རྒྱ་ནག་གཞུང་གིས་གོ་མིན་ཏང་ཕྱོགས་འགལ་ཚོགས་པ་ནི་ཐའེ་ཝན་དེ་རྒྱ་ནག་ལ་ཞི་བདེའི་ངང་གཅིག་སྒྲིལ་བྱེད་པའི་རེ་བ་བཟང་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ད་ལྟའི་ཆར་ཐའེ་ཝན་ཁུལ་དུ་རྒྱ་ནག་གི་དམག་དོན་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། དེ་རིང་ཕྱི་ཚེས་ ༧ ནས་ ༡༢ བར་ཉིན་གྲངས་དྲུག་གི་རིང་ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཁྲན་ལི་ཝུན་ (Cheng Li-wun) གྱིས་ཞི་བདེ་ལ་དམིགས་ཟེར་བཞིན་ཞི་ཅིན་ཕིན་གྱི་མགྲོན་འབོད་ལྟར་རྒྱ་ནག་ཏུ་འགྲོ་བཞིན་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་དེ་ནི་ལོ་བཅུའི་ནང་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཞིག་རྒྱ་ནག་ལ་བསྐྱོད་པ་ཐེངས་དང་པོ་ཡིན་འདུག་ལ། ཐེངས་འདིར་ཁྲན་ལི་ཝུན་གྱིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ཐུག་འཕྲད་བྱ་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག་ནའང་གཏན་འཁེལ་གང་ཡང་མེད་པ་རེད།
གནད་དོན་དེའི་ཐད་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་ (Democratic Progressive Party) ཡིས། ད་ལན་ཁྲན་ལི་ཝུན་ (Cheng Li-wun) གྱིས་རྒྱ་ནག་གི་ཁ་ལེན་ཚིག་བརྩི་བྱས་ཏེ་པེ་ཅིན་དུ་བསྐྱོད་པར་སྐྱོན་བརྗོད་བྱས་པ་དང་འབྲེལ། མོའི་སྐོར་སྐྱོད་ཀྱི་མགོ་མཇུག་ཡོངས་ལ་རྒྱ་ནག་དམར་ཤོག་ཚོགས་པས་ཚོད་འཛིན་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཐའེ་ཝན་གྱི་མཐའ་འཁོར་དུ་དམག་དོན་གནམ་གྲུ་དང་མཚོ་དམག་གི་གྲུ་གཟིངས་མུ་མཐུད་བཏང་སྟེ་ས་ཁུལ་གྱི་ཞི་བདེ་ལ་བར་ཆད་གཏོང་གི་ཡོད་པར་སྐྱོན་འཛུགས་བྱས་འདུག་ལ། ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ལགས་ཀྱིས། ང་ཚོས་རྒྱ་ནག་དང་ལྷན་དུ་འདྲ་མཉམ་གྱི་ཐོག་ནས་གྲོས་མོལ་བྱེད་པའི་འདོད་པ་ཡོད་ཅེས་བརྗོད་འདུག་ནའང་། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ (Lai Ching-te) ལགས་ནི་ཁ་བྲལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱས་ཏེ། ཁོང་དང་ལྷན་དུ་གྲོས་མོལ་བྱེད་པར་ངོས་ལེན་བྱེད་ཀྱི་མེད་པ་རེད།
དེ་འབྲེལ་གོ་མིན་ཏང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཁྲན་གྱིས། ལོ་རྒྱུས་རང་བཞིན་ལྡན་པའི་ཞི་བདེའི་འགྲུལ་བཞུད་ཅིག་ལ་འགྲོ་བཞིན་ཡོད། གལ་ཏེ་ཁྱེད་རང་དོན་དངོས་སུ་ཐའེ་ཝན་ལ་དགའ་ཞེན་ཡོད་ན། དམག་འཁྲུག་གིས་ཐའེ་ཝན་གཏོར་བཤིག་མི་གཏོང་བའི་ཆེད་དུ་གོ་སྐབས་ཆུང་ཆུང་ཞིག་ཡིན་ཡང་འཛིན་གྱི་རེད། ཐའེ་ཝན་མི་མང་གིས་འགྲུལ་བཞུད་འདི་ལམ་ལྷོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པའི་ཡིད་ཆེས་ཡོད། རྒྱུ་མཚན་ནི་ང་ཚོས་འཛམ་གླིང་ནང་གི་ཉེན་ཁ་ཆེ་ཤོས་ཀྱི་ས་ཆ་དེ་བདེ་འཇགས་ཆེ་ཤོས་ཀྱི་ས་ཆ་ཞིག་ཏུ་བསྒྱུར་ཐུབ་ཀྱི་ཡོད་པས་ཡིན། ཞེས་བརྗོད་འདུག
