འོད་ཟེར་གྱིས་བརྩམས། དོན་གོས་སྒྱུར།
ད་ལྟའི་དུས་འདིར་འཛམ་གླིང་གི་ཚ་དྲོད་འཕེལ་གྱིན་པ་དེ་སྐབས་སུ་བབ་པའི་བརྗོད་གཞི་ཞིག་ཏུ་གྱུར་ཏེ། རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་བཀག་སྡོམ་བྱ་དགོས་ཚུལ་མ་ཎི་འདོན་འདོན་བྱེད་ཀྱིན་འདུག་ལ། དེ་དང་སྟབས་བསྟུན་ཏེ་དབང་གྲགས་ཅན་གྱི་རྒྱལ་སྤྱིའི་ཚན་རིག་པའི་སྙན་ཞུ་ཞིག་གི་ནང་དུའང་ཚ་དྲོད་འཕེལ་གྱིན་པ་འདིས་མ་འོངས་པར་འགྲོ་བ་མི་ཡོངས་ཀྱི་འཚོ་གནས་ལ་གནོད་པ་ཐེབས་ངེས་པ་མ་ཟད། ལྷག་པར་དུ་དབུལ་ཕོངས་ཀྱི་ཚོགས་སྡེར་དེ་བས་ཀྱང་གནོད་པ་ཆེ་ཚུལ་བརྗོད་ཡོད་འདུག ཚ་དྲོད་འཕེལ་གྱིན་པ་དེ་རྒྱུ་དང་རྐྱེན་གང་མང་ཞིག་ལ་བརྟེན་ནས་བྱུང་བ་དང་། དེ་ཡང་གཙོ་བོ་མི་རྣམས་ཀྱིས་ཁོར་ཡུག་འབག་བཙོག་བཟོས་པ་དང་ས་རྐོ་རྡོ་སློག་བྱས་ཏེ་སྔོ་ལྗང་གི་རྩྭ་ཐང་རྣམས་བྱེ་ཐང་དུ་བསྒྱུར་བ། ཤིང་ནགས་གཅོད་གཏུབ་ཀྱིས་ནགས་ཚལ་གྱི་ཐོན་ཁུངས་ཉུང་དུ་བཏང་བ། ཆུ་བོ་འབག་བཙོག་བཟོས་པ། དུག་རྫས་འདྲ་མིན་གྱིས་ཁོར་ཡུག་བཙོག་པར་བཟོས་པ་སོགས་ཀྱི་དབང་གིས་ཡིན་ཚུལ་བརྗོད་ཀྱང། མི་རྣམས་ཀྱི་བསྔགས་བརྗོད་ཀྱི་ཡུལ་ཏུ་གྱུར་བའི་མདོ་དབུས་མཐོ་སྒང་དུ་འདི་ལྟ་བུའི་སྣང་ཚུལ་དེ་དག་རྒྱུན་ལྡན་གྱི་གནས་སུ་ལྷག་ཡོད་ནའང་། ད་ལྟའི་བར་སུས་ཀྱང་དོ་སྣང་བྱས་མྱོང་མེད། གནོད་སྐྱོན་དེའི་ཁྲོད་ནས་ཆེས་ཚབས་ཆེ་བ་ནི་མདོ་དབུས་མཐོ་སྒང་གི་ཆུ་བོ་རེད་བསམ། འདས་པའི་གསུང་རབ་དག་ཏུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སྙན་ངག་གི་ལམ་ནས་བོད་ཀྱི་དྭངས་གཙང་གི་ཆུ་བོར་མངར་བ་དང་བསིལ་བ། འཇམ་པ། དྭངས་བ། ཡངས་བ། དྲི་ང་བ་མེད་པ། མགྲིན་པར་མི་གནོད་པ། ལྟོ་བར་ཕན་པ་བཅས་ཁྱད་ཆོས་བརྒྱད་ལྡན་གྱི་ཆུ་བོ་ཅེས་བསྟོད་པའི་སྙན་ངག་བྲིས་མྱོང་ཡོད་མོད། ཉེ་ཆར་ལྷ་སའི་གཙུག་ལག་ཁང་གི་དགེ་འདུན་པ་ཞིག་གིས་གསར་འགོད་པ་ཞིག་ལ། ཁོ་བོ་ཐོག་མར་གྲྭ་བ་བཟོ་དུས་དུག་རྫས་ཅི་ཡང་མེད་པའི་ལྷ་སའི་གཙང་བོ་འཐུང་ཆུ་ཡིན་ཡང། ཡིད་ཕངས་པ་ཞིག་ལ་ད་ལྟའི་དུས་འདིར་གཙང་བོའི་ཆུ་བཏུང་མི་རུང་བའི་ཚད་དུ་སླེབས་ཡོད་ཅེས་བརྗོད་ཡོད་པ་རེད།
