སར་སྦེ་སིལ་སྒུལཌ་ལགས་ཀྱི་ཚ་མོ་ཧྥ་རན་སི་སི་ལགས་ཀྱིས་འགྲེམས་སྟོན་གྱི་ཡིག་ཆ་དེ་དག་ལས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་ཡོད་ཅེས་བརྗོད་སོང་།

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སར་སྦེ་སིལ་སྒུལཌ་ (Frontier Diplomacy: Britain, Tibet and Sir Basil Gould) ཞེས་པའི་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སར་སྦེ་སིལ་སྒུལཌ་ལགས་ཀྱི་ཚ་མོ་ཧྥ་རན་སི་སི་ (Frances C Cutler) ལགས། བཟའ་ཟླ་རྗོ་ནཱ་ཐན་ (Jonathan Cutler) ལགས། དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ལས་བྱེད་སོགས་མཉམ་ཞུགས་གནང་ཡོད་འདུག
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། དེ་རིང་གི་འགྲེམས་སྟོན་དེ་ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སར་སྦེ་སིལ་སྒུལཌ་ཞེས་པའི་བརྗོད་གཞིའི་ཐོག་རེད། བརྗོད་གཞི་དེ་ལོ་གཅིག་གི་གོང་ནས་གྲ་སྒྲིག་གནང་བ་ཆགས་ཀྱི་ཡོད། དབྱིན་ཡུལ་གྱི་ལོན་ཌོན་དུ་སར་སྦེ་སིལ་སྒུལཌ་ (Sir Basil Gould) དང་འབྲེལ་བའི་དངོས་རྫས་དང་། ཡིག་ཚགས་མང་པོ་ཞིག་རིན་སྡུར་ཚོང་བསྒྱུར (auction) གནང་གི་ཡོད་པ་ཤེས་རྟོགས་བྱུང་ནས་ལོན་ཌོན་གྱི་སྐུ་ཚབ་དོན་གཅོད་དབྱངས་སྐྱིད་ལགས་བརྒྱུད་ནས་ནང་མི་ལ་འབོད་སྐུལ་ཞུས་པ་གཞིར་བཟུང་། ཁོང་ཚོས་ཡིག་ཆ་གལ་ཆེན་གཉིས་ཕུལ་བྱུང་། ཕྱི་ལོ་ ༡༩༤༧ ཟླ་ ༡༠ ཚེས་ ༡༠ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་མཆོག་གིས་སར་སྦེ་སིལ་སྒུལཌ་ལགས་ལ་ཕུལ་བའི་ཕྱག་བྲིས་དེ་ངོ་མ་བྱུང་ཡོད་པ་རེད། ནང་མི་རྣམས་ཀྱིས་ཀྱང་དེ་དང་འབྲེལ་བའི་འགྲེམས་སྟོན་ཞིག་གནང་རྒྱུ་དང་། ང་ཚོར་དུས་རྒྱུན་ནས་བོད་ཀྱི་རྩ་དོན་དང་བདེན་པ་ར་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ད་ལྟ་སྐལ་བ་བཟང་པོ་ཞེ་དྲགས་རེད། རིན་ཐང་ཆེ་བའི་ཡིག་ཆ་གཉིས་བྱུང་བ་དང་། སར་སྦེ་སིལ་སྒུལཌ་ལགས་བོད་ནང་དུ་ཕྱི་ལོ་ ༡༩༡༢ ནས་ ༡༩༤༤ བར་ཕེབས་ཏེ་བོད་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་གང་འདྲ་ཡིན་མིན་སོགས་ཟབ་ཅིང་རྒྱས་པ་ཞིག་འཁོད་ཡོད་པ་རེད། དེའི་ནང་དམིགས་བསལ་གྱིས་ང་ཚོ་བོད་རང་བཙན་གཙང་མ་ཡིན་པའི་དཔང་རྟགས་ཀྱང་མང་པོ་ཞིག་ཡོད་པ་རེད། ཅེས་བརྗོད་བྱུང་།
