སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དང་པོའི་སྟེང་དུ་བཀའ་ཤག་སྐབས་བཅུ་བདུན་པའི་བཀའ་བློན་དྲུག་སྤྱི་མོས་དང་མང་མོས་ཀྱི་ཐོག་ནས་འོས་འདེམས་བྱུང་སོང་།

དེ་རིང་ཕྱི་ཟླ་ ༦ ཚེས་ ༢ དང་ ༣ ཉིན་གཉིས་རིང་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དངོས་སུ་དབུ་འཛུགས་གནང་སོང་། དེ་རིང་གི་ལས་ཉིན་དང་པོའི་སྟེང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་དྲུག་ཆེད་འདོན་གནང་བ་དང་། སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བགྲོ་གླེང་གནང་སོང་། ཉིན་རྒྱབ་ཏུ་བཀའ་བློན་འོས་འདེམས་ཀྱི་ལས་རིམ་སྐབས། ནང་སྲིད་དྲུང་ཆེ་ཟུར་བ་དཔལ་ལྡན་དོན་གྲུབ་ལགས་སྤྱི་མོས་འོས་འདེམས་དང་། བཀའ་དྲུང་ཟུར་བ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་སུ་རྒྱབ་སྐྱོར་གྱི་འོས་གྲངས་ ༣༠ དང་དགག་བྱའི་འོས་ ༡༤ དང་། དཔལ་འབྱོར་དྲུང་ཆེ་ཟུར་བ་གྱང་གསར་ཚེ་རིང་དོན་གྲུབ་ལགས་སུ་རྒྱབ་སྐྱོར་གྱི་འོས་ ༣༣ དང་དགག་བྱའི་འོས་ ༡༡། སྤྱི་ཟུར་ཨོ་རྒྱན་བསྟན་འཛིན་ལགས་སུ་འོས་གྲངས་ ༢༤ དང་རྒྱབ་སྐྱོར་མེད་པའི་འོས་ ༢༠། དེ་བཞིན་ལྷོ་བྱང་ཨ་རིའི་བོད་རིགས་འབྲེལ་མཐུད་པ་དང་བདེ་སྲུང་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་རྒྱབ་སྐྱོར་གྱི་འོས་གྲངས་ ༢༩ དང་དགག་བྱའི་འོས་ ༡༥། འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དང་སྤྱི་ཟུར་པདྨ་མཚོ་ལགས་སུ་དགག་བྱའི་འོས་ ༡༣ དང་རྒྱབ་སྐྱོར་གྱི་འོས་ ༣༠ བཅས་ཐོབ་སྟེ། སྐབས་བཅུ་བདུན་པའི་བཀའ་བློན་དུ་འདེམས་ཐོན་བྱུང་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་དབུ་འཛུགས་གསུང་བཤད་གནང་སྐབས། དེ་རིང་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཡིན་དུས་རྣམ་པ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་འདེམས་བྱུང་སྟེ་ཚང་མར་གྲོས་ཚོགས་ལ་དབང་བསྐུར་བ་ཡོངས་རྫོགས་འོས་བསྡུའི་རྒྱལ་ཁ་ཙམ་མིན་པར། འོས་བསྡུའི་རྒྱལ་ཁ་དང་མཉམ་དུ་ལས་འགན་ལྕི་བོ་ཞིག་བསྐུར་བ་ཆགས་ཀྱི་ཡོད། ང་ཚོ་ཚང་མས་གྲོས་ཚོགས་ར་བའི་ནང་ཡོང་བའི་སྐབས་སུ་ཚང་མས་དྲན་གསོ་ཞུ་དགོས་པ་ཆགས་ཀྱི་ཡོད་པ་རེད། གཙོ་བོ་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཧ་ཅང་མང་པོ་ཡོད་པའི་ནང་ནས་ང་ཚོའི་མང་གཙོ་འདི་དམིགས་བསལ་བའི་མང་གཙོ་ཞིག་ཆགས་ཀྱི་ཡོད། རྩ་བའི་མང་གཙོའི་ལུང་པ་ཡོངས་རྫོགས་ལ་སོ་སོའི་རྒྱལ་ཁབ་དང་མངའ་དབང་ཡོད་པ། མི་མང་དེ་དག་ཚང་མ་སོ་སོའི་རྒྱལ་ཁབ་ཏུ་མཉམ་རུབ་ཀྱིས་གནས་པ་དེ་འདྲའི་ཁྱད་ཆོས་ཡོད་པ་ཞིག་རེད་དེ། ང་ཚོ་རང་གི་རྒྱལ་ཁབ་བྲལ་སྟེ་མིའི་ལུང་པའི་ནང་བསླེབས་པ་ཙམ་དུ་མ་ཟད། གཞན་དབང་སྟབས་བསྟུན་གྱི་ཐོག་ནས་རྒྱལ་ཁབ་ ༣༠ སོ་གྲངས་ནང་དུ་ཁ་འཐོར་དགུ་འཐོར་ལ་གནས་ཡོད་རུང་། ང་ཚོ་ཐུན་མོང་གིས་ལས་དོན་བྱེད་དགོས་པ་ནི་བོད་རང་དབང་སླར་གསོ་དང་། རང་དབང་སླར་གསོ་མ་ཐུབ་བར་དུ་བོད་མི་རིགས་འདི་རྒྱུན་གནས་ཐུབ་ཐབས་ཀྱི་ལས་དོན་ཡོངས་རྫོགས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དུས་གསུམ་གསན་གཟིགས་ཀྱིས་དམངས་གཙོ་གསོལ་རས་གནང་བ་བཞིན་དུ། ང་ཚོས་གནའ་སྔ་མོའི་སྐུ་བགྲེས་པ་ཚོས་སྐུ་ལས་བསྐྱོན་པ་དེའི་ཐོག ང་ཚོས་དེའི་ཞབས་རྗེས་སུ་བསྙེགས་པའི་སྐབས་སུ་འགལ་རྐྱེན། མཐུན་པ་དང་མི་མཐུན་པའང་ཡོང་གི་རེད། ཡིན་ནའང་། ནམ་ཞག་རྒྱུན་དུ་ང་ཚོས་བགྲོ་གླེང་གི་ཆ་ཤས་ལེན་པའི་སྐབས་སུ། ང་ཚོས་གསུང་ཡ་དེ་ལ་བཀུར་འོས་སྤྱི་འཐུས་མཆོག་གསུང་དུས་ཟུར་ཟ་མེད་པ་བྱས་ཏེ་ང་ཚོས་གཅིག་གི་གཅིག་ལ་གུས་བརྩི་ཡོད་པའི་ཐོག་ནས་ནང་ཁུལ་གོ་བསྡུར་སྦྱངས་བཤད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་མེད་འགྲོ་བསམ་གྱི་འདུག ཅེས་གསུངས་སོང་།

ཚོགས་གཙོ་མཆོག་གིས་མུ་མཐུད་དུ། རྩ་བའི་དམངས་གཙོའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དམངས་གཙོ་ཚད་དང་ལྡན་པ་ཞིག་ཆགས་མ་ཆགས་ཟེར་བ་དེ་མི་མང་གི་ཆེད་དུ་བཙུགས་པའི་མི་མང་གི་སྒྲིག་འཛུགས་འདིས་མི་མང་མངོན་འདོད་དང་མཚམས་པའི་ལས་དོན་བྱེད་ཀྱི་ཡོད་མེད་དེ་གཟིགས་དགོས་པ་མཁས་པ་ཚོས་རྩིས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོའི་མི་མང་གིས་བདམས་པའི་སྐུ་ཚབ་ཚོས་མི་མང་གི་མངོན་འདོད་གཞི་བཞག་པའི་ཐོག་ནས་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་ལས་དོན་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་སྐབས་དེ་ལ་འཛིན་སྐྱོང་དང་གྲོས་ཚོགས་ཡིན་རུང་། ང་ཚོའི་རྩ་བའི་ལས་ཀ་དེ་བོད་དོན་བདེན་མཐའ་སེལ་ཐབས་རེད། བོད་དོན་བདེན་མཐའ་སེལ་ཐབས་དེའང་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་གཞི་མར་བཞག་པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་༸གོང་ས་མཆོག་གིས་མར་འདོན་གནང་མཛད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་ལ་ཕབ་པའི་སྲིད་ཇུས་དེའི་ཐོག་ནས་རྒྱལ་སྤྱི་ཁྱོན་ཡོངས་སུ་བོད་ལ་རྒྱབ་སྐྱོར་རག་ཐབས་དང་། བོད་ཀྱི་བདེན་མཐའ་སེལ་ཐབས་ཀྱི་ཐོག་ལ་ང་ཚོས་ནུས་པ་མཉམ་སྤུངས་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