འདས་པའི་དྭངས་གཙང་གི་ཆུ་བོ་དེ་དག་ད་ལྟའི་དུས་འདིར་འབག་བཙོག་ཏུ་ཇི་ལྟར་གྱུར་བ་རེད་དམ་ཅེ་ན། གནའ་བོའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གནའ་ཤུལ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་བོད་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཞང་གཅིག་པུར་མཚོན་ནའང། གནས་འདིའི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ་མ་ཟད། ས་འོག་རིན་ཆེན་གསེར་དངུལ། ཟངས། ལྕགས་སོགས་རིན་ཆེན་སྣ་བརྒྱད་ཀྱིས་ཁེངས་ཡོད་ལ། དཔལ་འབྱོར་བས་རིན་ཐང་བསྡོམས་རྩིས་བྱས་པ་ལྟར་ན། རྒྱ་སྒོར་དུང་ཕྱུར་ ༡༢༠༠ ལྷག་གི་རིན་ཐང་ཡོད་ཚུལ་བརྗོད་ཀྱིན་ཡོད་སྟབས། རྒྱ་ནག་ནང་ཁུལ་གྱི་གཏེར་ཁ་འདོན་མཁན་རྣམས་དང་ལྟོགས་འདྲེ་ཟས་ལ་རྔམ་པ་རྣམས་ཀྱི་དམིགས་འབེན་དུ་གྱུར་ཏེ། འདས་པའི་ལོ་ཤས་སྔོན་ནས་རྒྱ་མ་ཞང་གི་གསེར་དང་ཟངས་གཅིག་པུའང་ཉིན་རེེར་ཏུན་ ༡༢༠༠༠ ལྷག་འདོན་གྱིན་ཡོད་ཚུལ་བརྗོད་ཀྱིན་འདུག་ལ། ད་ལྟའི་ཆར་མདོ་དབུས་མཐོ་སྒང་གི་གཏེར་ཁུངས་ཆེ་ཤོས་སུ་གྱུར་ཡོད་པ་མ་ཟད། སྔོག་འདོན་གྱི་བདག་དབང་ཡོད་ཚད་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱབ་རྩ་བྱས་པའི་ཀྲུང་གོའི་གསེར་འདོན་ཚོགས་པར་ཡོད་པ་རེད།
དྲ་མིང་ལ་བོད་ཀྱི་རྡོ་བཟོ་འབོད་པའི་རྒྱའི་གཏེར་ཁ་སྔོག་འདོན་པ་ཞིག་གིས་ཟིན་བྲིས་སུ་བཀོད་འདུག་ལ། ཁོང་གིས། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་ས་འོག་ཡོད་ཚད་རྨ་བརྒྱ་བུག་སྟོང་དུ་གྱུར་ཡོད་པ་དང་། རྒྱ་མ་ཞང་གི་གཏེར་ཁུངས་དེ་གཅིག་པུར་གཏེར་ལས་ཀུང་ཟི་བཞི་ལྷག་གིས་སྔོག་འདོན་བྱེད་ཀྱིན་པ་མ་ཟད། ཀུང་ཟི་དེ་དག་གིས་གཏེར་འདོན་བདག་དབང་དང་འགན་ལེན་གཏེར་ཁ་བསྔོག་འདོན་པ་གང་མང་ལ་མཁོ་གཏོང་བྱས་ཏེ། གཏེར་ཁ་སྔོག་མཁན་ཇི་ལྟར་མང་བ་དེ་ཙམ་གྱིས་གཏེར་སྔོག་གྱིས་ས་དོང་ཇེ་མང་དུ་འགྲོ་བ་དང་། ས་དོང་དེ་དག་གི་ཕྱི་རོལ་གྱི་བྲག་ངོས་ཡོངས་རླངས་རོ་དང་སྙིགས་རོས་ཁེངས་ཡོད་ཚུལ་བརྗོད་ཡོད་འདུག