མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཝོལ་ཀར་ལགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་།

ཟླ་འདིའི་ཕྱི་ཚེས ༡༥ ནས་ཕྱི་ཟླ་ ༧ ཚེས་ ༧ བར་སུད་སི་གྲོང་ཁྱེར་ཇི་ནི་ཝ་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ འཚོགས་དང་འཚོག་མུས་ཡིན་པ་ལྟར། ཁ་སང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཝོལ་ཀར་ (Volker Türk) ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ལ་གོ་ལ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་གཏམ་བཤད་གནང་སྐབས། དེང་སྐབས་འཛམ་གླིང་ཁྲོད་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་དང་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པར་ཉེན་བརྡ་བཏང་ཡོད་པ་མ་ཟད། ངོ་ཚ་ཁྲལ་མེད་ཀྱི་བྱ་སྤྱོད་དེ་དག་གིས་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཤུགས་ཆེན་བཟོ་མུས་ཡིན་སྐོར་དང་། ང་ཚོའི་ངོས་ནས་དུས་ཚོད་དང་ས་ཁུལ་ལ་མ་བལྟས་པར་གནད་དོན་དེའི་རིགས་ལ་གདོང་ལེན་ནན་པོ་བྱས་ཏེ་མཚམས་འཇོག་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག
སྐུ་ཞབས་ཝོལ་ཀར་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༣ པའི་ནང་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་དང་ཡུ་གུར་བ། ནང་སོག་སོགས་དྲག་གནོན་འོག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ལ་གནོན་ཤུགས་འཕར་མ་སྤྲོད་རྒྱུའི་ལས་གཞི་ཞིག་ཆགས་ཉེན་ཡོད་ཅིང་། ཁྲིམས་གསར་དེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་ཁྲིམས་གསར་པ་དེས་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་། འདུ་འཛོམས་ཀྱི་རང་དབང་། དེ་བཞིན་སོ་སོའི་སྐད་ཡིག་དང་རིག་གཞུང་བཅས་ཀྱི་རང་དབང་ལ་ཕྱོགས་ཡོངས་ནས་དམ་དྲག་ཇེ་ཆེར་འགྲོ་ཉེན་ཡོད་སྟབས། རྒྱ་ནག་གི་མགོ་ཁྲིད་ཚོས་ཁྲིམས་དེ་ཕྱིར་འཐེན་བྱེད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་པ་ནན་བརྗོད་གནང་འདུག
ཡང་ཁོང་གིས། འདས་ལོར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ། གསར་འགོད་པ་སོགས་ལ་དྲག་གནོན་བྱུང་སྐོར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གྲངས་ཐོར་གཞིགས་ན། ད་ལྟའི་དུས་སུ་འཛམ་གླིང་ཁྲོད་གསར་འགོད་པ་ ༨༠༠ ཙམ་བཙོན་འཇུག་ཏུ་ཡོད་པ་དང་། གསར་འགོད་རང་དབང་ལ་དམ་དྲག་ཇེ་ཆེར་འགྲོ་མུས་ཡིན་པ། དེ་བཞིན་འཛམ་གླིང་རྒྱལ་ཁབ་ ༤༤ ཙམ་གྱི་ནང་སྨྲ་བརྗོད་རང་དབང་གི་གནས་སྟངས་ཉམས་རྒུད་དུ་འགྲོ་བཞིན་པ། འདས་ལོར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ། གསར་འགོད་པ། དེ་བཞིན་ངལ་རྩོལ་ཐོབ་ཐང་ལས་འགུལ་བ་ ༩༥༠ ཙམ་དམར་གསོད་བཏང་བའམ་བཙན་གྱིས་གར་སོང་ཆ་མེད་དུ་བཏང་སྐོར་དང་། དེང་སྐབས་རྒྱལ་སྤྱིའི་ཁྲོད་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཇེ་མང་དུ་འགྲོ་བཞིན་པའི་ཐོག གཞུང་ལ་ངོ་རྒོལ་བྱེད་མཁན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་དམ་དྲག་བྱེད་བཞིན་ཡོད་སྐོར། དེ་བཞིན། རྒྱལ་ཁབ་ཁག་ཅིག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཆེད་དུ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ (Interpol) བེད་སྤྱོད་ལོག་པར་གཏོང་བཞིན་ཡོད་སྟབས། ད་ལྟའི་དུས་སུ་གནད་འགག་ཆེ་བའི་གནད་དོན་གྱི་ཁོངས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙོ་བོར་འཇོག་དགོས་སྐོར་སོགས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཇི་ནི་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ པ་དབུ་འཛུགས་གནང་བ་དང་བསྟུན། སུད་སི་དང་ལེག་ཊེན་སིཊཡན་བོད་རིགས་ཚོགས་པའི་གོ་སྒྲིག་འོག ས་གནས་བོད་མི་ཁག་ཅིག་གིས་རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་ངོ་རྒོལ་དང་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