ཐའེ་ཝན་གྱི་རྒྱ་ནག་སྲིད་ཇུས་ཀྱི་འགན་འཁུར་མཁན་ཆེས་མཐོའི་དཔོན་རིགས་དང་སྐམ་ས་ཆེན་མོའི་ལས་དོན་ལྷན་ཚོགས་ཀྱི་བློན་ཆེན་ཁྲིའུ་ཁྲེ་ཁྲན་ (Chiu Chui-cheng) གྱིས། རྒྱ་ནག་གཞུང་གིས་ཐའེ་ཝན་གྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ལ་འབྲེལ་བ་བྱེད་དགོས་པ་དང་། ཁྲན་ལི་ཝུན་གྱིས་དམར་ཤོག་ཚོགས་པའི་དཔོན་རིགས་ལ་དངོས་སུ་ཐུག་འཕྲད་བྱེད་སྐབས། ཐའེ་ཝན་ལ་དམག་དོན་གནམ་གྲུ་དང་། མཚོ་དམག་སོགས་དམག་དོན་གནོན་ཤུགས་ཆེ་རུ་གཏོང་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག
ད་ལན་ཐའེ་ཝན་གྱི་ཕྱོགས་འགལ་གོ་མན་ཏང་ཚོགས་པའི་ཚོགས་གཙོ་ཁྲན་རྒྱ་ནག་ཏུ་སྐོར་སྐྱོད་ཕྱིན་པའི་ཐད། ཐའེ་ཝན་མི་མང་གི་ཁྲོད་བསམ་ཚུལ་མི་འདྲ་བ་ཡོང་གི་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཐའེ་ཝན་གྱི་སྲིད་ཇུས་དང་། དཀྱིལ་ཤར་གྱི་འཁྲུག་རྩོད་ཐད་བརྡ་ལན་སྣ་ཚོགས་སྤྲད་ཀྱི་ཡོད་པར་བརྟེན། ཐའེ་ཝན་ནང་ཨ་རིའི་སྐོར་ལ་དོགས་པ་བྱེད་བཞིན་པའི་སྐབས་སུ་ཁོ་མོ་རྒྱ་ནག་ཏུ་འགྲུལ་བཞུད་བྱེད་ཀྱི་ཡོད་པ་དང་། དེས་ཁྲན་གྱིས་རང་ཉིད་མཚོ་འགག་བརྒལ་བའི་བརྗེ་རེས་རྒྱུན་འཁྱོངས་དང་། མཚོ་འགག་བརྒལ་བའི་གནོན་ཤུགས་ཇེ་ཉུང་དུ་གཏོང་བར་ནུས་པ་ལྡན་པའི་ཆབ་སྲིད་ཀྱི་མགོ་འཁྲིད་ཅིག་ཡིན་པ་ར་སྤྲོད་ཐབས་བྱེད་བཞིན་ཡོད་སྐོར་རྒྱལ་སྤྱིའི་དཀའ་རྙོག་ཚོགས་པའི་ཁེ་ལས་མ་ཡིན་པའི་སྲིད་ཇུས་དབྱེ་ཞིབ་སྡེ་ཚན་གྱི་བྱང་ཤར་ཨེ་ཤ་ཡའི་ཁུལ་གྱི་དབྱེ་ཞིབ་པ་ཡང་ (William Yang) གིས་བརྗོད་འདུག
ཨ་རི་དང་རྒྱ་ནག་བར་གཞུང་འབྲེལ་གྱི་འབྲེལ་བ་ཡོད་ཀྱང་། འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་ཨ་རི་ནི་ཐའེ་ཝན་ལ་མཚོན་ཆ་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་ཤིག་ཆགས་ཡོད་ལ། ཉེ་བའི་ལོ་ཤས་ནང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཨ་རིས་ཐའེ་ཝན་རྒྱ་ནག་གི་དྲག་རྒོལ་ལས་སྲུང་སྐྱོབ་བྱེད་ཆེད་ཨ་རི་ལ་དངུལ་སྤྲོད་དགོས་ཞེས་བརྗོད་ཡོད་ཅིང་། བདུན་ཕྲག་སྔོན་མའི་ནང་ཨ་རིིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་ (Taipei) རུ་ཕྱིན་ནས་ཐའེ་ཝན་གྲོས་ཚོགས་ནས་ཨ་སྒོར་ཐེར་འབུམ་ ༤༠ ཡི་བདེ་འཇགས་སྲུང་སྐྱོབ་ཀྱི་དམིགས་བསལ་འཆར་དངུལ་གཏན་འབེབས་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཀྱང་། གྲོས་འཆར་དེར་ཕྱོགས་འགལ་གོ་མན་ཏང་ཚོགས་པས་ངོས་ལེན་མ་བྱས་སྟབས་འགོག་རྐྱེན་འོག་ལྷག་ཡོད་འདུག