གནས་སྟངས་དེ་དག་ལ་གཞིགས་ཏེ་ཉེ་བའི་ལོ་འདི་དག་ཏུ་ང་རང་རྒྱ་མ་ཞང་དུ་དངོས་སུ་ཕྱིན་ཏེ་གནས་ཚུལ་རྒྱུས་ལོན་བྱས་པར། གནས་དེའི་གཏེར་ཁ་སྔོག་ཡུལ་ཁག་ཅིག་ཏུ་བཙོག་ཆུ་གོ་སྒྲིག་གི་མ་ལག་མི་ཚང་བ་དང་སྔོག་ཡུལ་ཁག་ཅིག་ཏུ་བཙོག་ཆུ་གོ་སྒྲིག་གི་མ་ལག་ཅི་ཡང་མེད་པ་སོགས་ཀྱིས་རྫས་འགྱུར་སྨན་རྫས་འདྲེས་པའི་བཙོག་ཆུ་ཐད་ཀར་བཞུར་གྱིན་ཡོད་སྟབས། དེ་དང་ཉེ་བའི་གྲོང་ཚོ་གང་མང་ཞིག་གི་འཐུང་ཆུ་ཡོངས་སུ་སྐམ་སྟེ། ཧ་ཅང་ཐག་རིང་གི་རི་ཁུལ་ནས་ཆུ་སྦུག་གུར་དྲངས་ཏེ་འཐུང་ཆུའི་དཀའ་ངལ་སེལ་དགོས་པར་གྱུར་ཡོད་པ་དང་། ཞིིང་བའི་ནས་དང་རྩྭ་ཐང་གི་རྩྭ་སྔོན་མཐའ་དག་ལ་དུག་རྫས་འདྲེས་པར་མ་ཟད། ཛ་དྲག་གི་གནས་སྟངས་སུ་འཕེལ་བ་དང་བསྟུན་སྒོ་ཟོག་མང་པོར་འཆི་སྐྱོན་བྱུང་བ་དང་། ཞིང་འབྲོག་པ་མི་ཉུང་བ་ཞིག་ལ་སེལ་ཐབས་མེད་པའི་ནད་ཡམས་གང་མང་ཞིག་འགོས་ཏེ་འཚོ་བ་དཀའ་སྡུག་གི་གནས་སུ་བསྐྱལ་ཡོད་འདུག
དཀའ་ངལ་དེ་དག་སེལ་ཐབས་སུ་ས་གནས་ཡུལ་མིས་ཐེངས་དུ་མར་ཡིག་ལམ་ནས་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་ལ་ཁོར་ཡུག་འབག་བཙོག་གི་དཀའ་ངལ་འདི་ཐག་གཅོད་བྱ་དགོས་ཚུལ་ཞུ་གཏུགས་བྱས་འདུག་ལ། སྔར་ལོའི་ཞུ་ཡིག་ཐོག་གཏེར་ཁ་སྔོག་འདོན་བྱས་པ་ནས་གྲོང་ཚོ་དེའི་ཞིང་ས་མུའུ་ ༤༠༠༠ ལྷག་དང་། རྩྭ་ས་དང་ཤིང་སྡོང། སྒོ་ཟོག་དང་རི་སྐྱེས་སྲོག་ཆགས་སོགས་བགྲང་གིས་མི་ལངས་བར་གནོད་སྐྱོན་ཐེབས་ཡོད་པའི་གནས་ཚུལ་བརྗོད་ཡོད་ཀྱང། གནད་དོན་བྱུང་ཡུལ་ལ་མ་གླེང་བར་ཕྱིར་ས་གནས་མི་མང་ལ་བཟོ་གྲྭ་མ་ཚུགས་པའི་ཡར་སྔོན་ལ་སྙན་སེང་མ་ཞུས་པའི་ལེ་བདའ་བྱས་ཡོད་པ་མ་ཟད། འདི་ལོ་བཟོ་གྲྭ་དེས་སྔར་ལས་ལྷག་པའི་གཏེར་ཁ་ལས་སྣོན་བཟོ་གྲྭ་གཞི་རྒྱ་ཆེ་བ་ཞིག་གསར་འཛུགས་བྱས་སྐབས་ས་གནས་མི་མང་གིས་མོས་མཐུན་མ་བྱས་ཀྱང་འབྲེལ་ཡོད་ལས་ཁུངས་ཀྱིས་བཙན་གྱིས་ཆོག་མཆན་སྤྲད་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༠ ཉིན་བོད་ལྗོངས་ལ་འདས་པའི་ལོ་ཟླའི་ནང་བྱུང་མ་མྱོང་བའི་ཐན་པ་བྱུང་ཞིང་། རྒྱ་མ་ཞང་གཏེར་ཁ་སྔོག་ཡུལ་གྱི་ལས་བཟོ་བ་ཚོས་ཡུལ་མི་རྣམས་ཀྱི་འཐུང་ཆུས་གཏེར་རྡོ་བཀྲུས་ཏེ་ཡུལ་མི་ཚོའུ་འཐུང་ཆུ་བཙོག་པར་བཟོས་པར། ཡུལ་མི་ཚོས་ངོ་རྒོལ་བྱས་ཤིང་། ལས་བཟོ་བ་རྣམས་ཀྱིས་བོད་མི་མི་ཉུང་བ་ཞིག་རྨས་ཡོད་པ་དང། གནས་སྟངས་དེ་དག་ལ་རྐྱེན་བྱས་ཏེ་ས་གནས་ཡུལ་མི་ཚོས་སྲིད་གཞུང་གི་སྒོ་འགྲམ་ནས་གནད་དོན་དེའི་ཐད་ངོ་རྒོལ་བྱས་པར། གཞུང་ཕྱོགས་ནས་ཁོང་ཚོས་མི་རིགས་ཁ་བྲལ་གྱིས་ལས་འགུལ་སྤེལ་གྱིན་པར་བསྙད་དེ་དྲག་གནོོན་བྱས་ཡོད་པ་རེད། ཡིད་ཕངས་པ་ཞིག་ནི་ཡུལ་མི་ཚོས་རང་བྱུང་གཏེར་ཁ་སྔོག་འདོན་གྱི་ནག་ཉེས་ཀྱིས་ཆུ་འབག་བཙོག་བཟོས་པའི་གནད་དོན་ཞིག་གླེང་ཡང། རྒྱ་གཞུང་གིས་གནད་དོན་དེ་ཡང་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བ་རེད། བོད་མི་ཚོས་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནད་དོན་ཅི་ཞིག་བརྗོད་ཀྱང་ཁོང་ཚོས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་གྱིན་པ་དེས་ཁོང་ཚོས་བོད་ཀྱི་ཁོར་ཡུག་བདག་བཟུང་དང་གཏེར་ཁ་སྔོག་འདོན་ལ་སྟབས་བདེ་བཟོ་གྱིན་འདུག་ལ། དེ་ལས་ཀྱང་སེམས་འཚབ་སྐྱེས་ཡུལ་ཞིག་ཡོད་པ་ནི་གཞུང་ཕྱོགས་ནས་ཚད་ལས་བརྒལ་བའི་ཁོར་ཡུག་ལ་གཏོར་བཅོམ་བཏང་སྟེ་བོད་མི་ཚོར་གནོད་སྐྱོན་ཆེན་པོ་བཟོ་བཞིན་པར་མ་ཟད། ཕྱོགས་གཞན་ཞིག་ནས་རྒྱལ་དོན་གནས་ཚུལ་གཞི་བྱས་ཏེ་དམིགས་བསལ་གྱིས་ཚ་དྲོད་འཕེལ་བའི་ལས་གཞི་ཞིག་མགོ་བརྩམ་གྱིན་པར་དོགས་པ་ཟ་དགོས་པ་ཞིག་ཏུ་བསམ་འོང་གིན་འདུག
རྡོ་སྐམ་པོས་སྙན་ངག་ཞེས་བཅོས་དགོས
རྒྱང་རིང་ནས་དུ་བ་མཐོང་དུས་རི་དེ་ཡི་རྒྱབ་ན་མེ་ཡོད་པ་ཤེས་སླ།
ལུང་པ་ཆུ་ཡིས་གང་དུས་རྡོ་སྐམ་པོས་སྙན་དག་བྲིས་པ་དེར་གོ་སླ།
ཧཧཧཧཧཧ
རང་གི་རྣམ་རྟོག་ལ་རྩ་བ་བརྟེན་པའི་ཚུལ་གསུམ་རྟོག་གེ་རིག་པར་མ་གཏོགས་སུ་ལ་ཡིད་ཆེས་སམ།
པེ་ཅིན་ནས་་་་་་་་་་་་་་་་བཅོས་རོགས