། རྩ་བའི་མི་སོ་སོར་ལྟ་གྲུབ་དང་ལངས་ཕྱོགས་ཡོད་སྲིད་ཀྱི་རེད། འོན་ཀྱང་འཐབ་རྩོད་བྱེད་མཁན་གྱི་མི་མང་ཚོའི་ནང་དུ་རང་གི་ལྟ་གྲུབ་དང་ལངས་ཕྱོགས་གཞི་རྩར་མ་བཟུང་བའི་ཐོག་ནས་སྤྱི་བའི་ལས་དོན་ཐོག་ལ་ནུས་པ་སྤུངས་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཆགས་ཀྱི་མེད་འགྲོ་བསམ་པ་དེ་ཚོགས་གཙོའི་རྨོངས་འཆར་ཡིན། ཞེས་གསུངས་སོང་།
ང་ཚོས་གྲོས་ཚོགས་ནང་དུ་ཉིན་གྲངས་བཅུ་དང་། མཚམས་རེར་ཉིན་གྲངས་ ༡༣ རིང་གོ་བསྡུར་སྦྱངས་བཤད་ཀྱི་ལས་རིམ་སྣ་མང་ཡོང་གི་རེད། ཁྲིམས་སྒྲིག་བཟོ་རྒྱུ་དང་། སྲིད་ཇུས་བཟོ་རྒྱུ། འཛིན་སྐྱོང་ལ་ལྟ་རྟོག་དང་སྟངས་འཛིན་བྱ་རྒྱུའི་ལས་དོན་གཅིག་རེད་དེ། དེ་ལས་གཞན་པའི་གྲོས་ཚོགས་འཐུས་མི་ཚོས་འཆར་འགོད་ཀྱི་ཐོག་ནས་རྒྱལ་སྤྱིའི་རང་དབང་ཡོད་པའི་དམངས་གཙོའི་རྒྱལ་ཁབ་ནང་དུ་བོད་དོན་ཞུ་གཏུག་ལ་ཕེབས་དགོས་ཀྱི་ཡོད་རེད། དེ་བཞིན་གཞིས་ཆགས་ཁག་དང་བོད་མི་ཁ་འཐོར་དུ་ཡོད་པའི་བཞུགས་སྒར་ཚང་མའི་ནང་དུ་ཕྱིན་ནས་མི་མང་གི་རེ་བ་དང་། དགོས་འདུན། རེ་འདོད་ག་རེ་བཅོལ་གྱི་ཡོད་པའི་སྐོར་ལ་གཟིགས་པར་ཕེབས་ནས། དེ་ལ་དཔག་པའི་གནད་དོན་དེ་དག་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་ལ་སྤུངས་དགོས་ལ། གྲོས་ཚོགས་ཀྱི་ལས་རིམ་ནང་བཀའ་མོལ་མང་པོ་ཞིག་གནང་གི་ཡོད་རེད་དེ། བཀའ་མོལ་དེ་དག་མཐའ་མ་ལས་དོན་བྱེད་པའི་སྐབས་སུ་ལས་དོན་ནང་མཉམ་ཞུགས་ཀྱང་དེ་དེ་བཞིན་གྱིས་ཚ་ཚ་འུར་འུར་གྱི་ཞུ་ཐུབ་རྒྱུ་དེ་ལས་འགན་གཙོ་བོ་ཞིག་རེད་བསམ་གྱི་འདུག དེར་བརྟེན་ང་ཚོ་ཚོགས་གཙོ་གཉིས་ཀྱིས་ལས་འཆར་སྒྲིག་ཡོང་གི་རེད། ད་ལྟ་ཐོག་མར་སྤྱི་འཐུས་ཚོ་ཕྱོགས་བསྐྱོད་ཀྱི་འཚམས་གཟིགས་སུ་ཕེབས་དགོས་པ་དང་། དེའི་རྗེས་དཔལ་འབྱོར་ཡོང་འབབ་ལ་གཞིགས་པའི་ལས་འཆར་གང་འདྲ་སྤེལ་བ། གྲོས་ཚོགས་ཀྱིས་ཚོགས་ཆུང་ཁག་མང་པོ་ཞིག་བསྐོ་དགོས་པ། དཔེར་ན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་། དངུལ་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་། དེ་མིན་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་དུ་ཚང་མས་དང་དུ་བླངས་ནས་དེའི་ནང་བཞུག་རྒྱུའི་ཐོག་ལ་ཚོགས་གཙོ་གཉིས་ཀྱི་རེ་བ་ཞུ་ཡི་ཡོད། འཛིན་སྐྱོང་བཀའ་ཤག་གིས་ལས་འཆར་གང་འདྲ་ཞིག་གོ་སྒྲིག་གནང་གི་ཡོད་རུང་། དབུས་དང་ས་གནས་ཀྱི་ཁྲིམས་དང་འགལ་གྱི་ཡོད་མེད་ལ་བལྟ་རྒྱུ། ལས་འཆར་གང་འདྲ་ཞིག་སྤེལ་རུང་ལས་འཆར་དེ་དག་གཞི་རིམ་མང་ཚོགས་ཀྱི་འཁོས་ཞན་དང་ཉམ་ཐག