ཨོ་གླིང་གི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་ཐའེ་ཝན་ལྟེ་གནས་ཀྱི་ཆབ་སྲིད་ཚན་རིག་པ་ཝན་ཏི་སུང་ (Wen-ti Sung) གིས། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པ་དང་ཐུག་འཕྲད་བྱས་ཏེ། ཨ་རི་དང་ཐའེ་ཝན་གྱི་འགོག་སྲུང་མཉམ་ལས་ཐད་ཡོད་པའི་རྩོད་གླེང་ཁག་ལ་ཁྱད་གསོད་གཏོང་གི་ཡོད། དེའི་རྗེས་ཕྱི་ཟླ་ ༥ པའི་ནང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་རྒྱ་ནག་ཏུ་གཞུང་འབྲེལ་སྐོར་སྐྱོད་གནང་སྐབས། རྒྱ་ནག་གིས་ཨ་རི་དང་ལྷན་དུ་ཚོང་དོན་གྲོས་མཐུན་གླེང་རྒྱུ་གཙོ་བོར་དམིགས་པ་ལས། མཚོ་འགག་གི་གནད་དོན་ཐོག་གླེང་སློང་བྱ་མི་དགོས་པའི་དམིགས་ཡུལ་འཛིན་བཞིན་ཡོད། ཅེས་བརྗོད་འདུག ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ཟླ་རྗེས་མའི་ཚེས་ ༡༤ ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ཐུག་འཕྲད་བྱ་རྒྱུ་ཡིན་འདུག
སིང་གྷ་པོར་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་པ་ཁྲོང་ (Chong Ja-Ian) གིས། ད་ལན་གོ་མིན་ཏང་གི་ཚོགས་གཙོ་ཁྲན་པེ་ཅིན་དུ་ཕྱིན་པར་མི་མང་པོ་ཞིག་གིས་མི་དགའ་བའི་རྣམ་པ་སྟོན་གྱི་ཡོད་པ་དང་། མི་མང་པོ་ཞིག་གིས་ཁྲན་ནི་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པ་དང་། ཆབ་སྲིད་པ་ཞིག་གིས་གཞན་ལས་རང་ཉིད་ཀྱི་གནས་བབ་གལ་ཆེ་བ་འཛིན་གྱི་ཡོད་སྐོར་རྗོད་ཀྱིན་ཡོད་པར་བརྟེན། ཁོ་མོར་ཡིད་ཆེས་བྱེད་མཁན་ཉུང་དུ་འགྲོ་ཡི་ཡོད་པ་རེད།

ཕྱི་ལོ་ ༡༩༡༢ ལོར་རྒྱ་ནག་གི་རྒྱལ་རྒྱུད་མཐའ་མ་ཆིང་རྒྱལ་རབས་མཇུག་བསྡུས་རྗེས་གུང་ཁྲན་ཏང་དང་གོ་མིན་ཏང་གིས་རྒྱ་ནག་དབང་སྒྱུར་བྱས། ཕྱི་ལོ་ ༡༩༤༩ ལོར་མའོ་ཙེ་ཏུང་གི་དམར་དམག་གིས་དྲག་པོའི་གནོན་ཤུགས་ལ་བརྟེན་ནས་གོ་མིན་ཏང་ཐའེ་ཝན་ལ་བྲོས་བྱོལ་དུ་ཕྱིན། དེ་ནས་བཟུང་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་དགྲ་བོར་གྱུར་ཏེ། གོ་མིན་ཏང་གིས་ཨ་རིའི་གོ་མཚོན་ལ་བརྟེན་ནས་ཐའེ་ཝན་མཚོ་གླིང་བརྟན་པོར་བཟུང་ཡོད། ཕྱི་ལོ་ ༡༩༩༡ ལོར་ཐའེ་ཝན་དེ་དམངས་གཙོར་གྱུར་རྗེས་གོ་མིན་ཏང་གིས་རྒྱ་ནག་སླར་ཡང་བཙན་བཟུང་བྱེད་པའི་དམིགས་ཡུལ་དངོས་སུ་བློས་བཏང་བྱས་ཡོད། འོན་ཀྱང་། དེང་དུས་ཀྱི་ས་ཁམས་ཆབ་སྲིད་ནང་ཁྱད་མཚར་བའི་གནད་དོན་ཞིག་ནི། ད་ལྟ་རྒྱ་ནག་གཞུང་གིས་ཐའེ་ཝན་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་གོ་མིན་ཏང་ནི་མཚོ་གླིང་དེ་རྒྱ་ནག་དང་ཞི་བདེའི་ངང་གཅིག་སྒྲིལ་བྱེད་པའི་རེ་བ་བཟང་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





