ད་ལོའི་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་བསྟུན་ཏེ། བོད་གཞུང་ཤེས་རིག་ལས་ཁུངས་འོག་གི་ཐ་སྙད་གསར་པ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་དང་འབྲེལ་མཐུད་པ་གཅིག་ལྕོགས་དང་ཤེས་རིག་རྩོམ་རིག་སྡེ་ཚན་གྱི་འགན་འཛིན་ཀརྨ་སྨོན་ལམ་ལགས་སུ། ཐ་སྙད་གསར་པ་གཏན་འབེབས་བྱེད་ཕྱོགས་དང་། བོད་ཕྱི་ནང་གི་བརྡ་ཆད་གསར་བའི་གནད་དོན་ཁག་ཅིག་གི་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག སྐུ་ཉིད་ཀྱིས་གཙོ་འགན་རྩོམ་སྒྲིག་པའི་ཐུགས་འགན་བཞེས་ཏེ། དབྱིན་བོད་ཤན་སྦྱར་བརྡ་ཆད་གསར་པ་གཏན་འབེབས་ཀྱི་ལས་གཞི་ཞིག་འགྲོ་བཞིན་པ་དེའི་སྐོར་སྤྱི་ཡོངས་ནས་ངོ་སྤྲོད་ཅིག་གནང་རོགས།
ལན། ཐོག་མར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་དུ་ལས་གཞི་འདི་འདྲ་ཞིག་དགོས་གལ་ཆེ་སྐོར་གླེང་སློང་བྱུང་ཞིང་གྲོས་ཚོགས་ཀྱི་ཡིག་ཆའི་ནང་དུའང་བཀོད་ཡོད་ལ། རྒྱུན་སྦྱོད་དང་དེང་རབས་ཀྱི་རིག་ཚན་སྣ་ཚོགས་པའི་ཐ་སྙད་མང་པོ་ཞིག་བོད་སྐད་ནང་། གཅིག་གྱུར་གྱི་ཐོག་ནས་གཏན་འབེབས་དགོས་པ་ཧ་ཅང་གལ་ཆེན་ཡིན་སྟབས། བཙན་བྱོལ་བོད་གཞུང་གིས་ལས་གཞི་འདིའི་ཐད། བོད་རིགས་ནང་ཁུལ་ཚོགས་འདུ་བསྐངས་པ་དང་། རྒྱ་གར་གྱི་མཁས་པ་གདན་འདྲེན་ཞུས་ཏེ་བགྲོ་གླེང་སོགས་ཐེངས་ཁ་ཤས་བྱས་ཡོད། མཐར་ཤེས་རིག་ལས་ཁུངས་རྩོམ་རིག་སྡེ་ཚན་འོག་མགོ་འཛུགས་བྱ་རྒྱུའི་ཐག་གཅོད་བྱུང་སྟེ། རྩོམ་སྒྲིག་ཚན་པའི་འགན་འཛིན་དང་ཐ་སྙད་གཏན་འབེབས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་ང་རང་གི་མགོར་བབ་སོང་། ང་ཚོའི་ལས་གཞི་འདི་དང་གཅིག་མཚུངས་རྒྱ་གར་གཞུང་གིས་ལྔ་བཅུ་ང་གྲངས་ནས་མགོ་འཛུགས་བྱས་ཏེ་ལས་ཁུངས་རྒྱ་ཆེན་པོ་ཞིག་ལྡི་ལིར་ཡོད་ལ། དེའི་ཡན་ལག་དང་ཉིང་ལག་སོགས་མངའ་སྡེ་སོ་སོར་བཙུགས་ཡོད། ཁོང་ཚོས་བརྡ་ཆད་གསར་བའི་རིགས་དབྱིན་ཡིག་གཞི་རྩར་བཟུང་སྟེ་ཧིན་རྡིའི་ནང་སྒྱུར་གྱིན་ཡོད། བཀའ་ཤག་གིས་ཀྱང་ང་ཚོར་ལམ་སྟོན་གནང་སྐབས། ལས་གཞི་འདིར་གཞི་འཛིན་ས་མེད་པར་ཐ་སྙད་མཁོ་བསྡུ་བྱ་དགོས་ན་དཀའ་ངལ་ཡོད་པ་རེད། དེར་བརྟེན། རྒྱ་གར་གྱི་ཐ་སྙད་གཏན་འབེབས་ཀྱི་ལས་ཁུངས་དེ་ལ་གཞི་བཅོལ་ན་བཟང་ཚུལ་གསུངས་སོང་། རྒྱ་གར་གྱི་ལས་ཁུངས་དེས་ད་བར་ཐ་སྙད་འབུམ་དྲུག་ ༦༠༠༠༠༠ ལྷག་གཏན་འབེབས་བྱས་ཏེ། དེབ་ ༣༠ ཡས་མས་ཤིག་དཔར་སྐྲུན་བྱས་འདུག ང་ཚོས་ཐ་སྙད་དེ་དག་ཡོངས་རྫོགས་བོད་སྐད་ནང་བསྒྱུར་མ་ཐུབ་ཀྱང་། ང་ཚོ་ལ་གང་མཁོ་བ་དག་བསྡུ་ལེན་བྱས་ཏེ་བོད་སྒྱུར་བྱེད་ཀྱིན་ཡོད།
དྲི་བ། ཤེས་རིག་ལས་ཁུངས་འོག་གི་ཐ་སྙད་གཏན་འབེབས་སྡེ་ཚན་གྱི་གྲུབ་ཆ་དང་། ཐ་སྙད་གཏན་འབེབས་ཀྱི་ལས་གཞི་ལག་བསྟར་བྱེད་ཕྱོགས་གང་འདྲ་ཡོད་དམ།
