྲུང་ངའི་བསྟན་པ་ནི་མུ་སྟེགས་ཅན་དགུ་བཅུ་རྩ་དྲུག་གིས་ནི་འཇིག་པར་བྱེད་མི་ནུས་ཏེ། ངའི་དགེ་སློང་ང་དང་འདྲ་བས་འཇིག་པར་བྱེད།” ཅེས་གསུངས་པ་ལྟར། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཁག་གི་བར་ལ་མཐོང་ཆུང་དང་། ཁྱད་གསོད། ཕྱོགས་རིས་བཅས་བྱེད་པ་ནི་བསྟན་པ་ནང་ནས་བཤིག་པའི་རྒྱུ་རེད། ཇོ་ནང་པའི་ཆོས་བརྒྱུད་འདི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གཞན་དང་འདྲ་བར་སངས་རྒྱས་ཀྱི་བསྟན་པའི་ཆ་ཤས་གལ་ཆེན་ཞིག་ཡིན་པས། འདི་ལ་དབྱེ་འབྱེད་བྱེད་པ་དེས་སངས་རྒྱས་ཀྱི་བསྟན་པ་ནང་ནས་བཤིག་པའི་ཉེན་ཁ་བཟོ་བཞིན་ཡོད་པ་མ་ཡིན་ནམ།
༥༽ བཀུར་འོས་སྐུ་ངོ་ལགས་ཀྱིས་མཁྱེན་གསལ་ལྟར། རྒྱལ་བ་ཇོ་ནང་པས་མི་ལོ་ ༣༠ ལྷག་གི་རིང་ལག་གཉིས་ཐལ་མོ་སྦྱར་ཏེ། མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་བཟོ་ལྷན་ཚོགས་སུ་ཁྲིམས་མཐུན་གྱི་རེ་སྐུལ་ཞུས་པ་དེ། བཅའ་ཁྲིམས་ཀྱི་དགོངས་དོན་གང་དང་འགལ་བ་ཡིན་ནམ། དྲང་བདེན་གྱི་རེ་འདུན་འདིས་གྲོས་ཚོགས་ཀྱི་ལས་དོན་གང་ལ་གནོད་ཀྱི་ཡོད་དམ། བོད་ཀྱི་ཆོས་རིག་དང་མཐུན་སྒྲིལ་གང་ལ་གནོད་ཀྱི་ཡོད་དམ། ཡང་ན་སྐུ་ངོ་མཆོག་གི་ལྟ་བ་དང་ཕྱོགས་རིས་ཀྱི་གོ་ས་འདི་ཉིད་སྲུང་སྐྱོབ་བྱེད་ཆེད་དུ། བོད་ཀྱི་ཆོས་བརྒྱུད་དྭངས་མ་ཞིག་གི་ཐོབ་ཐང་དེ་ “དཀའ་ངལ་” གྱི་མིང་བྱང་འོག་ནས་མེད་པར་བཟོ་འདོད་པ་ཡིན་ནམ། མང་གཙོའི་ལམ་ལུགས་ནང་མི་མང་གི་རེ་འདུན་ཞུ་བ་དེ་དཀའ་ངལ་ཞིག་ཡིན་ནམ། ཡང་ན་དེ་ལ་ལན་འདེབས་དང་འགན་ཁུར་མི་ཕོད་པའི་ཁྱེད་ཀྱི་ལངས་ཕྱོགས་དེ་དཀའ་ངལ་ཡིན།
སྐུ་ངོ་ལགས་ཀྱིས་གནད་དོན་འདིའི་ཐད་གཞིས་བྱེས་ཇོ་ནང་པ་ཡོངས་དང་། བསྟན་པ་འདིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ངེས་པར་དུ་དགོངས་གསོལ་དང་གསལ་བཤད་གནང་དགོས།
མཆན། གོང་འཁོད་རྩོམ་ཡིག་འདི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།