ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་གྲོས་གཞི་དོན་ཚན་ལྔ་ཡི་ཐོག་ལ་གྲོས་མོལ་དང་གཏན་འབེབས་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༢༥ ནས་ ༢༨ བར་ཉིན་གྲངས་བཞིའི་རིང་གངས་སྐྱིད་སྤྱི་ཐབ་ཡང་སྟེང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་འཛིན་སྐྱོང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་འཚོགས་མགོ་བཙུགས་ཡོད་ཅིང་། དབུ་འབྱེད་ཀྱི་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་སོགས་ཆེད་ཕེབས་གནང་སོང་། ཉིན་གྲངས་བཞིའི་རིང་གི་ཚོགས་འདུའི་ཐོག ས་གནས་མགོ་འཛིན་དང་སོ་ནམ་སློབ་སྟོན་པ་རྣམས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གྲོས་གཞི་དོན་ཚན་ལྔའི་ཐད་གྲོས་བསྡུར་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་དེར་རྒྱ་བལ་འབྲུག་གསུམ་ནས་ས་གནས་མགོ་འཛིན་ ༣༦ དང་། སོ་ནམ་སློབ་སྟོན་པ་ ༡༢ བཅས་ཀྱིས་མཉམ་ཞུགས་གནང་འདུག
དབུ་འབྱེད་ཀྱི་མཛད་སྒོར་དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ང་ཚོ་ཚང་མས་བོད་སྤྱི་བའི་ཆེད་དུ་འགན་ཞིག་ཁུར་ནས་ཡོད་རེད། ལས་ཀའི་ངོ་བོ་མ་འདྲ་བ་རེད་མ་གཏོགས་བོད་ནང་དུ་རྒྱ་ནག་གི་བཙན་འཛུལ་བྱས་པའི་དབང་གིས་སྤྱི་ཡོངས་ཀྱི་ལས་འགན་དེ་གཅིག་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མ་འོངས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་པ་ལ་བརྟེན་ནས། ད་ལྟའི་བར་ང་ཚོ་ཚགས་ཚུད་དང་ཁྲ་རིལ་རིལ་ཡོད་པ་དེའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། རྣམ་པ་ཚོས་དུས་རྒྱུན་སྐབས་དང་དུས་སོ་སོར་མང་ཚོགས་ལ་བཀའ་སློབ་གནང་གི་ཡོད་རེད་ལ། མང་ཚོགས་ལ་བཀའ་སློབ་གནང་བ་ནང་བཞིན་སོ་སོ་ལའང་དཔྱད་པ་མང་དག་ཅིག་བྱ་དགོས་ཀྱི་འདུག ང་ལ་ཆ་མཚོན་ནའང་ག་དུས་ཡིན་ན་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་བརྩི་ཡི་ཡོད་ཟེར་གྱི་ཡོད་ཀྱང་། བཀའ་གང་འདྲ་ཞིག་བརྩི་ཡི་ཡོད་རེད་ཅེས་སོ་སོར་དྲི་བ་གཏང་དགོས་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བརྩི་པ་ལ་༧མགོན་པོ་གང་ཉིད་ཀྱི་བཀའ་དང་དགོངས་པ་དེ་དག་ལ་ཡང་ཡང་མཉན་པ་ཡིན་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་རྟོགས་ཐུབ་ཀྱི་རེད་ལ། དགོངས་པ་རྟོགས་ནས་ལག་ལེན་དང་ཉམས་ལེན་གྱི་ཐོག་བསམ་བློ་བཏང་ནས་འགྲོ་ཡ་རེད། ང་ཚོ་མི་མང་གིས་འདེམས་པའི་མགོ་ཁྲིད་ཡིན་ན་འདྲ། གྲོས་ཚོགས་ཀྱིས་འདེམས་པའི་མགོ་ཁྲིད་ཡིན་ན་འདྲ། ང་ཚོས་ལས་དོན་གཉེར་སྐབས་ང་ཚོ་མི་མང་གི་ཞབས་ཕྱི་ཞུ་མཁན་ཡིན་བསམ་པའི་བསམ་བློ་ཞིག་དང་པོ་སླེབ་དགོས་རེད། དེ་ལས་ལྡོག་ཏེ་སྒང་ལ་བསྡད་ནས་དཔོན་པོ་ཡིན་བསམས་པའི་བསམ་བློ་སླེབས་ན་བསམ་བློ་གཏོང་ཕྱོགས་ནོར་འགྲོ་ཡི་ཡོད་པ་རེད། མི་མང་གི་ཁྲོད་དུ་ཀུན་སྤྱོད་མི་ལེགས་པ་ཡོད་ཀྱང་། མང་ཆེ་བ་ཡག་ཐག་ཆོད་ཡོད་པས། གནས་སྟངས་ལ་དཔག་པའི་གདོང་ལེན་བྱ་རྒྱུ་ཞིག་རེད། ངས་སྔོན་མ་ནས་བཤད་པ་བཞིན་མང་ཚོགས་ཀྱིས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་བརྩི་བཀུར་ཞུ་དགོས་པ་རེད་མ་གཏོགས། བརྩི་བསྐུར་མེད་པར་གང་བྱུང་བཤད་ཡོང་ན་དེ་འཁུར་དགོས་མ་རེད་དེ། མང་ཚོགས་ཉམ་ཆུང་དེ་དག་གི་བདེ་སྡུག་ལ་ཏན་ཏན་བལྟ་དགོས་ཀྱི་ཡོད་རེད། ཅེས་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས། བཀའ་ཤག་གི་སྤྱི་ཡོངས་ཀྱི་བཞེངས་ཕྱོགས་དེ། སྔོན་མ་བཀའ་ཤག་སྐབས་བཅུ་གཉིས་པ་སྟེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་ཀྱི་བཀའ་ཤག་གི་ལངས་ཕྱོགས་ནང་བཞིན་རེད། བཀའ་ཤག་སྐབས་བཅུ་དྲུག་སྐབས་ལའང་ལངས་ཕྱོགས་དེ་དང་མཐུན་པ་བྱས་ནས་གནང་བ་རེད་ལ། བཀའ་ཤག་སྐབས་བཅུ་བདུན་པའི་དུས་སྐབས་འདིར། ང་ཚོས་བསྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་དོན་དང་། སྤྱི་ཚོགས་བདེ་དོན་གྱི་ལས་དོན། འཛིན་སྐྱོང་གི་ལས་དོན་རྣམས་ཡིག་ཐོག་ལ་བཀོད་ཡོད། ང་ཚོས་ཆབ་སྲིད་ཀྱི་ལས་དོན་དང་སྤྱི་ཚོགས་བདེ་དོན་གྱི་ལས་དོན་བསྒྲུབ་དགོས་ན་འཛིན་སྐྱོང་གི་སྡེ་ཚན་དེ་ཚགས་ཚུད་ཅིག་དགོས་ཀྱི་ཡོད་སྟབས། བཀའ་ཤག་སྐབས་བཅུ་བདུན་པས་ཆབ་སྲིད་ཀྱི་ལས་དོན་དང་། སྤྱི་ཚོགས་བདེ་དོན་གྱི་ལས་དོན། འཛིན་སྐྱོང་གི་ལས་དོན་གང་འདྲ་ཞིག་ཡིན་ནའང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྔ་ཕྱིར་བཀའ་སློབ་གནང་བའི་དགོངས་དོན་བཞིན་བསྒྲུབ་རྒྱུ་དེ་ང་ཚོའི་སྤྱི་ཡོངས་ཀྱི་ལངས་ཕྱོགས་རེད་ལ། ང་ཚོས་དེ་དང་མཐུན་པ་བྱས་ནས་འགྲོ་དགོས་རེད། ཅེས་དང་། ང་ཚོས་མི་རེ་ངོ་རེ་ཡི་འགན་ཁུར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་སུན་བཟོ་མི་དགོས་ཡ་ཞིག་གནང་རོགས། ཐུགས་སུན་བཟོ་མི་དགོས་ཟེར་ན་གཞིས་ཆགས་ཆེ་ཆུང་ལ་མ་བལྟོས་པར། གཞིས་ཆགས་སོ་སོའི་རིམ་པ་ནས་རྙོག་གྲ་ཡོང་མི་དགོས་པར། སྟངས་འཛིན་བྱས་ནས་འགྲོ་ཐུབ་པ་ཡིན་ན་བཀའ་ཤག་ལའང་སུན་པོ་བཟོ་དགོས་མེད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལའང་ཐུགས་སུན་པོ་བཟོ་དགོས་ཡོད་མ་རེད། གང་ལྟར་རྙོག་གྲ་ཞིག་བཀའ་ཤག་རིམ་པ་བར་སླེབས་པ་ཡིན་ན། ང་ཚོས་འགན་ཞིག་ཁུར་ནས་ཐག་གཅོད་བྱ་རྒྱུའི་ནུས་པ་ཞིག་དགོས་རེད་མ་གཏོགས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་གོ་གཅིག་ལ་ཕེབས་ཚར་བས། ༧གོང་ས་མཆོག་ལ་ཐུགས་སུན་བཟོ་དགོས་ཡ་ཞིག་མི་འདུག ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ས་གནས་མགོ་འཛིན་རྣམས་ཀྱིས་སྒྲིག་འཛུགས་དང་མི་མང་གི་བར་ལ་འབྲེལ་བ་ཟབ་ཏུ་གཏང་དགོས་ཀྱི་ཡོད་རེད། ཐད་ཀར་མི་མང་ལ་འབྲེལ་བ་བྱེད་མཁན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་སྟབས། མང་ཚོགས་དང་འབྲེལ་བ་ཡག་པོ་ཞིག་བཟུང་དགོས། ད་བར་ང་ཚོས་དབུས་བོད་མིའི་སྒྲིག་འཛུགས་དེ་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གྱི་གཞུང་འཛིན་མཁན་དེ་ཡིན་ཞེས་ཤོད་ཀྱི་ཡོད་ཙང་། དེ་སྲུང་སྐྱོབ་བྱ་རྒྱུའི་འགན་དེའང་ང་ཚོ་ལ་ཡོད་རེད། གལ་ཏེ་མི་མང་གིས་གཞུང་ལ་ཡིད་ཆེས་བརླགས་པ་ཡིན་ན། མི་མང་དང་སྒྲིག་འཛུགས་བར་འབྲེལ་བ་ཡོང་ཐབས་མེད་པ་དང་། སྒྲིག་འཛུགས་དེའང་མེད་པ་ཆགས་འགྲོ་ཡི་རེད། དེ་འདྲ་ཡིན་ཡང་། མི་མང་དང་སྒྲིག་འཛུགས་ཀྱི་འབྲེལ་བ། མི་མང་གི་སྒྲིག་འཛུགས་ལ་བློ་གཏད་དང་ཡིད་ཆེས་ཡོང་ཐུབ་པར་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཀྱི་ཡོད་རེད། ང་ཚོ་སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱང་གང་ཐུབ་ཐུབ་མི་མང་སར་མར་བཅར་རྒྱུ་དང་། ས་གནས་མགོ་འཛིན་ཚོ་བརྒྱུད་ནས་མི་མང་གི་བདེ་སྡུག་རྣམས་ཡར་ཡོང་གི་ཡོད་ཀྱང་། དངོས་གནས་བྱས་ན་ས་གནས་མགོ་འཛིན་རྣམས་ཀྱིས་མི་མང་གི་བདེ་སྡུག་རྣམས་སྔོན་ནས་གསུང་ཐུབ་པ་ཡིན་ན་ཡག་པོ་རེད། གང་ཡིན་ཟེར་ན། ང་ཚོ་མར་ས་གནས་ལ་འགྲོ་སྐབས་ཞིབ་འཇུག་བྱ་རྒྱུ་ཡོང་གི་རེད། ཅེས་དང་། འབྲེལ་ཡོད་ལྷན་ཁང་ཁག་གིས་ས་གནས་མགོ་འཛིན་རྣམས་ཀྱིས་གང་གསུངས་པར་གཞི་བཅོལ་གྱི་ཡོད། དཔེར་ན། ས་གནས་ལ་གནས་ཚུལ་ཞིག་བྱུང་ན་ས་གནས་མགོ་འཛིན་ལ་འབྲེལ་བ་བྱེད་ཀྱི་ཡོད་པས། ས་གནས་མགོ་འཛིན་འཁྱོག་བསྡད་ཡོད་ན། ས་གནས་ཀྱི་གནས་ཚུལ་སྐད་ཆ་འདྲི་ས་མེད་པ་ཆགས་ནས་མི་གཞན་ལ་སྐད་ཆ་འདྲི་དགོས་ཁེལ་ན་ཐབས་སྐྱོ་བོ་འདུག གང་ཡིན་ཟེར་ན། སོ་སོས་བསྐོ་བཞག་བྱས་པའི་མི་དེར་ཡིད་ཆེས་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པ་རེད། དེ་འདྲ་ཡིན་ཙང་། ས་གནས་ཁག་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གྲ་གང་འདྲ་ཞིག་ཡོད་ཀྱང་། དེ་དག་ནང་འཐིམས་མི་དགོས་པར་ག་དུས་ཡིན་ནའང་དཀྱིལ་དུ་བསྡད་དགོས་རེད། ཅེས་གསུངས་སོང་།
ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཚོགས་ཆེན་འདི་དང་འབྲེལ་ནས་འདི་གའི་གསར་འགོད་པར། དེ་རིང་གི་འཛིན་སྐྱོང་ཚོགས་ཐེངས་བཅུ་བདུན་པའི་ནང་ལ་གྲོས་བསྡུར་གནང་རྒྱུའི་གྲོས་གཞི་དེ་ངོ་སྤྲོད་ཀྱི་གཏམ་བཤད་ནང་ཞུས་པ་ཡིན། ང་ཚོར་དོན་ཚན་ལྔ་ཡོད། གྲོས་གཞི་དོན་ཚན་དང་པོ། བོད་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཁྲིམས་ཡིག་གསར་པ་ཞིག་ད་ལོའི་ཕྱི་ཟླ་ ༧ ཚེས་༡ ནས་གཏན་འབེབས་བྱས་ཡོད་རེད། དེ་ལ་རང་དབང་ལུང་པའི་ནང་སྡོད་མཁན་ང་རང་ཚོའི་ངོས་ནས་ག་འདྲ་བྱས་ནས་གདོང་ལེན་གནང་གི་ཡིན་ནམ་ཟེར་བའི་གྲོས་གཞི་དོན་ཚན་གཅིག་དེ་ཡིན། གྲོས་གཞི་དོན་ཚན་གཉིས་པ། རྒྱ་གར་གཞུང་གིས་གནང་བཞག་པའི་ས་གནས་ཁག་ལ་ཡོད་པའི་ས་ཆ་ཁག་ཐོག་མའི་དམིགས་ཡུལ་ནང་བཞིན་བེད་སྤྱོད་ཚུལ་མཐུན་ག་འདྲ་བྱེད་མིན་ཐད་ལ་གྲོས་བསྡུར་ཞུ་རྒྱུ་ཡིན། གྲོས་གཞི་དོན་ཚན་གསུམ་པ། ང་རང་ཚོའི་ས་གནས་ཁག་ལ་སྤྱི་མི་དང་རྒྱ་དཔོན་དེ་འདྲ་ཡོད་རེད། ཁོ་རང་ཚོའི་ལག་པར་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་བྱེད་ཕྱོགས་སྔོན་མ་ནས་ཅིག་འདུག དེ་ལ་ང་ཚོས་ཕྱག་བསྟར་ག་འདྲ་བྱེད་མིན་དང་། དེ་ལ་ག་འདྲ་བྱ་དགོས་མིན་སྐོར་ལ་གྲོས་བསྡུར་བྱ་རྒྱུ། གྲོས་གཞི་བཞི་པ། ནང་སྲིད་ཀྱི་ཁྱབ་ཁོངས་ལ་ཡོད་བསྡད་པའི་རྒས་གསོ་ཁང་དེ་ཚོ་ཡར་རྒྱས་ཚགས་ཚུད་དུ་ག་འདྲ་གཏང་དགོས་སྐོར་གྱི་ཐོག་ལ་གྲོས་བསྡུར་བྱ་རྒྱུ་ཡིན། གྲོས་གཞི་དོན་ཚན་ལྔ་པ། དབུས་ས་གཉིས་ཀའི་འཛིན་སྐྱོང་དེ་ཚགས་ཚུད་དུ་གཏང་དགོས་ཀྱི་ཡོད་རེད། འཛིན་སྐྱོང་ཚགས་ཚུད་དུ་ག་འདྲ་བྱས་ནས་གཏང་དགོས་མིན་སྐོར་གྱི་གྲོས་གཞི་བཅས་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་མོས། དེ་རིང་འཛིན་སྐྱོང་གི་ཚོགས་ཆེན་བཅུ་བདུན་པ་དེའི་ནང་ལ་ས་གནས་མགོ་འཛིན་བསྡོམས་པའི་ ༣༦ ཁྲོད། སྐྱེས་པ་ཕོ་ ༢༩ དང་བུད་མེད་ ༧ དང་། སོ་ནམ་སློབ་སྟོན་པ་ ༡༢ ཁྲོད། སྐྱེས་པ་གྲངས་ ༡༡ དང་བུད་མེད་ ༡ ཁྱོན་བསྡོམས་མི་གྲངས་ ༤༨ ཀྱི་ཚོགས་བཅར་ཐུབ་ཡོད། ཅེས་དང་། ད་ལན་གྱི་ཚོགས་ཐུན་སྐབས་སྐབས་སྔོན་མའི་གྲོས་ཆོད་བཞིན་ལས་དོན་ལག་བསྟར་བྱུང་ཡོད་མེད་དང་། མ་འོངས་པར་ལག་བསྟར་འཕྲོ་སྐྱོང་རིགས་ག་རེ་དགོས་མིན་ཐད་ལ་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་།
འདས་ལོའི་ཕྱི་ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞིའི་རིང་རྒྱ་གར་དང་འབྲུག་གཉིས་ཀྱི་ས་གནས་མགོ་འཛིན་དང་སོ་ནམ་སློབ་སྟོན་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ དེ་བཞུགས་སྒར་ཁུལ་དུ་འཚོགས་ཡོད།
གསར་འགོད་པ། དཔལ་ལྡན། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།