ལན། ལས་གཞི་འདིར་ཐོག་མར་སློབ་སྟོན་ཚོགས་ཆུང་ནང་མི་ ༡༡ དང་། མཉམ་ཞུགས་སྡེ་ཁག་ནང་སྒྲིག་འཛུགས་ ༧ ། སྐབས་དང་པོའི་གཏན་འབེབས་ལྷན་ཚོགས་ནང་མི་ ༥ བཅས་ཡོད་ཀྱང་། ད་ལྟ་སློབ་སྟོན་ཚོགས་ཆུང་ནང་མི་ལྔ་དྲུག་ལས་མེད། མཉམ་ཞུགས་སྡེ་ཁག་ནང་དུའང་སྔོན་མ་ཤེས་རིག་ལས་ཁུངས་གཙོ་བྱས་ཏེ་བོད་ཀྱི་དཔེ་མཛོད་ཁང་དང་སྨན་རྩིས་ཁང་། ནོར་གླིང་། ཟློས་གར་ཚོགས་པ། ཤེས་བྱ་ཀུན་འདུས། ངྷ་ས་རིགས་ལམ་མ་ལག་སོགས་ཡོད་ལ། ཁོང་ཚོར་ཐོག་མར་ལྡི་ལི་ནས་ཐ་སྙད་བོད་སྒྱུར་བྱེད་སྟངས་དང་མིང་ཚིག་གསར་བ་བཟོ་སྟངས་སྐོར་གྱི་ལམ་སྟོན་དང་ཟབ་སྦྱོང་སྤྲད་ཅིང་། དཔྱད་གཞིའི་རྒྱུ་ཆ་མཁོ་སྒྲུབ་ཀྱི་འགྲོ་གྲོན་ཆེད་སྡེ་ཁག་རེར་ཧིན་སྒོར་ཆིག་འབུམ་ཡས་མས་མཐུན་འགྱུར་ཞུས་ཡོད། འོན་ཀྱང་དངོས་སུ་རོགས་ཕན་ཐུབ་མཁན་རེ་ཟུང་ལས་མི་འདུག ཤེས་རིག་འོག་ནམ་རྒྱུན་ལས་ཀ་བྱེད་མཁན་ང་ཚོ་མི་གསུམ་ལས་མེད། ཝ་རཱ་ན་སི་མཐོ་སློབ་ནས་ཨཱ་ཙཱརྱ་ཐོན་མཁན་བསོད་ནམས་ཚེ་རིང་དང་ཨོ་རྒྱན་བསྟན་འཛིན་གཉིས་དང་། ང་རང་བཅས་ཡིན། མཉམ་ཞུགས་སྡེ་ཁག་དག་གིས་སོ་སོར་འབྲེལ་ཡོད་ཐ་སྙད་བསྡུ་གསོག་དང་བོད་སྒྱུར་བྱས་ཏེ་ང་ཚོའི་ཤེས་རིག་ལས་ཁུངས་སུ་སྤྲོད་དགོས་ལ། ང་ཚོས་ཐ་སྙད་ཕྱོགས་བསྡོམས་ཀྱིས་སློབ་སྟོན་ཚོགས་ཆུང་ལ་འབུལ་དགོས། སློབ་སྟོན་ཚོགས་ཆུང་གིས་སྣོན་བྲི་གང་དགོས་གནང་མཐར་ཕྱིར་ང་ཚོར་སྤྲོད་དགོས། ང་ཚོས་མཐའ་མའི་ཟིན་བྲིས་བཏབས་ཏེ་གཏན་འབེབས་ཚོགས་ཆུང་ལ་ཕུལ་བ་ཡིན་ན། ཉིན་དྲུག་བདུན་རིང་ཚོགས་འདུ་བསྐངས་ཏེ། མིང་ཚིག་རེ་རེ་བཞིན་ཞིབ་འཇུག་གོ་བསྡུར་ཕྲ་ཞིབ་བྱས་ཏེ་གཏན་འབེབས་བྱེད་ཀྱིན་ཡོད། མཐར་བཀའ་ཤག་གི་བཀའ་འཁྲོལ་ཐོབ་པ་ཡིན་ན། གཞི་ནས་དཔར་སྐྲུན་བྱེད་ཀྱིན་ཡོད་པ་རེད། ༢༠༠༨ ལོར་ཐ་སྙད་ ༡༥༠༠ ལྷག་གཏན་འབེབས་གྲུབ་སྟེ་དེབ་ཆུང་ཅིག་དཔར་སྐྲུན་བྱས་ཟིན་ཡོད།
དྲི་བ། ཐ་སྙད་གཏན་འབེབས་ཀྱི་དེབ་ཕྲེང་དང་པོའི་ནང་ཁྱོན་བསྡོམས་བརྡ་ཆད་གསར་པ་བདུན་སྟོང་ལྷག་གྲ་སྒྲིག་ཡོད་སྐོར་གསལ་འདུག་སྟབས། བརྡ་ཆད་ལྷག་འཕྲོས་རྣམས་ཇི་ལྟར་འདོན་རྩིས་ཡོད་དམ།
ལན། བོད་དབྱིན་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་དང་པོ་གྲུབ་རྗེས་ད་ལྟ་ཡང་བསྐྱར་ཐ་སྙད་ ༡༠༠༠ ལྷག་གཏན་འབེབས་བྱས་ཏེ་བཀའ་ཤག་ལ་ཕུལ་ཡོད། ད་ལོའི་ཟླ་ ༣ ནང་དེབ་ཕྲེང་གཉིས་པ་དེ་དཔར་སྐྲུན་བྱ་རྒྱུ་ཡིན། དེབ་ཕྲེང་གཉིས་པའི་ནང་། དེབ་ཕྲེང་དང་པོའི་ནང་གི་ཐ་སྙད་ཡོངས་ཕྱོགས་བསྡོམས་བྱ་རྒྱུ་ཡིན། ལོ་རེར་དེབ་རེ་བཏོན་ཏེ་ཐ་སྙད་རྣམས་ཁ་གཏོར་བ་ཡིན་ན། བེད་སྤྱོད་གཏོང་མཁན་ལ་སྟབས་བདེ་ཡོད་པ་མ་རེད། དེ་བཞིན། དེབ་ཕྲེང་གཉིས་པའི་སྒྲིག་སྟངས་ཀྱི་ཐད་ནས་ཀྱང་ཅུང་འགྱུར་བ་བཏང་ཡོད། དེབ་ཕྲེང་དང་པོར་འཛིན་སྐྱོང་དང་དངོས་ཁམས། རྫས་སྦྱོར། གསོ་རིག སྐར་རྩིས། རྩི་ཤིང་བཅས་རིག་ཚན་དྲུག་ཏུ་བཀར་ཡོད་ཀྱང་། ཐེངས་འདིར་ཐ་སྙད་རེ་རེའི་ཟུར་དུ་རིག་ཚན་གང་དུ་གཏོགས་པ་མཚོན་རྟགས་རེ་བཀོད་དེ། དབྱིན་ཡིག་གི་གསལ་བྱེད་གཞིར་བཟུང་བསྒྲིགས་ཡོད། མ་འོངས་པར་རིག་ཚན་རེ་རེར་ཐ་སྙད་འབོར་ཆེན་ལོང་པ་ཡིན་ན། སྐབས་དེར་རིག་ཚན་རེ་རེར་དེབ་རེ་འདོན་ཆོག་གི་རེད། ང་ཚོས་དབྱིན་ཡིག་གི་ཚིག་ཅིག་གཞི་རྩར་བཟུང་ཞིང་། དེ་ལ་བོད་པའི་སྐད་དོད་ཅིག་སྤྲད་དེ་དབྱིན་བོད་ཤན་སྦྱར་བྱེད་ཀྱིན་ཡོད། ཐ་སྙད་རེ་རེ་ལ་ངེས་ཚིག་གམ་འགྲེལ་བཤད་ཅིག་ངེས་པར་དུ་རྒྱག་གིན་ཡོད། ཐ་སྙད་གསར་པ་དེ་དག་མ་འོངས་པར་དབྱིན་ཡིག་མེད་པའི་ཐོག་ནས་བོད་ཡིག་གི་ཚིག་མཛོད་ནང་རང་སྐྱ་ཐུབ་པར་གནས་པ་དང་། བོད་པ་རང་གི་ཚིག་གི་ངོ་བོར་འགྲུབ་ཐུབ་པ་ཞིག་བྱ་དགོས་སྟབས། ཐ་སྙད་ལ་བོད་པའི་སྐད་དོད་ཙམ་ལས་འགྲེལ་བཤད་མེད་ན། ཐ་སྙད་དེ་གང་ལ་ཐོག་པ་དང་། དེའི་ངོ་བོ་དང་བྱེད་ལས་གང་ཡིན་ཤེས་ཐབས་མེད།