ཞུ་མ་ཐུབ་མཁན་དེ་དག་གི་ཐོག་ལ་འབབ་ཀྱི་ཡོད་མེད་ལ་དོ་སྣང་བྱེད་དགོས་པ་དེ་གྲོས་ཚོགས་ཀྱི་ལས་འགན་ཞིག་ཆགས་ཀྱི་མེད་འགྲོ་བསམ་པའི་བསམ་ཚུལ་ཞུ་འདོད་བྱུང་། ཞེས་དང་། གྲོས་ཚོགས་ནང་གི་གྲུབ་ཆ་ལ་ཆ་མཚོན་ན། དེ་རིང་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་པའི་ནང་ནས་སྤྱི་འཐུས་ཕྱག་ལས་གནང་བཞིན་པའི་རྒྱལ་ཁ་ཐོབ་པ་དེ་མི་གྲངས་ ༡༩ དང་། སྤྱི་འཐུས་གསར་པ་ཕེབས་ཡོང་མཁན་མི་གྲངས་ ༡༧། བུད་མེད་ ༩ ཆགས་ཀྱི་འདུག ཅེས་སོགས་གསུངས་སོང་།
བཀའ་ཤག་གི་དགའ་བསུའི་འཚམས་འདྲི་གནང་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་སྐབས་བཅུ་བདུན་པའི་སྲིད་སྐྱོང་མ་གཏོགས་འདིར་བསླེབས་མེད་པ་རེད། བཀའ་བློན་རྣམ་པ་ཚོ་དེ་རིང་ཉིན་རྒྱབ་ཏུ་འོས་བསྡུ་བྱས་པའི་མཚམས་སུ་ཕེབས་རྒྱུ་ཆགས་ཀྱི་རེད། དེར་བརྟེན། ད་ལྟ་བཀའ་ཤག་སྐབས་བཅུ་བདུན་པའི་སྲིད་སྐྱོང་གི་ངོས་ནས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀུར་འོས་སྤྱི་འཐུས་ཡང་བསྐྱར་འདེམས་ཐོན་བྱུང་བ་རྣམ་པ་དང་། གསར་དུ་འདེམས་ཐོན་བྱུང་བ། རྣམ་པ་ཚོ་ཉིན་གཉིས་སྔོན་ལ་འཛོམས་ཏེ་བར་ཆད་གང་ཡང་མེད་པའི་ཐོག་ནས་ཚོགས་གཙོ་དང་ཚོགས་གཞོན་བདམས་ཐོན་བྱུང་། ཁ་སང་ལས་འཁུར་དམ་འབུལ་ཞུས་པ་སོགས་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གྲོས་ཚོགས་ཀྱི་ཚོགས་ཁང་གི་ར་བའི་ནང་དུ་ཚུལ་དང་མཐུན་པ་འཛོམས་ཐུབ་པར་སྤྱི་འཐུས་རེ་རེ་ལ་མི་མང་གིས་རེ་བ་བཅོལ་སྟེ་གྲོས་ཚོགས་ཀྱི་ར་བའི་ནང་ཕེབས་པ་དང་། ཚོགས་གཙོ་དང་ཚོགས་གཞོན་གཉིས་སྤྱི་འཐུས་རྣམ་པ་ཚོས་འོས་འདེམས་བྱུང་བ་དང་། ཚོགས་གཙོ་མཆོག་ནི་ང་ཚོའི་ལོ་རྒྱུས་ནང་དུ་བུད་མེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་པོ་ཆགས་ཀྱི་ཡོད་པའི་ལོ་རྒྱུས་ཀྱི་རང་བཞིན་ཆགས་ཡོད་དུས། སྲིད་སྐྱོང་དང་བཀའ་ཤག་སྐབས་བཅུ་བདུན་པའི་ངོས་ནས་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ང་ཚོའི་ལས་དབང་གིས་ལོ་ ༥ དང་ ༡༠། ༡༥ ཙམ་མཉམ་དུ་ལས་ཀ་བྱེད་པ་སོགས་ཡོང་གི་ཡོད་པ་རེད། སྐབས་བཅོ་བརྒྱད་པའི་་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྐབས་བཅུ་བདུན་པའི་བཀའ་ཤག་འདི་ལས་དབང་གི་ཐོག་ནས་ལོ་ལྔའི་རིང་མི་མང་གིས་འགན་བསྐུར་བ་རེད་ལ། ང་ཚོ་མཉམ་རུབ་ཀྱིས་ནུས་པ་བཏོན་ནས་བོད་སྤྱི་པའི་རྩ་དོན་གྱི་ཐོག་ལ་གྲུབ་འབྲས་འཐོན་རྒྱུའི་འབད་བརྩོན་བྱེད་དགོས་པ་རེད། དེ་དག་ཚང་མ་ཡོང་ཐུབ་རྒྱུ་དེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ཚོགས་གཙོ་མཆོག་གིས་བཀའ་གནང་བ་ནང་བཞིན་ང་ཚོ་དམངས་གཙོའི་འགྲོ་སྲོལ་དེ་འཛམ་གླིང་