དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་བསྟུན་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་སོང་།

དེ་རིང་ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་དང་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ནས་༸མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།
དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ཀྱི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ནས་གཞིས་བྱེས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་ཡིན། དབུས་གཙང་ཆོལ་ཁའི་དབུས་ས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མགོ་མཇུག་བར་གསུམ་དུ་ལས་ཀ་མཉམ་དུ་བྱས་པ་དང་། རྒྱས་འཛོམས་ཐུགས་སྤྲོ་བཏང་བ་སོགས་མཉམ་དུ་བྱས་ཏེ་ཡག་པོ་ཞེ་དྲགས་བྱུང་། ཚོགས་པ་གསུམ་མཐུན་པོ་བྱས་པ་དེ་དཔེ་མཚོན་ཡག་པོ་ཞིག་རེད་བསམ་གྱི་འདུག མི་མང་རྣམས་ཀྱིས་སྔོན་འགྲོའི་ཞབས་རིམ་ཧ་ཅང་ཡག་པོ་བསྒྲུབས་འདུག ༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཞབས་རིམ་འགྲུབ་པ་དང་། ༸མགོན་པོ་གང་ཉིད་མཆོག་གི་བཀའ་བཞིན་འགྲུབ་རྒྱུ་གལ་ཆེན་པོ་རེད། དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་ཡོད། དེའི་མཚོན་དོན་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གང་མགྱོགས་ཞབས་སོར་འཁོད་རྒྱུ་དང་། དེའི་འོད་ཟེར་འཛམ་གླིང་དུ་ཁྱབ་ནས་བོད་དང་རྒྱ་ནག་བར་ཞི་འཇམ་ཡོང་རྒྱུ། དེང་སང་འཛམ་གླིང་ནང་དམག་འཁྲུག་མང་པོ་འབྱུང་གི་ཡོད་པ་དེ་དག་ཞི་འཇམ་དུ་ཡོང་རྒྱུའི་ཆེད་དུ་འཇིག་རྟེན་ཀུན་ཁྱབ་ཀྱི་གཟེངས་རྟགས་ཕུལ་ཡོད། དངོས་སུ་འགྲོ་སོང་ཕྱིན་པ་རྣམས་ཕུད་པའི་མི་མང་གིས་བརྟན་བཞུགས་ཀྱི་ཆེད་དུ་ཞལ་འདེབས་གནང་བ་རྣམས་དགའ་ལྡན་ཕོ་བྲང་ལ་འབུལ་རྒྱུ་ཡིན། ཞེས་བརྗོད་བྱུང་།
མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་གི་ཚོགས་གཙོ་སྨན་པ་བསོད་ནམས་ཕུན་ཚོགས་ལགས་ཀྱིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་རིང་པོ་གནས་རྒྱུ་དང་། ང་ཚོ་ཚང་མས་༸མགོན་པོ་གང་ཉིད་མཆོག་གི་བཀའ་བཞིན་བསྒྲུབ་རྒྱུའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུ་ཡི་ཡོད། ད་ལན་གྱི་བརྟན་བཞུགས་སྐབས་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ་ནས་ཚོགས་བཅར་བ་ ༡༠༠ ལྷག་དང་། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་ནས་ཚོགས་བཅར་བ་ ༦༠༠ ཙམ། དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ནས་ཚོགས་བཅར་བ་ ༦༠༠ ཙམ་ཡོད། ང་ཚོའི་ལས་དོན་རྣམས་༸གོང་ས་མཆོག་གི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་བཞིན་བསྒྲུབ་རྒྱུ་དང་། མང་ཚོགས་ནས་བྱམས་སྙིང་རྗེ་དང་། སྟོང་ཉིད་ཀྱི་ལྟ་བ། གཞན་ལ་གནོད་འཚེ་མི་བྱེད་པའི་ཐོག་ནས་ལས་དོན་བྱ་རྒྱུའི་ཁས་ལེན་བྱས་ཡོད། ང་ཚོ་ཚོགས་པ་གསུམ་ཟུང་འབྲེལ་གྱིས་དངུལ་ལས་གྲུབ་པའི་རྗེ་བཙུན་སྒྲོལ་དཀར་དང་། རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པས་ཐུགས་རྟེན་གྱི་རྣམ་རྒྱལ་མཆོད་རྟེན། སྐྱིད་གྲོང་སྐྱིད་སྡུག་གིས་ཚེ་དཔག་མེད་ཀྱི་སྐུ། དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ཀྱིས་རྣམ་རྒྱལ་མ་འབུལ་གྱི་ཡོད། དེ་བཞིན་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་དང་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་ཡི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་དགེ་བཤེས་དར་རྒྱས་ལགས་ཀྱིས། ༸གོང་ས་རྒྱལ་བ་རིན་པོོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། ༸མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་སླད། གཞིས་ལ་ཡོད་པའི་རྫ་ཆུ་ཁའི་མི་མང་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་ཡི་ཡོད། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པས་༸གོང་ས་མཆོག་ལ་ནོར་བུ་པདྨ་ཅན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་ཡི་ཡོད། གཟེངས་རྟགས་ནང་སྤྱན་རས་གཟིགས་དང་། ནོར་བུ། པདྨ་ཡོད་པ་དང་། ༸གོང་ས་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བའི་སྐུ་ཡིན་པའི་མཚོན་དོན་གྱི་ཆེད་དུ་ནོར་བུ་པདྨ་ཅན་ཕུལ་ཡོད། སྤྱིར་བཏང་ནོར་བུ་ནི་བྱང་ཆུབ་ཀྱི་སེམས་དང་། པདྨ་ཡི་སྟོང་ཉིད་རྟོགས་པའི་ལྟ་བ་མཚོན་གྱི་ཡོད་པ་རེད། ༸གོང་ས་མཆོག་གི་ཐུགས་བསྐྱེད་གཙོ་བོ་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གནང་གི་ཡོད་པར་བརྟེན། དེའི་མཚོན་དོན་དུ་ནོར་བུ་པདྨ་ཅན་གྱི་གཟེངས་རྟགས་ཕུལ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།