དྲི་བ། ཐ་སྙད་གཏན་འབེབས་བྱེད་སྐབས་ཐ་སྙད་གསར་བཟོ་དང་ཐ་སྙད་བོད་སྒྱུར། ཐ་སྙད་ཀྱི་སྐད་དོད་འཚོལ་བ་སོགས་རིགས་མང་བ་དང་། ཐ་སྙད་བོད་སྒྱུར་དེ་ལའང་སྒྲ་སྒྱུར་དང་དོན་སྒྱུར་སོགས་ཡོད་སྟབས། ཁྱེད་ཅག་གི་སྒྱུར་སྟངས་གང་འདྲ་ཡིན་ནམ།
ལན། སྤྱིར་བཏང་དེ་ལ་ལམ་ཁ་ཚང་མ་སྒོ་ཕྱེས་བཞག་ཡོད་པ་རེད། གདམ་ཀ་དང་པོ་བྱ་དངོས་གསར་པ་ཞིག་ལ་ཐ་སྙད་གསར་དུ་གཏན་འབེབས་བྱེད་སྐབས། སྔར་བོད་སྐད་ནང་དེའི་ཚབ་མཚོན་གྱི་ཐ་སྙད་ཡོད་མེད་འཚོལ་རྒྱུ་དང་། གལ་སྲིད་ང་ཚོའི་བོད་སྐད་ནང་འོས་འཚམ་གྱི་སྐད་དོད་ཅིག་མ་རག་པ་ཡིན་ན། དངོས་པོ་དེ་ཐོག་མར་གང་ནས་བྱུང་བ་དང་། མིང་ཐོག་མ་སྐད་ཡིག་གང་གི་ནང་བཏགས་ཡོད་པ་དེ་བཙལ་ཞིང་། དངོས་པོ་དེའི་ངོ་བོ་དང་བྱེད་ལས་ནུས་པ་སོགས་ལ་བསམ་བློ་བཏང་སྟེ། མིང་གསར་དུ་འདོག་གིན་ཡོད། ལམ་ཁ་དེ་དག་མ་རག་པ་ཡིན་ན་སྒྲ་རང་སོར་བཞག་སྟེ། ཐ་སྙད་དེ་ཐོག་མ་གང་ནས་བྱུང་བ་དེ་ནས་སྒྲ་སྒྱུར་ལྟ་བུ་བྱེད་ཀྱིན་ཡོད། ཐ་སྙད་རེ་ཟུང་སྒྲ་སྒྱུར་གྱི་ངོ་བོའི་ཐོག་ནས་བོད་སྐད་ནང་སྔོན་མ་ནས་འགྱུར་ཡོད་པ་དེ་འདྲ་འདུག དེ་དག་བོད་པའི་ཚིག་མཛོད་ནང་མ་བཞག་པ་ཙམ་ལས་བོད་པའི་སྤྱི་སྐད་ལྟ་བུ་ཆགས་འདུག དེ་དག་རང་སོར་འཇོག་གིན་ཡོད་པ་རེད། འོན་ཀྱང་སྒྲ་སྒྱུར་ལ་ཉམས་འཇོག་ས་གཉིས་ཡོད། རང་བཞིན་གྱིས་འགྱུར་བའི་ཐ་སྙད་དེ་དག་སྔོན་མ་ཡིག་ཐོག་ན་ཡོད་པ་མ་རེད། གསར་དུ་ཡིག་ཐོག་ལ་འབྲི་སྐབས། གང་ཐུབ་ཀྱིས་སྒྲ་གདངས་ཐོག་མའི་འགྱུར་ཡུལ་གྱི་སྐད་གདངས་དང་ཐག་ཉེ་བ་བྱ་རྒྱུ་དང་། དེ་བཞིན། ཡི་གེ་དག་ཆའི་ཐད་ནས་ཀྱང་རྒྱ་ཡིག་དབྱིན་ཡིག སྔགས་ཡིག་སོགས་ཀློག་མི་ཤེས་ཀྱང་བོད་སྐད་ནང་སྟབས་བདེ་བོས་ཀློག་ཐུབ་པ་ཞིག་ལ་འབད་བརྩོན་བྱས་པ་ཡིན།
དྲི་བ། བོད་ནང་གི་ཐ་སྙད་མང་པོ་ཞིག་ལ་རྒྱ་ཡིག་གི་ཤན་ཤུགས་དང་། བོད་ཕྱི་ལོགས་ཀྱི་ཐ་སྙད་མང་པོ་ཞིག་ལ་རྒྱ་གར་སྐད་དང་དབྱིན་སྐད་ཀྱི་ཤན་ཤུགས་ཆེ་སྐོར་རྗོད་ཀྱིན་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ངས་གོང་དུ་བཤད་པ་ལྟར། བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་ནང་སྐད་ཡིག་གཞན་གྱི་ཤན་ཞུགས་པ་མང་པོ་ཡོད་པ་དངོས་ཡོད་རེད། བོད་ནང་ལ་མཚོན་ན་ལོ་རེ་ནས་ལོ་རེར་མིག་གིས་མཐོང་བ་དང་རྣ་ཡིས་ཐོས་པ། སྐད་ཆ་བཤད་ས་ཡོངས་རྫོགས་རྒྱ་ཡིག་རྒྱ་སྐད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེ་བཞིན། ཚོང་ཁང་དང་ཟ་ཁང་། སྨན་ཁང་། ཁྲིམས་ཁང་སོགས་གང་ལ་ཕྱིན་ཡང་ལག་ནས་འབྲི་རྒྱུ་དང་ངག་ནས་ཀློག་རྒྱུ་ཡོངས་རྫོགས་རྒྱ་ཡིག་ཡིན་སྟབས་རྒྱ་སྐད་ཀྱི་ཤན་ཤུགས་དང་། རྒྱ་གར་ལ་མཚོན་ན། རྒྱ་ནག་བཞིན་བོད་པའི་སྐད་ཡིག་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་མེད་ཀྱང་། ཁ་ནས་སྐད་ཆ་བཤད་པ་དང་ལག་ནས་ཡི་གེ་འབྲི་དུས་སོ་སོའི་བོད་སྐད་ཀྱིས་མ་འདང་བ་བྱུང་ན། རྒྱ་གར་སྐད་དང་དབྱིན་སྐད་བེད་སྤྱོད་གཏོང་རྐྱང་བྱེད་ཀྱིན་ཡོད། ང་རང་གི་བསམ་པར་རྒྱ་གར་དང་རྒྱ་ནག