ཁོང་གིས། ཕྱི་ལོ་ ༡༨༤༧ ཟླ་ ༡༠ ཚེས་ ༡༠ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། སྟག་བྲག་རིན་པོ་ཆེ་མཆོག་གིས་སར་སྦེ་སིལ་སྒུལཌ་ལགས་ལ་ཕུལ་བའི་ཕྱག་བྲིས་དེའི་ནང་། རྩིས་དཔོན་ཞྭ་སྒབ་པ་དང་ཁོང་གི་ཕྱག་རོགས་གཅིག་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་བཅུའི་ནང་ཚོང་འབྲེལ་གྱི་འབྲེལ་བ་བྱེད་དུ་འཇུག་རྒྱུའི་ལམ་ཡིག་དེ་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་རྒྱ་གར་གྱི་དཔོན་རིགས་སར་སྦེ་སིལ་སྒུལཌ་ལགས་ལ་ཕུལ་བ་རེད། དེ་ལ་བརྟེན་ནས་ང་ཚོ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་ཆེན་པོ་ཞིག་རེད་བསམ་གྱི་འདུག ང་ཚོས་ལམ་ཡིག་ཕུལ་བ་གཞིར་བཟུང་ཁོང་ཚོས་ཞལ་བཞེས་གནང་སྟེ། རྩིས་དཔོན་ཞྭ་སྒབ་པ་རྒྱལ་ཁབ་བཅུའི་ནང་ཕེབས་ཏེ་ཚོང་འབྲེལ་གྱི་འབྲེལ་བ་མང་པོ་ཞིག་གནང་ཡོད་པ་རེད། འབྲས་ལྗོངས་སུ་རྩིས་དཔོན་ཞྭ་སྒབ་པའི་ཚ་བོ་ཡིས་རྩིས་དཔོན་ཞྭ་སྒབ་པའི་ལྷམ་ཞལ་འདེབས་གནང་སོང་། དེ་བཞིན་བྱང་ཤར་དུ་ཡོད་པའི་དགའ་ལྡན་ཐར་པ་ཆོས་གླིང་འགྲེམས་སྟོན་ཁང་གིས་ཟླ་བ་བཞིའི་རིང་རྩིས་དཔོན་ཞྭ་སྒབ་པའི་ཕྱུ་པ་གཡར་སོང་། དཔེ་མཛོད་ནང་ཕྱག་བྲིས་རྙིང་པ་དང་། དཔེ་དེབ་རྙིང་པ། སར་སྦེ་སིལ་སྒུལཌ་དང་བོད་འབྲེལ་བའི་མང་པོ་ཞིག་འགྲེམས་སྟོན་ཞུས་ཡོད་པ་རེད། བོད་ཀྱི་འགྲེམས་སྟོན་ཁང་གི་ལོ་རྒྱུས་དེ་འདས་པའི་བྱ་གཞག་གཅིག་པོ་མིན་པར་ད་ལྟ་དང་མ་འོངས་པའི་མི་རབས་བར་གསོན་པོ་གནས་ཐུབ་ཐབས་སུ་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དང་། གཞོན་སྐྱེས་ཚོ་དང་ལྷན་དུ་མཉམ་ལས་ཀྱི་འབྲེལ་བ་དང་ལས་དོན་མང་པོ་ཞིག་རྩོམ་གྱི་ཡོད། ད་ལྟའི་ཆར་སྙིང་སྟོབས་གླིང་དང་། མངོན་དགའ་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང་། ཀུན་ཕན་བཅས་གཞུང་ཁོངས་མ་ཡིན་པའི་ཚོགས་པ་བཞི་དང་མཉམ་འབྲེལ་བྱས་ནས་ཕྱི་ལོ་ ༡༩༤༠ ལོའི་གསེར་ཁྲི་མངའ་གསོལ་གྱི་རི་མོ་མང་པོ་ཞིག་བྲིས་ཡོད་པ་དེ་དག་འགྲེམས་སྟོན་བྱས་ཡོད། ཅེས་བརྗོད་བྱུང་།
ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། དེ་རིང་བོད་ཀྱི་འགྲེམས་སྟོན་ཁང་གིས་ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་གོ་སྒྲིག་ཞུས་ཡོད་པ་རེད། སར་སྦེ་སིལ་སྒུལཌ་ལགས་བོད་ལ་ཕེབས་ཏེ། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་རེད། རྒྱ་ནག་གིས་བོད་ནང་ཆོས་དང་རིག་གཞུང་། ལོ་རྒྱུས། བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་ཡོད་ལ། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་སོགས་བོད་དེ་ཤུལ་མེད་བཟོ་རྒྱུའི་དུས་ལ་སླེབས་སྐབས། སར་སྦེ་སིལ་སྒུལཌ་ལགས་འབྲས་སྤྱི་འགན་འཁུར་བཞེས་ཏེ་བོད་ལ་ཐེངས་ཁ་ཤས་ཕེབས་ཡོད་པ་རེད། ལྷག་པར་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསེར་ཁྲིར་མངའ་གསོལ་གནང་བའི་སྐབས་ཕེབས་ཏེ། དེའི་སྐབས་ཀྱི་བྱུང་རིམ་དེ་དག་ (The Jewel in the Lotus) ཞེས་པའི་དེབ་ནང་བཀོད་ཡོད་པ་རེད། དེ་དག་ལོ་རྒྱུས་ཀྱི་ཐོག་ནས་ཆ་ཤས་གལ་ཆེན་པོ་ཞིག་ཡིན་པ་དང་། སྐབས་དེ་དུས་བོད་དེ་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་རྟོགས་དང་། འཛམ་གླིང་ལ་སྟོན་དགོས་པའི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། འགྲེམས་སྟོན་འདི་གོ་སྒྲིག་ཞུས་པ་རེད། བོད་ཀྱི་འགྲེམས་སྟོན་ཁང་དེ་བོད་མིའི་འཐབ་རྩོད་དང་འབྲེལ་བ་ཡོད་པའི་འགྲེམས་སྟོན་ཆགས་ཀྱི་ཡོད། དེར་བརྟེན་དུས་ཐུང་འགྲེམས་སྟོན་དང་། སྐོར་སྐྱོད་ཀྱི་འགྲེམས་སྟོན་གནང་སྐབས། བོད་པའི་རྩ་དོན་དང་འབྲེལ་བ་ཡོད་པ་ཞིག་བསམ་བློ་གཏོང་དགོས་ཀྱི་འདུག འགྲེམས་སྟོན་ཁང་དང་འབྲེལ་ནས་ལེགས་སྤེལ་ཉེན་འགོག་གི་དགོངས་འཆར་སོགས་གནང་རོགས་གནང་། ཞེས་བརྗོད་སོང་།
སར་སྦེ་སིལ་སྒུལཌ་ལགས་ཀྱི་ཚ་མོ་ཧྥ་རན་སི་སི་ (Frances C Cutler) ལགས་ཀྱིས། སར་སྦེ་སིལ་སྒུལཌ་ལགས་ཀྱིས་ཚོང་དོན་ལས་ཁུངས་ཀྱི་འགན་འཁུར་བའི་སྐབས་བོད་ཀྱི་བུ་ཕྲུག་བཞི་ཤེས་ཡོན་སྦྱོང་བའི་ཆེད་དུ་དབྱིན་ཡུལ་དུ་བསླེབས་པ་རེད། སློབ་མ་ཆུང་ཤོས་ཀྱིས་ལོན་ཌོན་དུ་བཟོ་སྐྲུན་རིག་གནས་ཐོག་སློབ་སྦྱོང་བྱས་པ་དང་། བོད་དུ་ཕྱིར་ལོག་རྗེས་ལྷ་སའི་ཉེ་འགྲམ་དུ་ཆུ་གློག་ཁང་ཞིག་བཙུགས་ཏེ། བཀའ་ཤག་དང་དབྱིན་ཡུལ་གྱི་དཔོན་རིགས་རྣམས་ཀྱི་སྐད་སྒྱུར་གྱི་ཕྱག་ལས་གནང་ཡོད་པ་རེད། ངའི་སྤོ་སྤོ་ལགས་དང་བུ་ཕྲུག་དེ་དག་གི་འབྲེལ་བ་ལ་བལྟས་ནས་པཱ་ལགས་ཀྱིས་ནང་མི་དང་མཉམ་དུ་བོད་མི་སྐྱབས་བཅོལ་བ་གཞོན་པ་ཚོར་དུས་ཚོད་བཏང་བར་སེམས་འགུལ་ཐེབས་ཡོད་སྲིད་པ་རེད། དེར་བརྟེན་ང་རང་བོད་མི་ཉི་མ་དང་བློ་བཟང་། སྐལ་བཟང་། དབྱངས་ཅན། ཚེ་རིང་ཤཱཀྱ་སོགས་ཀྱི་མཉམ་དུ་འཚར་ལོངས་བྱུང་། ལོ་བརྒྱད་ལ་སླེབས་སྐབས་ངས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་ལ་ལས་གཞི་ཞིག་བཟོས་ཡོད། ཕྱི་ལོ་ ༡༩༦༧ ལོར་དབྱིན་ཡུལ་དུ་ཡོད་པའི་ལོ་ན་བརྒྱད་ཅན་གྱི་བྱིས་པ་གཞན་སུ་ཞིག་གིས་ཀྱང་བོད་དང་ཏཱ་ལའི་བླ་མའི་སྐོར་ཐོས་མྱོང་མེད་པ་རེད། ལོ་ངོ་ ༦༠ རྗེས་སུ་ཁ་སང་ཕྱི་ཚེས་ ༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང་། ཞེས་དང་། ཕྱི་ལོ་ ༢༠༢༤ ལོར་ཨ་མ་ལགས་འདས་གྲོངས་སུ་ཕྱིན་རྗེས་ཕ་མའི་རྒྱུ་ནོར་དབྱེ་འབྱེད་བྱེད་མགོ་ཚུགས་པ་དང་། དེའི་ནང་དེ་སྔ་མཐོང་མ་མྱོང་བའི་ཡིག་ཆ་དང་ཅ་དངོས་རྙེད་ཡོད་སྐོར་དང་། འདས་ལོའི་ཕྱི་ཟླ་ ༧ པའི་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཡིག་ཆ་དེ་དག་ཕུལ་ཡོད་སྐོར། ད་ལྟའི་ཆར་བོད་ཀྱི་འགྲེམས་སྟོན་ཁང་དུ་ཡིག་ཆ་དེ་དག་འགྲེམས་སྟོན་བྱས་པ་དེ་འོས་ཤིང་འཚམ་པ་དང་དོན་སྙིང་ལྡན་པ་ཞིག་ཡིན་སྐོར། ཡིག་ཆ་དེ་དག་ལས་ཕྱི་ལོ་ ༡༩༤༧ ལོར་ཨ་རི་དང་དབྱིན་ཡུལ་གཉིས་ཀྱིས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་ཡོད་པ་གསལ་སྟོན་བྱས་ཡོད་སྐོར་སོགས་བརྗོད་སོང་།
ཁོང་མོས། ང་ཚོར་བོད་མིའི་རང་དབང་འཐབ་རྩོད་པ་དང་། བོད་ཀྱི་སྐུ་ཚབ་དོན་ཁང་གིས་འབྲེལ་བ་བྱས་ཏེ། ཡིག་ཆ་དེ་དག་གལ་ཆེན་པོ་ཡིན་པའི་འགྲེལ་བརྗོད་གནང་སོང་། སྐབས་དེ་དུས་ངས་ནང་མི་དང་མཉམ་དུ་གྲོས་བསྡུར་བྱས་ཏེ། ཡིག་ཆ་དེ་དག་བོད་མི་རྣམས་ལ་གལ་ཆེན་པོ་ཡིན་པ་དང་། བོད་མི་རིགས་ལ་དབང་བ་ཞིག་རེད་ཅེས་བརྗོད་པ་ཡིན། དེ་ཡང་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་ནི་ཡིག་ཆ་དེ་དག་ལ་ལོ་རྒྱུས་ཀྱི་གལ་གནད་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་། རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་པོར་བསྟན་ཡོད། གནད་དོན་དེ་ཤེས་རྟོགས་བྱུང་རྗེས་ཐག་གཅོད་བྱས་པ་ཡིན། ཡིག་ཆ་དེ་དག་རྩིས་སྤྲོད་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་ལ་སྤོབས་པ་ཆེན་པོ་བྱུང་། དབྱིན་ཡུལ་དུ་ཡོད་པའི་མི་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་སོགས་བོད་དོན་སྐོར་ལ་ཤེས་རྟོགས་གང་ཡང་མེད། ང་ཚོས་ཉིན་ཞིག་བོད་ཀྱི་ལོ་རྒྱུས་ལ་དྲང་བདེན་དང་ཞི་བདེའི་མདུན་ལམ་ཞིག་འཚོལ་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ང་ཚོའི་ལོ་རྒྱུས་ཀྱི་གནས་བབ་གལ་ཆེན་པོ་ཡིན་པར་བརྟེན། ད་ལྟ་བར་དུ་མང་ཚོགས་དང་གྲོས་ཚོགས། རྒྱལ་སྤྱིའི་ནང་ཕྱིན་པའི་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ལ་ནུས་པ་དང་རིན་ཐང་ཡོང་རྒྱུའི་ཆེད་དུ་མཐའ་གཉིས་ཡོད་པ་དང་། མཐའ་གཅིག་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་གནས་བབ་དང་། དེ་ཚོའི་ཐོག་ལ་ཤུགས་རྒྱག་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། རྒྱ་གར་དང་དབྱིན་ཇིའི་འབྲེལ་བ་དེ་ཡུ་རོབ་ནང་ལ་ཆ་བཞག་ན། ཡུ་རོབ་རྒྱལ་ཁབ་མང་པོ་ཡོད་པ་རེད། ད་ལྟ་ཡུ་རོབ་སྤྱི་མཐུན་ནང་ ༢༧ ཡོད་ཀྱང་། ང་ཚོ་དང་ཆབ་སྲིད་ཀྱི་འབྲེལ་བ་དེ་དབྱིན་ཇིའི་མཉམ་དུ་ཐག་ཉེ་ཤོས་ཆགས་ཀྱི་ཡོད་པ་རེད། དེ་ཡང་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན། ཕྱི་ལོ་ ༡༧༧༤ ལོར་རྗོར་ཇི་ (George Bogle) ལགས་བོད་ནང་དུ་གཞུང་གི་མི་སྣའི་ངོ་བོའི་ཐོག་ནས་ཡོང་བ་ཐེངས་མ་དང་པོ་ཆགས་ཀྱི་ཡོད་པ་རེད། ལོ་གཉིས་གོང་ལ་ཁོང་བོད་ནང་དུ་བསླེབས་ཏེ་ལོ་ ༢༥༠ འཁོར་བ་རེད། གྲོགས་པོ་ཁག་ཅིག་གིས་སི་ཀོ་ཌི་ལན་ཌི་ (Scotland) རུ་ཁོང་ལ་དྲན་གསོ་བྱེད་ཀྱི་ཡིན་ཟེར་གྱི་འདུག དེ་ནས་ཐོ་མ་སི་ (Thomas Manning) ལགས་བོད་ལ་བསླེབས་ཡོད་པ་རེད། འགའ་ཤས་ཀྱིས་ལྷ་ས་བར་དུ་བསླེབས་ཡོད་རེད་ཟེར་གྱི་འདུག་ཀྱང་། ལྷ་ས་བར་དུ་བསླེབས་པའི་སྒྲུང་ཞེ་དྲགས་གོ་རྒྱུ་མེད་པ་རེད། རྒྱ་གར་མངའ་འོག་ཏུ་ཡོད་པའི་དབྱིན་ཇིའི་གཞུང་གིས་བོད་ནང་དུ་བོད་ཀྱི་ས་ཁྲ་བཟོ་རྒྱུའི་ཆེད་དུ་དང་། བོད་ཀྱི་ས་ཆ་རྒྱུས་ལོན་གྱི་ཆེད་དུ་མི་མང་པོ་བཏང་ཡོད་པ་རེད། ནན་སིངྒ་ (Nain Singh) དང་གྷུ་ལབ་སིངྒ་ (Gulab Singh) སོགས་མང་པོ་ཡོད་པ་རེད། ཕྱིས་སུ་རྒྱ་གར་དབྱིན་འཇིའི་གཞུང་ (British India) གིས་སཱ་ར་ཊི་ཅན་དྷ་ར་དྷ་སི་ (Sarat Chandra Das) སོགས་བཏང་ཡོད་པ་རེད། ཅེས་གསུངས་བྱུང་།

སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༡༩༡༢ ལོར་སར་སྦེ་སིལ་སྒུལཌ་ལགས་ཀྱིས་ལས་འགན་འཁུར་མགོ་བཙུགས་ཏེ་ཐོག་མར་རྒྱལ་རྩེ་བར་དུ་ཕྱིིན་ཡོད་པ་རེད། ཕྱིས་སུ་ལྷ་ས་བར་དུ་ཕྱིན་ནས་སྐབས་དེ་དུས་ཀྱི་བོད་ནང་གི་གནས་སྟངས་མང་པོ་ཞིག་གཟིགས་རྒྱུ་བྱུང་བ་དང་། ལྷག་པར་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་པའི་སྐབས་སུ་ཁོ་རང་དངོས་སུ་ཡོད་པ་དང་། ད་ལྟ་རི་མོ་ཐོན་པ་དང་། རི་མོ་བྲིས་པ་དེ་དག་རྒྱ་གར་གྱི་རི་མོ་བ་ཀན་ཝལ་ (Krishna Kanwal) ལགས་མཉམ་དུ་འཁྲིད་དེ་ཁོས་རི་མོ་བྲིས་པ་དེ་དག་ད་ལྟ་དངོས་སུ་པར་ནས་ཞལ་མཇལ་རྒྱུ་ཡོད་པ་དང་། འཛམ་གླིང་ལ་དཔང་རྟགས་སྟོན་རྒྱུ་ཡོད་པ་ཆགས་ཀྱི་ཡོད། དེར་བརྟེན་ཉེ་བའི་འབྱུང་རབས་ཐོག་ནས་བཤད་ན། སར་སྦེ་སིལ་སྒུལཌ་སོགས་ནི་དངོས་ཡོད་ཀྱི་དཔང་པོ་ཆགས་ཀྱི་ཡོད། ཁོང་ཚོས་བྲིས་པའི་དེབ་དེ་དག་དེང་སང་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ནས་རྩོད་པ་རྒྱག་རྒྱུ་དང་། མི་ལ་གོ་རྟོགས་སྤེལ་རྒྱུའི་ཐོག་ལ་ཕན་ཐོགས་ཡོད་པ་རེད། དེར་བརྟེན་ལོ་གཉིས་ཀྱི་གོང་ལ་དབྱིན་ཇིའི་ལུང་པར་ཕྱིན་པའི་སྐབས། ཁོང་ཚོས་དེ་སྔ་ཀན་ཝལ་ལགས་ཀྱིས་བྲིས་པའི་རི་མོ་ཁག་ཅིག་ཚོང་འབྲེལ་བྱས་པ་རེད། སྐབས་དེ་དུས་ཁག་ཅིག་གིས་བོད་པའི་སྤྱི་ཚོགས་ནང་ཡིག་ཆ་གལ་ཆེ་བ་ཁག་མ་བཙོང་བར་བོད་གཞུང་ལ་ཕུལ་ཐུབ་ན་ཡག་པོ་འདུག་ཅེས་ཞུས་པ་ནང་བཞིན། འདས་ལོའི་ཕྱི་ཟླ་ ༧ པའི་ནང་སར་སྦེ་སིལ་སྒུལཌ་ལགས་ཀྱི་ཚ་མོ་གཉིས་དང་ཐུག་སྟེ་ཡིག་ཆ་ཁག་ཕུལ་བ་རེད། ད་ལྟ་འགྲེམས་སྟོན་ཁང་གིས་བརྗོད་གཞི་མི་འདྲ་བའི་ཐོག་ལ་འགྲེམས་སྟོན་གནང་གི་ཡོད་པ་ལྟར། དེ་རིང་འདིར་སར་སྦེ་སིལ་སྒུལཌ་དང་འབྲེལ་ནས་འགྲེམས་སྟོན་ཞུས་པ་རེད། ཅེས་གསུངས་བྱུང་།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)