ཉེ་ཆར་འོད་ཟེར་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དྲ་ལམ་བརྒྱུད་དེ་ཁོ་མོའི་གསར་བརྗེ་ཞེས་པའི་དེབ་དེའི་གསར་འགོད་གསལ་བསྒྲགས་སྟེང་དུའང་མཉམ་ཞུགས་གནང་སོང། གང་ལྟར། ང་ཚོས་རང་དབང་ལྡན་པའི་ཁོང་བཟའ་ཟླ་གཉིས་ཀྱི་བྱེད་ལས་ལ་གདེངས་འཇོག་བྱེད་ཆོག་གི་རེད་ལ། དེ་དང་ཆབས་ཅིག་ཁོང་གཉིས་ཀྱིས་རྩོམ་ཡིག་སོགས་ཕྱོགས་གང་ཐད་ནས་རྒྱུས་ལོན་ཡང་བྱེད་ཆོག་གི་རེད་བསམ།
ཉེ་ལམ་ངས་རྩོམ་པ་པོ་བྱ་མདོ་རིན་བཟང་དང་འབྲོག་རུ་ཚུལ་ཁྲིམས་སོགས་ལ་འབྲེལ་བ་བྱས་པ་ཡིན། ད་དུང་ཐེའུ་རང་ལ་འང་འབྲེལ་བ་བྱེད་རྩིས་བྱས་པ་ཡིནམོད། ཐེའུ་རང་ལ་འབྲེལ་བ་བྱས་ན་མི་བཟང་རབས་བཤད་ནས་བྱས་མེད།
བྱ་མདོ་རིན་བཟང་དང་འབྲོག་ཚུལ་གཉིས་ཀྱིས་ཁ་གཅིག་གྲག་གིས་འོད་ཟེར་གྱི་རང་དབང་དེ་གླེང་གི་འདུག
ང་དངོས་གནས་མགོ་འཐོམས་སོང་།
ཅི་ཞིག་གི་ཆེད་དུ ་་་་
ཅི་ཞིག་གི་ཆེད་དུ་ཁྱད་པར་དེ་འདྲ་ཞིག་གཏོད་དགོས་སོང་བ་ཡིན་ནམ
རེད་ཡ།
དངོས་གནས་རྩོམ་པ་པོ་འོད་ཟེར་ལགས་ནས་གསུངས་བ་ནང་བཞིན་ཁོར་ཡུག་དང་གཙང་ཆབ་ལ་དགོས་པ་དེ་དྭངས་གཙང་དང་། རྒྱལ་ཁབ་དང་མི་རིགས་ལ་དགོས་པ་དེ་རང་དབང་རེད།
རང་དབང་ཡོད་ཚེས་འོད་ཟེར་ནང་བཞིན་བོད་ནང་གི་བོད་མི་ཚོས་ཀྱང་ཅི་ཡང་བཤད་ཆོག་མོད།
ཁྱད་མཚར་བ་ཞིག་ལ། བོད་ནང་དུ་འོད་ཟེར་མ་གཏོགས་རང་དབང་གི་སྨྲ་བརྗོད་ཡོད་མཁན་གྱི་མི་གཅིག་ཀྱང་མི་མེད་པའི་རྒྱུ་་རྐྱེན་དེ་ཅི་ཡིན་ནམ།
བོད་ནང་བོད་མི་ཚོའི་བདེ་སྡུག་གི་རེ་འབོད་ཡོད་ཚད་ལ་ཆབ་སྲིད་ཀྱི་ཞྭ་མོ་གཡོག་ནས་བཙན་གནོན་བྱས་པར་དངོས་གནས་བློ་ཕམ་ཡོད།
ང་ཚོ་བྱེས་འབྱོར་བའི་ཚོགས་སྡེ་དང་མི་སྒེར་གྱི་ལས་འགུལ་མཐའ་དག་ཀྱང་ཆབ་སྲིད་ཁོ་ན་དང་འབྲེལ་མི་དགོས་པ་ཞིག་བྱུང་ན་ལྟ་བཟོ་ཞིག་ཡོང་ས་རེད།
རྩ་བའི་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་ཀྱང་། ང་ཚོའི་ལས་འགུལ་རྣམས་ཆབ་སྲིད་ཀྱི་ཕྱོགས་སུ་ལྷུང་ཆེ་བའི་སྣང་ཚུལ་ཞིག་འདུག
༥༩ལོའི་གོང་དུ་གཞུང་སྒེར་གྱི་བྱེད་སྒོ་མཐའ་དག་ཆོས་ཕྱོགས་སུ་ལྷུང་ཆེས།
༥༩ལོའི་རྗེས་ཀྱི་གཟུང་སྒེར་གྱི་བྱེད་སྒོ་མཐའ་དག་སྲིད་ཀྱི་ཕྱོགས་སུ་ལྷུང་ཆེས།