དབྱིན་སྐད་བཅས་ཀྱི་སྐད་ཀྱིས་བོད་སྐད་ལ་བཙན་འཛུལ་བྱས་པའི་ཉེན་ཚབས་ལ་ཁྱད་པར་ཕྲན་བུ་ཡོད་པ་རེད་སྙམ། དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་བོད་དང་དབྱིན་ཇུའི་བར་འབྲེལ་བ་ཕྲན་བུ་བྱུང་ཡོད་ཀྱང་དུས་ཡུན་ཐུང་ཐུང་ཞིག་རེད། བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་རྒྱུན་རིང་ཡང་སྐད་ཡིག་གི་འབྲེལ་བ་དེ་ཙམ་བྱུང་མེད། རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བར་མཚོན་ན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་ལ། བཀའ་བསྟན་འགྱུར་སོགས་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བ་རེད། དེ་མིན་སྐད་ཡིག་རིག་གནས་ཀྱི་འབྲེལ་བའང་གཏིང་ཟབ་མོ་ཡོད་སྟབས། རྒྱ་སྐད་དང་དབྱིན་སྐད་ཀྱིས་བོད་སྐད་ལ་ཤན་ཞུགས་པ་ལས་རྒྱ་གར་སྐད་བོད་སྐད་ལ་ཤན་ཞུགས་ན་ཅུང་ཉེན་འཚབ་ཆུང་བ་ཡོད་ཅིང་། བོད་སྐད་དང་རྒྱ་གར་སྐད་གཉིས་ཀྱི་གཤིས་ཀ་ཐག་ཉེ་བོ་དང་བོད་སྐད་ནང་སྤྱོད་བདེ་བོ་སོགས་ཀྱི་ཁྱད་པར་ཡོད།
དྲི་བ། བརྡ་ཆད་གསར་པའི་དཔེ་དེབ་ནང་དབྱིན་བོད་ལྟ་བུར་མཚོན་ན་ “ཨིན་བོད” ཞེས་སྔར་ཡོངས་གྲགས་ཀྱི་ཐ་སྙད་འགའ་རེར་དག་ཆ་གསར་བ་བྲིས་ཡོད་པ་དང་། འགྲེལ་བཤད་གསར་བ་བརྒྱབས་ཡོད་པ་གང་འཚམ་མཐོང་རྒྱུ་འདུག་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། ང་ཚོས་བརྡ་ཆད་གསར་པ་གཏན་འབེབས་བྱེད་སྐབས། འགྲེལ་བཤད་གསར་པ་བརྒྱབས་ཡོད་པ་དེ་འདྲ་དམིགས་བསལ་གྱིས་དྲན་གྱི་མི་འདུག རེ་ཟུང་བསྒྱུར་བྱའི་བརྡ་ཆད་ཀྱི་སྐབས་ཐོག་གི་འཇུག་ཡུལ་ཙམ་ལ་གཞི་བཞག་སྟེ་འགྲེལ་བཤད་བྲིས་པ་ཡོད་སྲིད་པ་རེད། དེ་བཞིན་ཐ་སྙད་རེ་ཟུང་གི་དག་ཆར་འགྱུར་བ་སོང་ཡོད་སྲིད་པ་རེད། དེབ་ཕྲེང་དང་པོའི་ཁ་བྱང་ “ཨིན་བོད” ལྟ་བུར་མཚོན་ན། ཐེངས་ཤིག་གྲོས་ཚོགས་ནང་དུའང་གླེང་སློང་བྱུང་སོང་། སྐབས་དེར་ “ཨིན་བོད” ཞེས་པའི་ཚིག་དེ་སྔོན་མ་ནས་བོད་སྐད་ནང་དབྱིན་བོད་ཅེས་བསྒྱུར་ཡོད་སྟབས། དེ་ལ་འགྱུར་བ་གཏོང་དགོས་དོན་གང་ཡིན་སྐོར་བརྗོད་སོང་། སྐབས་དེར་ངས་གསལ་བཤད་ཅིག་ཀྱང་ཡིག་ཐོག་ནས་ཕུལ་ཡོད། དབྱིན་བོད་ཟེར་བ་དེ་དུས་རབས་ཉི་ཤུའི་དཀྱིལ་ཙམ་ལ་བོད་སྐད་ནང་སླེབས་ཏེ་རྒྱུན་འཇགས་སུ་སོང་བ་ཞིག་ཡིན་རྒྱུ་རེད། ང་ཚོའི་དཔེ་དེབ་འདི་སྟེང་ “ཨིན་བོད” ཞེས་བསྒྱུར་དོན། ཡོངས་གྲགས་སུ་ English ལ་དབྱིན་ཡིག་ཟེར་གྱིན་ཡོད། འོན་ཀྱང་དབྱིན་ཡིག་ནང་གི་ E ཟེར་བ་དེ་ལ་ “དབྱེ” འབྲི་བ་ལས་ “ཨི” བྲིས་པ་ཡིན་ན་སྒྲ་གདངས་ཅུང་ཉེ་བ་ཡོད་ལ། ལྷག་པར་དུ་ “དབྱིན་ཡུལ” ལྟ་བུར་མཚོན་ན། “ཨིན་ཡུལ” ཞེས་བྲིས་ན་ཧ་ཅང་བདེ་བོ་ཡོད། ཡི་གེ་ཉུང་བ་དང་སྒྲ་གདངས་ཉེ་བ་སོགས་ཀྱི་དབང་གིས་སྔར་གྱི་དབྱིན་བོད་ལ་ཨིན་བོད་ཅེས་བྲིས་པ་ཡིན།
དྲི་བ། བོད་ནང་སྔོན་མ་ནས་མིང་མཛོད་དང་ཚིག་མཛོད་མང་པོ་ཡོད་ལ། ཉེ་བའི་ལོ་འགའི་ནང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་མང་པོ་ཞིག་གིས་མཉམ་རུབ་ཐོག ཐ་སྙད་གསར་པ་མང་པོ་ཞིག་གཏན་འབེབས་བྱས་ཡོད་སྟབས། བོད་ཕྱི་ལོགས་ནས་ཀྱང་འདི་ལྟར་ཐ་སྙད་གཏན་འབེབས་བྱས་ན་ཐ་སྙད་གཅིག་གྱུར་ལ་འགོག་རྐྱེན་ཡོང་གི་མ་རེད་དམ།
