ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ནི་ཁ་འཐོར་བོད་མིའི་སྤྱི་ཚོགས་ལ་སྟོབས་ཤུགས་དང་ཕུགས་རྒྱང་རིང་པོའི་འཆར་སྣང་མྱོང་རོལ་བྱ་སའི་གོ་སྐབས་དམིགས་བསལ་པ་ཞིག་ཡིན་སྐོར་བརྗོད་འདུག
ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱི་པར།
ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༤ བར་ཉིན་གྲངས་ ༥ ཡི་རིང་ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་བཞེས་པའི་སྐུའི་གོ་སྟོན་སྲུང་གཙི་དང་བསྟུན། ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག་ལ། འདི་ལོའི་ཨོ་གླིང་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཁྲོད་ལོ་ན་ ༡༦ ནས་ ༣༥ བར་གྱི་བོད་རིགས་རྩེད་འགྲན་པ་ ༡༦༠ ལྷག་གིས་མཉམ་ཞུགས་གནང་གི་ཡོད་འདུག
དེའི་ཐད་ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ཁྲོད། ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཆེན་མོ་འདི་གོ་སྒྲིག་ཞུ་དགོས་དོན་ནི། རང་རིགས་གཞོན་སྐྱེས་རྣམས་ལ་བོད་མིའི་ངོ་བོ་བརྒྱུད་སྤྲོད་དང་། ཕན་ཚུན་དབར་མཛའ་གྲོགས་ཀྱི་འབྲེལ་ལམ་འཛུགས་པ། བོད་མིའི་རྩ་དོན་ཆེད་སེམས་ཤུགས་གོང་སྤེལ་གྱི་ཆེད་དུ་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། འགྲན་ཚོགས་སྐབས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱ་དགོས་པའི་གལ་ཆེའི་རང་བཞིན་གསལ་སྟོན་བྱེད་པ་དང་ཆབས་ཅིག ཨོ་སི་ཀྲོ་ལི་ཡའི་བོད་རིགས་མི་མང་ཁྲོད་བྱམས་བརྩེའི་སྙིང་པོ་ཅན་གྱི་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་གནས་ཀྱི་སླད་དུ་དམིགས་པ་ཞིག་ཀྱང་ཡིན། ཞེས་གསལ་འདུག
ཡང་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༠༩ ལོར་ནས་མགོ་འཛུགས་བྱས་པའི་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་འདི་ནི་ཨོ་སི་ཀྲོ་ལི་ཡའི་ནང་གི་བོད་རིགས་གཞོན་སྐྱེས་ཚོའི་ཆེད་དུ་བསྐྲུན་པའི་སྤོ་ལོའི་རྩེད་འགྲན་གྱི་སྡིངས་ཆ་གཙོ་བོ་ཞིག་ཡིན་ལ། ཕྱི་ལོ་ ༢༠༢༦ ལོའི་འགྲན་བསྡུར་ཁྲོད་ཨོ་གླིང་མངའ་སྡེ་གང་ས་ནས་ཕེབས་པའི་ལོ་ན་ ༡༦ ནས་ ༣༥ བར་གྱི་རྩེད་འགྲན་པ་ ༡༦༠ ཡོད་པར་མ་ཟད། ལྟད་མོ་བ་བརྒྱ་ཕྲག་མང་པོ་མཉམ་ཞུགས་གནང་གིན་ཡོད། ཅེས་དང་། འགྲན་ཚོགས་ཆེན་མོ་འདིས་ཁ་འཐོར་བོད་མིའི་སྤྱི་ཚོགས་ལ་སྟོབས་ཤུགས་དང་། བློ་སྟོབས་ལྡན་པའི་མི་རབས་གསར་པ་རྣམས་ལ་གུ་ཡངས་དང་དཀྱེལ་རྒྱ་ཆེ་བའི་རང་དབང་གི་ཁོར་ཡུག་ཅིག་དང་། ཕུགས་རྒྱང་རིང་པོའི་འཆར་སྣང་མྱོང་རོལ་བྱ་སའི་གོ་སྐབས་དམིགས་བསལ་བ་ཞིག་བསྐྲུན་གྱི་ཡོད། ཅེས་གསལ་འདུག
གནས་མཁར་གསར་བོད་ཀྱི་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས། བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཆེན་མོ་ནི་སྤྱིར་བཏང་གི་འགྲན་བསྡུར་ཙམ་ཞིག་མ་ཡིན་པར། དེ་ནི་ང་ཚོའི་ན་གཞོན་ཚོས་རང་ཉིད་ཀྱི་ངོ་བོ་བསྐྱར་གསོ་དང་མཛའ་གྲོགས་ཀྱི་འབྲེལ་ལམ་གསར་འཛུགས་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་རེད། ང་ཚོས་བྱམས་བརྩེ་ཡི་རིན་ཐང་རྣམས་ཡིད་ལ་དྲན་བཞིན། ང་ཚོས་མི་རབས་རྗེས་མ་རྣམས་ལ་ཞི་བདེའི་གཅེས་ནོར་གྱི་ཤུལ་བཞག་འཇོག་རྒྱུ་དང་། ང་ཚོས་ཕ་ཡུལ་གཉིས་པར་འབོད་པའི་ཨོ་སི་ཀྲོ་ཡི་ལི་ཡའི་སྤྱི་ཚོགས་དང་མཉམ་དུ་དྲིན་གཟོ་དང་མཛའ་བརྩེ་ཡི་འབྲེལ་ལམ་གཏིང་ཟབ་འཇོག་པར་ཕན་ཐོགས་ངེས་ཡོད། ཅེས་བརྗོད་འདུག
ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱི་གསལ་བསྒྲགས་ལ་གཞིགས་ན། ཟླ་འདིའི་ཚེས་ ༡༠ དགོང་མོར་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས། ཐེངས་འདིའི་འགྲན་ཚོགས་ཆེད་དཔལ་འབྱོར་འདུ་འགོད་ཀྱི་མཚན་ཚོགས་ཤིག་གོ་སྒྲིག་དང་། ཕྱི་ཚེས་ ༡༡ ཉིན་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ས་གནས་བོད་རིགས་མཐུན་ཚོགས་གཉིས་མཉམ་འབྲེལ་འོག་ཨོ་གླིང་གཟའ་མཇུག་སློབ་གྲྭ་ཁག་ ༩ ཡི་སློབ་མ་རྣམས་ཀྱིས་རིག་གཞུང་འཁྲབ་སྟོན་འདུ་འཛོམས་ཀྱི་རིག་གཞུང་འཁྲབ་སྟོན་དང་། སྙན་ངག་གྱེར་འདོན་སོགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།