གནས་ཚུལ་འདིས་ཕྱི་ནང་གི་མི་མང་པོར་ལག་པ་འཆང་ས་དང་ཁ་གཡོག་ས་ཞིག་རག་འགྲོ་གི་འདུག
ཉེ་དུས་ཌན་མག་གི་ཀོ་ཕན་ཧེ་གན་ copenhegen འཛམ་གླིང་རྒྱལ་ཚོགས་ཀྱིས་འཚོགས་ཆེན་དུ་རྒྱལ་ཁབ་ཁག་ ༡༩༢ ཙམ་གྱི་སྲིད་བློན་དང་། ཚན་རིག་མཁན། ཞིབ་འཇུག་པ་སོགས་ཚོགས་ཐོག་ཏུ་མི་གྲངས་ཁྲི་གསུམ་ཙམ་འདུ་འཛོམས་བྱུང་ཡོད་ཀྱང་ད་ལྟ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་གོ་ལའི་ཚ་དྲོད་འཕེལ་གྱིན་པ་དེ་གནད་དོན་གལ་ཆེན་ཞིག་ཡིན་ཚུལ་གྱི་གླེང་སློང་བྱེད་བཞིན་ཡོད།
རྒྱ་གར་གྱི་སྲིད་བློན་མོན་མཧན་སིང་གིས་ཚོགས་ཐོག་ཏུ་གཏམ་བཤད་སྤེལ་སྐབས་སུ་རྒྱ་གར་གྱི་ངོས་ནས་གནད་དོན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཀྱང་རྒྱ་གར་གྱི་གྲོང་གསེབ་ལུང་ཁུག་སོགས་ཀྱི་མི་དམངས་ཀྱི་འཚོ་བ་སྐྱོ་པོ་ཡིན་སྟབས་འཛུགས་སྐྲུན་གྱི་ཡར་རྒྱས་གཏོང་ཐབས་ཐད་ལ་གཡོལ་ཐབས་མེད་པ་ཞིག་ཆགས་ཡོད་ཚུལ་དང་ཡང་ཁོང་གིས་མ་གཞི་མཁའ་དབྱིངས་སུ་དུ་རླངས་ཚབས་ཆེ་གསོག་ཡོད་པ་དག་རྒྱ་གར་གྱི་ཆེད་དུ་བཟོས་པ་ཞིག་མ་ཡིན་པར་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་ཁག་གི་ཉེར་ལེན་ཡིན་པ་བརྗོད་ཡོད་འདུག
ད་ལྟའི་འཛམ་གླིང་གི་བཟོ་སྐྲུན་ཡར་རྒྱས་ཚད་ལས་བརྒལ་བ་ཞིག་འགྲོ་བཞིན་པ་འདི་མུ་མཐུད་དུས་ཡུན་རིང་པོ་ཞིག་ལྷག་ཚེ་འཛམ་གླིང་འདིར་རང་བྱུང་ཁོར་ཡུག་གི་ཉེན་ཁ་ཆེན་པོ་གཅིག་ཡོང་ངེས་ཡིན།
ད་དུང་འཛམ་གླིང་གི་རང་བྱུང་གི་ཐོན་ཁུངས་དག་རིམ་བཞིན་རྫོགས་འགྲོ་བ་དང་། གོ་ལའི་ཚ་དྲོད་འཕེལ་གྱིན་པ། འགྲོ་བ་མིའི་རིགས་ཀྱི་གྲངས་འབོར་ཚད་ལས་བརྒལ་བ་འཕེལ་བཞིན་པ་བཅས་ཀྱི་ནམ་ཞིག་འཛམ་གླིང་གོ་ལ་ཧྲིལ་པོ་འདིས་འགྲོ་བ་མི་གཙོས་པའི་སེམས་ཅན་སྤྱི་ཡོངས་ཀྱི་འཚོ་གནས་ཐད་རང་ཁ་རང་གསོ་མ་ཐུབ་པའི་དུས་གཅིག་ལ་སླེབས་ཉེན་ཡོད།
དེར་བརྟེན་འཛམ་གླིང་གི་ཚན་རིག་མཁན་མང་པོ་ཞིག་གིས་ད་ལྟ་ནས་འབྲུ་རིགས་ཐོན་རྫས་ཐད་ལ་ཞིབ་འཇུག་དང་འབྲུ་རིགས་འཕར་སྣོན་གྱི་ལག་རྩལ་གསར་བཟོའི་ཐད་དམིགས་བསལ་གྱི་ཞིབ་འཇུག་དང་ཚོད་ལྟ་བྱེད་ཀྱིན་ཡོད་པ་རེད།