ལན། སྔོན་མ་ ༢༠༠༧ ལོར་ང་ལ་བོད་ནང་ནས་གཏན་འབེབས་བྱས་པའི་ཐ་སྙད་གསར་པའི་དེབ་ཅིག་རག་སོང་། དེ་དག་ང་ཚོས་དཔྱད་གཞིའི་ཆེད་དུ་ཉར་ཡོད། མི་འབོར་གྱི་ཆ་ནས་བོད་ནང་དུ་མང་བ་ཡོད་ལ། ཤེས་ཡོན་པ་དང་ཐ་སྙད་སྐོར་ལ་ལས་ཀ་བྱེད་མཁན། དེ་བཞིན་བེད་སྤྱོད་གཏོང་མཁན་སོགས་བོད་ནང་དུ་མང་བ་རྩོད་མེད་རེད། དམངས་གཙོའི་ལྟ་གྲུབ་ཀྱི་ཆ་ནས་ཀྱང་བོད་ནང་གཙོ་བོར་འཛིན་དགོས་པ་ཆགས་ཡོད། སྔོན་མ་བརྒྱད་ཅུ་གྱ་གྲངས་ནང་ཚིག་མཛོད་ཅིག་བཟོས་སྐབས། བོད་ནང་གི་ཚན་རིག་སོགས་ཀྱི་རིག་གསར་བོད་སྒྱུར་བྱས་ཡོད་པའི་སློབ་དེབ་ཆ་ཚང་རག་ཐབས་བྱས་པ་ཡིན། ང་ཚོས་ལས་ཀ་བྱེད་སྐབས་ཀྱང་རྩ་འཛིན་བྱེད་ས་གཙོ་བོ་བོད་ནང་བྱེད་ཀྱིན་ཡོད། འོན་ཀྱང་། ང་ཚོའི་གཞི་བཅོལ་སའི་རྒྱ་གར་གྱི་ཐ་སྙད་གསར་པའི་དཔེ་དེབ་དག་དང་བསྡུར་བ་ཡིན་ན། བོད་ནང་ད་སྔ་གཏན་འབེབས་བྱས་ཡོད་པའི་ཐ་སྙད་ཆེས་ཉུང་ངུ་ཞིག་ལས་ཡོད་པ་མ་རེད། དེའི་ནང་འགའ་རེ་ཧ་ཅང་ཚད་དང་ལྡན་པ་ཡོད་ཀྱང་། འགའ་རེ་བརྗོད་པ་བདེ་བོ་མེད་པ་དང་ཁུངས་བཙན་མེད་པ། ཐ་སྙད་དེའི་རྒྱབ་ལྗོངས་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་མེད་ཀྱི་དབང་གིས་དོན་ལ་མི་འབྱོར་བ་སོགས་ཡོང་གིན་འདུག དེར་བརྟེན། བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གཅིག་གྱུར་ཡོང་རྒྱུ་གལ་ཆེན་ཡིན་ཡང་། སྒྱུར་སྟངས་མ་འདྲ་བའི་དབང་གིས་དངོས་པོ་གཅིག་ལ་ཐ་སྙད་གཉིས་གསུམ་རེ་ཡོང་སྲིད་པ་རེད། ཐ་སྙད་གསར་པ་གང་ཞིག་ཡིན་རུང་ཁུངས་བཙན་པ་དང་དོན་ལ་འབྱོར་རྒྱུ་གལ་ཆེན་ཡིན་སྟབས། རིམ་གྱིས་སྤྱི་ཚོགས་ཀྱིས་སྲེག་བརྡར་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ་གི་རེད།
དྲི་བ། ཉེ་ཆར་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་བཀའ་ཁྲི་མཆོག་གིས་ཐ་སྙད་གསར་བ་བོད་སྒྱུར་བྱེད་སྐབས། དཀའ་ངལ་ཡོད་པ་མ་རེད། སྒྱུར་ལུགས་སྒྱུར་སྟངས་སྒྲ་སྦྱོར་བམ་གཉིས་ནང་གསལ་བོར་བསྟན་ཡོད། དེ་དག་གཞིར་བཅོལ་ན་བཟང་ཚུལ་གསུངས་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། སྒྲ་སྦྱོར་བམ་གཉིས་ནང་སྒྱུར་སྟངས་རོབ་ཙམ་ཡོད་པ་རེད། འོན་ཀྱང་། གཞུང་ལུགས་དེའི་ནང་གི་གཙོ་བོ་ཆོས་ཚིག་དང་ཆོས་དང་འབྲེལ་ཡོད་རིགས་སྒྱུར་སྟངས་རེད། དེང་རབས་ཀྱི་ཐ་སྙད་གསར་པ་སྒྱུར་སྟངས་ཀྱི་ལམ་སྟོན་དང་གཞུང་ལུགས་མང་པོ་ཡོད་པ་རེད། འདི་གཉིས་ལ་རྩ་བའི་ཁྱད་པར་ཞེ་དྲག་མེད་ན་ཡང་། ཁ་གསལ་བ་དང་སྟབས་བདེ་ལུགས་ལ་ཁྱད་པར་ཡོད། དཔེར་ན། བོད་ནང་མེད་པའི་མེ་ཏོག་གི་རིགས་བྱེ་བྲག་པ་ཞིག་བོད་སྒྱུར་བྱེད་སྐབས། དང་པོ་མེ་ཏོག་ཅེས་བཏགས་ཤིང་། དེའི་རྗེས་ལ་པད་མ་དང་། ཡང་ན་ཙམ་པ་ཀ་ཞེས་སྦྱར་བ་ཡིན་ན། བོད་མི་ཞིག་ལ་པད་མ་དང་ཙམ་པ་ཀ་ཚིག་གསར་པ་ཡིན་ཡང་། མེ་ཏོག་གི་རིགས་ཤིག་ཡིན་པ་གསལ་བོར་གོ་ཐུབ་པར་བསྟན་ཡོད། འོན་ཀྱང་། ཐ་སྙད་གསར་པ་གཏན་འབེབས་བྱེད་སྐབས་སྒྲ་སྒྱུར་གཅིག་པུ་མ་རེད། སྒྲ་སྒྱུར་དང་དོན་སྒྱུར། སྒྲ་དོན་གཉིས་ཀའི་ཆ་ལྡན་པ། བོད་རང་གི་སྐད་ལས་དངོས་པོ་དེར་ཚབ་མཚོན་གྱི་སྐད་དོད་འཚོལ་བ། ཐ་སྙད་གསར་དུ་བཟོ་བ་སོགས་ཐབས་ལམ་འདྲ་མིན་སྤྱོད་ཀྱིན་ཡོད་སྟབས། སྒྲ་སྦྱོར་བམ་གཉིས་གཅིག་པུར་གཞི་བཅོལ་ན་ཡོང་ཐབས་མེད་པ་ཞིག་རེད།
དྲི་བ། ཤེས་རིག་ལས་ཁུངས་ཀྱི་གཙོ་སྒྲུབ་འོག ཚོགས་པ་སྒྲིག་འཛུགས་དང་མི་སྒེར་བ་མང་དག་ཅིག་གིས་ ༢༠༠༥ ལོ་ནས་ད་ལྟའི་བར་བརྡ་ཆད་གསར་པ་གཏན་འབེབས་ཀྱི་ལས་དོན་སྒྲུབ་ཡོད་ཀྱང་། གྲུབ་འབྲས་དེ་ཙམ་སྟོན་རྒྱུ་མེད་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ།
ལན། ལས་གཞི་འདིར་ཞུགས་མཁན་གྱི་མི་ཉུང་དྲགས་པ་དང་། ཡོད་པ་དག་གི་ཤེས་ཚད་ཀྱིས་མ་འདང་བའི་དཀའ་ངལ་རེད། ལས་གཞི་འདི་ཐོག་མར་མགོ་འཛུགས་སྐབས། ཁས་ལེན་བྱེད་མཁན་ཚོགས་པ་བཅུ་གྲངས་ཤིག་ཡོད་ཀྱང་། འགའ་རེ་ཡིས་རོགས་ཕན་མ་ཐུབ་པ་དང་། འགའ་རེ་རང་འགུལ་གྱིས་ཕྱིར་ཐེན་བྱས་པ་སོགས་བྱས་ཏེ། ལས་གཞི་དངོས་སུ་མགོ་འཛུགས་བྱས་ཏེ་ལས་ཀ་བྱེད་སྐབས་ཚོགས་པ་གཉིས་གསུམ་ཞིག་ལས་མེད་ལ། ཤེས་རིག་འོག་གཏན་འཇགས་ཀྱིས་ལས་ཀ་བྱེད་མཁན་ང་ཚོ་མི་གཉིས་གསུམ་ཞིག་ལས་མེད། ལས་བྱེད་གསར་འཇུག་གི་འཆར་གཞི་བཏང་ཡང་ཆ་རྐྱེན་ཚང་བའི་མི་རག་གིན་ཡོད་པ་མ་རེད། ད་ཆར་ང་ཚོས་ཐབས་ཤེས་གསར་པ་གང་བྱེད་ཀྱིན་ཡོད་ཟེར་ན། སྔོན་མ་ཐ་སྙད་གཏན་འབེབས་ཀྱི་ལས་ཀ་བྱེད་མཁན་ཚོ་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་ཡོང་དགོས་སྟབས་དཀའ་ངལ་ཡོད་ས་རེད། མ་འོངས་པར་དེ་འདྲ་མ་ཡིན་པར་ཚོགས་པ་སྒྲིག་འཛུགས་མི་སྒེར་བ་ཁྱད་མེད་ཀྱིས་ཞུགས་ཆོག་པ་བཟོས་ཡོད། དེ་ལ་ང་ཚོས་མཐུན་རྐྱེན་སྦྱར་རྒྱུ་བྱས་ཡོད། དེ་བཞིན་སློབ་སྟོན་པ་ཡང་མི་སྒེར་བ་ཡིན་ན་འགྲིག་གིན་ཡོད།
ཐ་སྙད་གསར་པར་སྤྱི་ཚོགས་ཀྱིས་སྲེག་བརྡར་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ་ཞེས་པ་འདི་ནི་ཚིག་དོན་གཉིས་ཀྱི་ཆ་ནས་གོ་རྒྱུ་མེད་པའི་སྐད་ཆ་ཞིག་རེད་འདུག
དགེ་སློང་དག་གི་མཁས་རྣམས་ཀྱིས།་ སྲེག་བཅད་བརྡར་བའི་གསེར་བཞིན་དུ།་ ལེགས་པ་བརྟག་ལ་ང་ཡི་བཀའ།་སློང་བ་བྱ་བའི་གུས་ཞུ་མིན།
ཞེས་པའི་ཚིག་བསྡུས་བྲིས་པ་ཡིན་ནམ། ཡིན་ན་ཚིག་འདིར་གོ་བ་ལེན་མ་ཐུབ་ན་གསར་འགྱུར་འདིའི་དོན་གོ་མི་ཐུབ།
སྤྱི་ཚོགས་ཀྱིས་སྲེག་བརྡར་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ་ཀྱིས་རེད་ཞེས་གསུངས་འདུག་ཀྱང་སྤྱི་ཚོགས་ཀྱིས་ཐ་སྙད་གསར་རྣམས་ལ་དུས་ནམ་ཡང་དཔྱད་པ་བྱས་མི་སྲིད་པ་ཞིག་རེད། སྤྱི་ཚོགས་ནང་དུ་མི་རྣམས་ཀྱིས་ཐ་སྙད་གསར་པ་རྣམས་ཤེས་ཡོང་སྟངས་ནི་མ་བརྟགས་མ་དཔྱད་ཀྱི་ཤེས་པ་མ་གཏོགས་བརྟགས་ཤིང་དཔྱད་པའི་ཐོག་ནས་ཤེས་ཡོང་བ་ཞིག་གཏན་ནས་མིན་།
བོད་པའི་སྤྱི་ཚོགས་ནང་དུ་མ་བརྟགས་མ་དཔྱད་ཀྱི་ཐ་སྙད་གསར་པ་༼ཀམ་པུང་དྲར༽་༼དང་ཀྲོ་མ་ཀྲོ་༽་ལྟ་བུ་བོད་མིའི་ཁ་ལ་གོམས་པ་དང་ཤེས་པ་རེད་མ་གཏོགས་རྒྱུ་དང་ངོ་བོ་བྱེད་ལས་སོགས་ལ་བརྟགས་དཔྱད་ཀྱི་ཐོག་ནས་ཤེས་ཡོང་བ་ཞིག་དང་རྒྱལ་ཁ་ཐོབ་པ་ཞིོག་མ་རེད།
གལ་སྲིད་ཨུ་ཚུགས་ཀྱི་ཐོག་ནས་ཐ་སྙད་གསར་པ་རྣམས་བོད་སྒྱུར་བྱས་ནས་བོད་མིང་རེ་བཏགས་པ་ཡིན་ནའང་ལོ་བཅུ་ཅོ་ལྔ་རྗེས་སུ་མིང་ལྷག་དེ་ཚོ་གོ་མཁན་མེད་པས་བེད་མེད་དུ་འགྱུར་ངེས་ཡིན། མཐའ་ཐུག་རྒྱལ་ཁ་ཐོབ་མཁན་དེ་འཛམ་གླིང་སྟེང་དུ་ཁྱབ་ཆེ་བའི་མིང་ཚིག་ཀམ་པུང་དྲར་དང་ཀྲོ་མ་ཀྲོ་ལྟ་བུ་ལ་རྒྱལ་ཁ་ཐོབ་ངེས་།