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་དང་གནས་སྟངས་འདྲ་ཡི་མེད་པ་རེད། གཞན་དབང་སྟབས་བསྟུན་གྱི་འོག་ནས་འགྲོ་དགོས་ཀྱི་ཡོད་རེད། སོ་སོའི་རྒྱལ་ཁབ་མིས་བཟུང་བསྡད་པའི་གནས་སྟངས་ལ་དམངས་གཙོའི་འགྲོ་ལུགས་དང་། དམངས་གཙོའི་ཆ་ལག་ཡོངས་སུ་ཚང་བ་དེ་བོད་པའི་བཙན་བྱོལ་སྤྱི་ཚོགས་གཅིག་པུ་ཆགས་བསྡད་ཡོད་པ་དེའང་དངོས་ཡོད་ཀྱི་གནས་ཚུལ་རེད། དེའི་སྒང་ལ་ཁྱད་ཆོས་གཞན་དང་མི་འདྲ་བ་དེ་འདྲ་ཡོང་གི་ཡོད་པ་རེད། ང་ཚོའི་གནས་སྟངས་དང་མཚམས་པའི་ལས་ཀ་བྱེད་སྟངས་དེ་ཡོང་གི་ཡོད་རེད། དེར་བརྟེན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྐབས་བཅོ་བརྒྱད་པའི་བཀའ་ཤག་ལ་དམ་བཅའི་ཚུལ་དུ་ཞུས་པར། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་ལ་འགན་འཁྱེར་དགོས་པ། ལན་འདེབས་དང་རྩིས་རྒྱག་དགོས་པ་དེ་དག་ཚུལ་མཐུན་སྐབས་བཅུ་དྲུག་པའི་སྐབས་སུ་འགན་འཁུར་བ་གཞིར་བཟུང་མ་འོངས་པར་གྲོས་ཚོགས་འགན་འཁུར་དགོས་པ་དེ་ལས་འགན་རེད། གྲོས་ཚོགས་ལ་འགན་འཁུར་བ་དང་། ལན་རྒྱག་པ། རྩིས་རྒྱག་དགོས་པ་དེ་དག་ཚུལ་དང་མཐུན་པའི་ཐོག་ནས་ལན་འདེབས་བྱེད་ཀྱི་ཡིན་ཞུ་ཡི་ཡོད། ང་ཚོའི་འགྲོ་སྟངས་ཀྱི་ཐོག་ནས་སྲིད་སྐྱོང་ཡིན་རུང་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ་ཡོང་གི་ཡོད། སྤྱི་འཐུས་རྣམ་པ་ཚོའང་མི་མང་གིས་འོས་འདེམས་བྱས་ནས་ཡིན་ཡིན་པ་རེད། འཛམ་གླིང་འདིའི་ནང་ལ་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་མང་པོ་ཞིག་ཡོད་རེད་དེ། བཀུར་འོས་རྣམ་པ་ཚང་མ་སྤྱི་འཐུས་ཆགས་ཡོད་པ་སོང་ཙང་། འཛམ་གླིང་གི་ཆབ་སྲིད་དང་དམངས་གཙོའི་འགྲོ་སྟངས་མི་འདྲ་བ་གང་འདྲ་ཡོད་མེད་ལ་ཐུགས་ཞིབ་ཅིག་གནང་སྟེ། ང་ཚོའི་དམངས་གཙོའི་འགྲོ་སྟངས་དེ་གང་འདྲ་ཆགས་ཀྱི་འདུག དེ་ཚོ་ལ་བསྡུར་ནས་ང་ཚོའི་གནས་སྟངས་དང་མཚམས་པའི་འགྱུར་བ་དེ་འདྲ་གཏོང་དགོས་ན། ཁྲིམས་བཟོ་དགོས་པ་ཡོད་ན་དེ་ཁྲིམས་བཟོའི་ལྷན་ཚོགས་ཀྱི་འགན་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་དེ་ཚོའི་ཐོག་ལ་འཛམ་གླིང་གི་གནས་སྟངས་ག་ཚོད་ཀྱིས་མཁྱེན་པ་ཡིན་ནའང་། དེ་ཙམ་གྱིས་བསམ་རྒྱ་ཆེ་བ་དང་། གུ་ཡངས་ཡོང་རྒྱུའི་གནས་སྟངས་ཡོང་གི་རེད། ང་ཚོ་འདིར་ཡོད་པའི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་ཡོད་པ་འདི་བོད་ཕྱི་ནང་གཉིས་ཀྱི་རེ་བ་བཅོལ་ས་གཙོ་བོ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།
བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་དྲུག་འདོན་པའི་ནང་། ༡༽ ད་བར་རྒྱུ་ནག་དམར་གཞུང་གིས་བོད་མི་རྣམས་ལ་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་ནས་སླར་ཡང་བོད་གངས་ཅན་ལྗོངས་སུ་སྐྱེས་ཤིང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རྨད་བྱུང་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ༢༽ རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་བའི་ཆེས་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དེ་བཞིན་རྒྱ་གཞུང་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་བྱུས་དང་། བོད་ཀྱི་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭ་ཁག་ནང་བཙན་གྱིས་འཁྲིད་དེ་རང་གི་ཕ་མ་དང་། སྤྱི་ཚོགས། སྐད་ཡིག་རིག་གཞུང་དང་བཅས་པ་ཁ་བྲལ་དུ་གཏོང་བཞིན་པའི་རྒྱ་སྒྱུར་སྲིད་བྱུས་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། བོད་ནང་གི་བོད་མིའི་མངོན་འདོད་བཞིན་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་བཅས་ལ་རང་དབང་སྤྲོད་དགོས། ༣༽ ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཀྱི་ཉི་མ་)མཆོག་གིས་གཙོས་རྒྱ་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས། ཁོང་རྣམ་པའི་ཚེ་སྲོག་དང་། རང་དབང་ལ་འགན་ཁུར་བའི་ཐོག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས་པ་ནན་བརྗོད་བྱ་རྒྱུ། ༤༽ བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་ལྟར་རྒྱ་གཞུང་ནས་བསམ་ཞིབ་གྱིས་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་ནན་བརྗོད་བྱ་རྒྱུ། ༥༽ རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུ་བ་དང་། ཨ་རི་གཞུང་དང་གྲོས་ཚོགས། དེ་བཞིན་ཡུ་རོབ་དང་། ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ནས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་པའི་སྐབས་འདིར་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ། ༦༽ རྒྱ་ནག་དམར་གཞུང་གིས་བོད་ས་ཧམ་བཟུང་བྱས་པ་ནས་བཟུང་། རྒྱ་གཞུང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་བཙན་གནོན་འོག་གཞིས་ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་བོད་དོན་དྲིལ་བསྒྲགས་དང་། སྲིད་གཞུང་ཁག་ལ་ཞུ་གཏུག་ལས་འགུལ་སོགས་ཀྱི་ཐོག་སྔར་ལྷག་ནུས་པ་མཉམ་སྤུངས་དང་། བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་སོགས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་འཁོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