དངོས་མིང་ནི་འདོད་རྒྱལ་གྱི་ཐ་སྙད་ཡིན་པས་རྒྱལ་ཁ་ཐོབ་ཐོབ་པ་རེད། མིང་ལྷག་ནི་རྗེས་གྲུབ་ཀྱི་མིང་ཡིན་པའི་རྒྱལ་ཁ་ཐོབ་མི་སྲིད།
མི་ལུག་འདྲ་པོ་འདི་ཚོ་ལ་ཐ་སྙད་གསར་པའི་སྐོར་བཤད་ནས་ཁ་ན་རོགས་མ་རེད་དམ།
་་་་བྱས་པས་རྒྱལ་ཁ་ཐོབ་པ་རེད།
་་་་བྱེད་དུས་རྒྱལ་ཁ་ཐོབ་བགྱིད་རེད།
་་་་བྱས་ན་རྒྱལ་ཁ་བགྱི་རེད། ཅེས་འབྲི་དགོས།
ཁོང་རྣམས་པའི་ཕྱག་ལས་ལ་སྔགས་བརྗོད་ཞུ། སྤྱིར་ཆ་ནས་ཐ་སྙད་གསར་བཟོ་གནང་དགོས་ངེས་ཞིག་ཡིན་འོན་ཀྱང་སྔར་བརྡ་ཁྱབ་དུ་སོང་ཟིན་ཐ་སྙད་ཁག་གཅིག་སྔར་བཞིན་བཞག་ན་ལེགས་པ་ལས་བསྒྱུར་བཅོས་མ་བྱས་ན་ལེགས་།
གསར་འགོད་པ་ལགས། ཁྱོད་ཚོས་ཀློག་པ་པོར་རྣ་བ་གཏད་དེ་བཟོ་བཅོས་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གནས་ལུགས་ལ་རྒྱལ་ཁ་བྱིན་པ་དེ་བས་ཐུགས་རྗེ་ཆེ་ཞུ།
དགུ་ཚིག་སྐྱ་མོ་ལགས་ཐུགས་རྗེ་ཆེ། དོན་གནད་འདིར་ངས་ཁ་སང་སྔོན་མ་དྲ་ངོས་ནས་ཡང་་ཅིག་ཐེར་འདོན་བྱས་མོད་སྣང་བ་གཏོང་གི་མི་འདུག གསར་འགོད་པ་འདི་ཚོས་གནད་དོན་འདི་མ་ཤེས་པ་མ་རེད། ཁོང་ཚོ་མཁས་ཐལ་ཤོར་ནས་བོད་མི་རིགས་ཀྱི་བརྡ་སྤྲོད་རྣམ་གཞག་ལ་བཙན་གཡེམ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས ༼ གི ༽ ཞེས་པའི་ཡི་གེ་འདི་ཆེས་རང་དབང་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་འདོད་ཡོད་པ་རེད། མ་གཞི་ནས་དེང་སྐབས་ཚང་མས་རང་དབང་དང་གུ་ཡངས་ཅན་སྨོན་པ་བྱེད་ཀྱིན་ཡོད་པ་དེར་དགོངས་བཞེས་གནང་བ་ཡིན་གྱི་རེད། ཡང་ཅིག་བཤད་ན། ཁོང་ཚོས་བློ་མཐུན་མོའོ་ཡི ༼ གི ༽བརྡ་སྤྲོད་གསར་བརྗེའི་ལས་འགུལ་ལ་ཡང་བདེན་ཁ་སྤྲོད་ཀྱི་ཡོད་པ་ཡིན་གྱི་རེད།
ཁ་བྱང་འདི་ལ་བལྟས་ན་།
གསར་འགོད་པ་འདི་ཚོའི་བོད་སྐད་དག་མ་ཞིག་ཤེས་ས་མ་རེད།
སྤྱི་ཚོཊ་ཀྱིས་༼སྲེག་རྡར༽་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ༼་གི་༽རེད།
སྤྱི་ཚོཊ་ཀྱིས་༼སྲེག་རྡར༽་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ༼་གི་༽རེད།
སྤྱི་ཚོཊ་ཀྱིས་༼སྲེག་རྡར༽་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ༼་གི་༽རེད།
སྤྱི་ཚོཊ་ཀྱིས་༼སྲེག་རྡར༽་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ༼་གི་༽རེད།
སྤྱི་ཚོཊ་ཀྱིས་༼སྲེག་རྡར༽་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ༼་གི་༽རེད།
སྤྱི་ཚོཊ་ཀྱིས་༼སྲེག་རྡར༽་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ༼་གི་༽རེད།
སྤྱི་ཚོཊ་ཀྱིས་༼སྲེག་རྡར༽་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ༼་གི་༽རེད།
སྨོན
ཡིད་ཆེས་དང་རེ་སྨོད་གི་མིའི་སྟོབས་ཤུག་རྒྱས་བཞིན་ཡོད
ཀརྨ་སྨོན་ལམ་ལགས་ཀྱི་ཕྱག་ལས་ལ་ཡིད་ཆེས་དང་ཡི་རིང་སོགས་ཀྱི་བཀང་ཡོད
ཐུགས་རྗེ་ཆེ
མུ་ཏིག་ཆུང་ཆུང་ལགས།
ཁྱེད་ཀྱི་མཆན་བུའི་ནང་སྔ་ཕྱི་ནང་འགལ་གྱི་ཚིག་མང་པོ་ཐོན་འདུག
དེ་ཡང་ཐོག་མར་ ཁྱེད་ཀྱི་མཆན་བུའི་ནང་༼འོན་ཀྱང་ཕྱིར་ལོག་དང་བརྩེགས་མ་ཁྱར་རེ་ཁྱོར་འབྲི་མཁན་གྱི་ཝ་ར་ན་སའི་མི་འདི་ཚོ་ཡག་པོ་མ་མཐོང་། ༽ཞེས་གསལ་བ་དང། འཇུག་ལ་༼ཡིན་ཡང་ཀརྨ་སྨོན་ལམ་ལགས་ཀྱི་ཕྱག་ལས་ལ་ཆ་རྒྱུས་དང་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། ༽ཅེས་གསལ་འདུག ངོ་མ་དགོད་བྲོ་བ་ཞིག་མ་རེད་དམ།
རྒྱུ་མཚན་ནི།་
ཐོག་མར་ཝ་ར་ཎ་སིའི་མི་དེ་ཚོ་ལོག་ཡིག་བེད་སྤྱད་མཁན་ཡིན་པར་
རྩིས་ནས་ཡག་པོ་མི་མཐོང་ཞེས་བརྗོད་པ་དང། འཇུག་ལ་ཝ་ར་ཎ་སི་ནས་ཐོན་
མཁན་དང། ལོག་ཡིག་བེད་སྤྱོད་གནང་མཁན་ཙམ་དུ་༼སྒྲ་བསྒྱུར་ལག་དེབ་༽ཞེས་
པ་ལོག་ཡིག་གཞིར་བཟུང་འབྲི་དགོས་ཚུལ་གྱི་ལག་དེབ་རྩོམ་མཁན་སྐུ་ཞབས་ཨ་ཙ་ར་ཀརྨ་སྨོན་ལམ་ལགས་སུ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་འདུག
ཕྱིས་སུ་དེ་ལྟ་བུའི་མཆན་བུ་སྤེལ་ན་དགོས་པ་མི་མཐོང་ཐུགས་སྣང་ཡོང་བའི་རེ་བ་ཆེ།
ངོ་མ་དགོད་བྲོ་བ་ཞིག་མ་རེད་དམ།
༧རྒྱལ་བ་རིན་པོ་ཆེས་ད་ལྟས་བོད་ཀྱི་གནས་བབས་ལ་བསམ་ཤེས་བྱས་ནས་གསུང་བ་དེ་ཚོ་ལག་ལེན་བྱེད་དགོས་རེད་མ་གཏོགས་མའོང་བར་འགྱོད་པ་སྐྱེ་ཡོངས།སྔོན་པན་ཆེན་རིན་པོ་ཆེ་ཞལ་བཞུགས་དུས་ཚོང་པ་བརྒྱག་པ་ཞེས་ཟེར་སྲོལ་ཡོད་རེད་ད་དུང་བཀའ་རྩི་མཁན་ཡང་ཧ་ཅིང་ཉུང་ཉུང་ཡིན་པ་ད་ལྟ་བཞད་སྲོད་གང་འདྲ་རེད།དེ་བཞིན་ཆགས་མི་སྲིད་པ་མ་རེད།༧གོང་ས་མཆོག་གི་སློབ་གྲྭ་ཁག་ལ་བསྩལ་བའི་བཀའ་སློབ་ནང་དོན་ལྟར་ལག་ལེན་བྱེད་རྒྱུ་དང་དགོན་སྡེ་ཁག་གི་ནང་ཡང་གསུང་མང་མེད་ན་ཉུང་ཡོད་པ་མ་རེད་དེང་དུས་ཀྱི་ཤེས་ཡོན་དགོས་ཚུལ་གང་འདྲ་གསུང་ཡོད་ཚང་མའི་ཤེས་གསལ་རེད།ཚན་རིག་གི་སྐོར་ལ་ཡང་གང་འདྲ་གསུང་ཡོད་ང་ཚོའི་ལག་ལེན་གང་ཡོད་འདྲ་ཆོག་ཆོག་རྐྱང་རྐྱང་བྱས་ནས་བརྡལ་ཡོད་པ་ལས་དོན་དངོས་ཐོག་གསུང་སྣང་མེད་བྱེད་གི་ཡོད་པ་གསལ་པོར་ཆགས་ཡོད།གདན་ས་ཁག་གི་མཁན་པོ་ཚོ་དང་ཚོགས་སྡེ་ཁག་གི་འགན་འཛིན་རྣམས་ཀྱི་ལས་དོན་འཐུས་ཤོར་དུ་མ་སོང་བ་ཞིག་བྱེད་རྒྱུ་གལ་ཆེན་པོར་མཐུང་།གལ་སྲིད་རང་ཉིད་ཀྱི་མ་འགྱོན་པ་ཡིན་ན་དགོངས་པ་ཞུ་དགོས་རེད་མ་གཏོགས་སྤྱི་ཚོགས་ཐོག་འཐུས་ཤོར་མང་པོ་ཞིག་འགྲོ་གི་ཡོད་པ་དེ་བསམ་བློ་གཏོང་རན་ཡིན།གསུང་ལག་ལེན་བྱས་ན་རྒྱལ་ཁ་བོད་ལ་ཐོབ་དེ་མིན་རྒྱལ་ཁ་ཞིག་མེད་དོ།
ཆ་ཚང་བཀླགས་པ་ཡིན། ཐུགས་རྗེ་ཆེ།།
ཕྱག་ལས་གནང་སྟངས་དང་གོ་རིམ་གྱི་ཞིབ་ཆ་སོགས་ཆེས་ཡག་པོ་འདུག ཡིན་ཡང་ཕྱི་སྐད་བོད་བསྒྱུར་སྐབས་ཕྱིར་ལོག་དང་བརྩེགས་མང་པོ་འབྲི་སྲོལ་ངན་པ་འདི་རྩ་འགོག་གནང་རོགས། སྐད་ཡིག་དང་ཚིག་གསར་བ་ཕར་བསྒྱུར་ཚུར་སྐད་ཡིག་ཚང་མའི་ནང་ཡོང་གི་འདུག འོན་ཀྱང་ཕྱིར་ལོག་དང་བརྩེགས་མ་ཁྱར་རེ་ཁྱོར་འབྲི་མཁན་གྱི་ཝ་ར་ན་སའི་མི་འདི་ཚོ་ཡག་པོ་མ་མཐོང་། དེ་འདྲ་བརྩེགས་ཡིག་དང་ལོག་ཡིག་མང་པོ་བྲིས་ན། མི་རིང་བསྔགས་ཡིག་འདྲ་བོ་ལོག་ཡིག་དང་བརྩེགས་མ་འདི་ཚོ་ཀློག་ཐབས་ཀྱི་དེབ་ཞིག་ཀྱང་ངེས་པར་འབྲི་དགོས་ཐུག་གི་རེད། དེ་ནས་བོད་པ་ཚོས་གཞི་ནས་བོད་ཡིག་གམ་ལོག་ཡིག་ཀློག་ཐབས་གསར་དུ་སྦྱོང་དགོས་བྱུང་རེད། འདི་ཕྱག་རོགས་ཨ་ཙ་ར་གཉིས་ཡོད་ཟེར་བ་མཐོང་བ་དང་ལོག་ཡིག་འབྲི་མཁན་འདྲ་མིན་འགྲོ་བསམ་ནས་སེམས་ཁྲལ་ལངས་སོང་། ཡིན་ཡང་ཀརྨ་སྨོན་ལམ་ལགས་ཀྱི་ཕྱག་ལས་ལ་ཆ་རྒྱུས་དང་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད།