༧གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ཀྱི་ཐོག་ཏུ་ཁ་ཡོད་ལག་ཡོད་ཅིག་བསྐྱོད་པ་ཐེངས་དང་པོ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པའི་ཁྲོད་ནས་ཚན་རིག་སྣེ་ཁྲིད་ཐུབ་མཁན་གྱི་སློབ་ཐོན་པ་ཐོག་མ་བྱུང་བ།
ཕྱི་ཚེས་ ༡༤ ཉིན་གྱི་གནམ་ངོ་ཤིན་ཏུ་དྭངས་ལ་ཞོགས་པའི་ཉི་འོད་ཀྱང་ཧ་ཅང་འཇམ། དེ་ནི་བོད་ལུགས་ཀྱི་བརྩི་སྟངས་ལྟར་ན་ས་ག་ཟླ་བའི་ཚེས་ ༡ ཉིན་ཏེ། བོད་མི་རྣམས་ཀྱིས་ལོ་རེའི་དཀར་བོ་དགེ་བའི་ལས་བསྒྲུབ་པའི་ཟླ་བ་ཁྱད་པར་ཅན་ཞིག་གི་མགོ་བརྩམས་མ་ཐག་པའི་ཉིན་དང་པོ་དེ་རེད། ཉིན་དེར་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་བ་བཏང་བ་ལྟར། ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་བུད་མ་ཐག ང་ཡང་ངྷ་ས་ནས་རྒྱང་ཐག་ལེ་བར་ ༧༠ ཙམ་ཡོད་པའི་སྦིར་གཞིས་ཆགས་སུ་ལམ་ལ་ཆས། ཉིན་དེར་སྦིར་ས་གནས་ཀྱི་རི་དྭགས་ལྷུང་བའི་ནགས་ཚལ་ཞེས་པར། ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་དགེ་འདུན་པའི་ཚན་རིག་སྣེ་ཁྲིད་པའི་སྐོར་ཁག་དང་པོ་སློབ་མཐར་ཕྱིན་པའི་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཕེབས་ཡོད། སྦིར་གཞིས་ཆགས་ཀྱི་ཁོ་ར་ཁོར་ཡུག་དཔྱིད་ཟླའི་ལྗང་མདོག་གིས་བརྒྱན་པའི་དབུས་སུ་རི་དྭགས་ལྷུང་བའི་ནགས་ཚལ་ནི་ཁུ་སིམ་ལ། གཙང་སྦྲ་དོད་ཅིང་དབེན་པར་གནས་འདུག་པས་མིའི་སེམས་སུ་དབང་མེད་དུ་བདེ་སྣང་ཞིག་སྦྱིན་གྱིན་འདུག
མཛད་སྒོ་ཉིན་རྒྱབ་ཀྱི་ཆུ་ཚོད་ ༢ དང་སྐར་མ་ ༣༠ སྟེང་འཚོགས་པ་དང་མཛད་སྒོའི་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚན་རིག་སྣེ་ཁྲིད་སློབ་ཐོན་དགེ་འདུན་པ་རྣམས་ལ་སློབ་ཐོན་ལག་ཁྱེར་གནང་ཡོད། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ངོ་སྤྲོད་གསུང་བཤད་སྐབས། ༧གོང་ས་མཆོག་གིས་དཔེ་མཛོད་ཁང་ལ་དགེ་འདུན་པ་ཚོར་རིམ་གྱིས་ཚན་རིག་ཡོད་པ་ཞིག་གྲ་སྒྲིག་གནང་དགོས་ཞེས་བཀའ་གནང་བ་ལྟར། ༢༠༠༠ ལོ་ནས་ ༢༠༠༨ ལོའི་བར་དུ་དགེ་འདུན་པ་ ༦༠ ཙམ་ལ་ཚན་རིག་ཟབ་སྦྱོང་གནང་བ་དང་། དེའི་ནང་ནས་ ༣༠ དྲག་འདེམས་བྱས་པ་རྣམས་དེ་རིང་ཚན་རིག་སྣེ་ཁྲིད་ཐེངས་དང་པོ་སློབ་མཐར་ཕྱིན་ཡོད། ཚན་རིག་སྣེ་ཁྲིད་ཅེས་འདོགས་དགོས་དོན་དེ་རིང་གི་སློབ་ཐོན་པ་རྣམས་ཀྱིས་མ་འོངས་པར་རང་གི་དགོན་སྡེ་ཁག་ཏུ་དགེ་རྒན་དང་། དེ་མིན་གྱི་བྱེད་སྒོ་གང་འདྲ་ཞིག་སྤེལ་ཡང་སྣེ་ཁྲིད་པ་དང་འགན་འཁུར་ཐུབ་པ་ཞིག་དགོས་ཀྱི་འདུག་ཅེས་པ་དེ་ཡིན། དེ་ནི་༧གོང་ས་མཆོག་གི་དགོངས་གཞི་ཙམ་མ་ཟད། བོད་མི་ཚོས་རང་དོན་རང་གཅེས་བྱ་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷག་པར་དུ་ཆོས་ཀྱི་སྲོལ་རྒྱུན་བཟང་བོ་ཡོད་པའི་ཐོག་ཏུ་རྒྱན་ཆ་དང་དུས་རབས་ཉེར་གཅིག་པའི་ནང་དུ་གོམ་པ་རྒྱག་རྒྱུའི་སྟ་གོན་ལྟ་བུ་ཡིན་སྐོར་སོགས་གསུངས།
བོད་གཞུང་ཤེས་རིག་བཀའ་བློན་མཆོག་གིས་གསུངས་དོན། སྤྱིང་ང་ཚོའི་བོད་མིར་མཚོན་ན་གཞུང་ཆེན་མོར་བལྟས་ཟེར་བ་མ་གཏོགས་དེ་ལ་ནང་གསེས་དབྱེ་བ་བྱས་ཏེ། དེང་དུས་ཀྱི་ཚན་རིག་དང་བསྟུན་ཏེ་གང་འདྲ་འགྲོ་གི་ཡིན་མིན་སྐོར་ལ་བསམ་བློ་འཁོར་གྱི་ཡོད་པ་མ་རེད། ཡིན་ནའང་། བར་ལམ་ནས་༧གོང་ས་མཆོག་གིས་ང་ཚོའི་ནང་ཆོས་ནང་དུ་ཚན་རིག་ཟེར་ནས་དབྱེ་བ་གཅིག་དང་། ལྟ་བ་ཟེར་ནས་དབྱེ་བ་གཅིག དེ་ནས་ཆོས་ཟེར་ནས་དབྱེ་བ་གཅིག་དབྱེ་ཡོང་དུས། ང་ཚོས་ནང་ཆོས་རང་གི་ཐོག་ནས་ཚན་རིག་གི་གཞི་ཞིག་བཟུང་བའི་ཐོག འཛམ་གླིང་སྤྱི་དང་ལྷག་པར་དུ་ཚན་རིག་པར་ཕར་ཕན་ཐོགས་གང་འདྲ་བྱས་ནས་བྱ་དགོས་ཀྱིན་འདུག དེ་ལྟ་བུའི་བཀའ་སློབ་ཕེབས་པ་ལྟར་ཁྱེད་ཚོས་ཚན་རིག་ཐོག་སློབ་སྦྱོང་གནང་བ་དེས་ཏན་ཏན་ང་ཚོའི་སྤྱི་ཚོགས་དང་འཛམ་གླིང་སྤྱི། ལྷག་པར་དུ་ཚན་རིག་པར་ཕན་ཐོགས་འབྱུང་བ་ཞིག་གནང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།
ཡང་ཁོང་གིས་ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་གསར་བའི་འོག་ནས་༧གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་སློབ་ཚན་ཡོངས་རྫོགས་བོད་ཡིག་རང་སྟེང་ནས་སློབ་རྒྱུར་བང་བསྒྲིག་ནས་ཡོང་གི་ཡོད། དེ་ལ་དགེ་རྒན་མེད་པ་དང་ཚན་རིག་གི་ཐ་སྙད་གསར་བ་དེ་ཚོ་རག་རྒྱུར་དཀའ་ངལ་ཡོང་བསྡད་ཀྱིན་འདུག བར་ལམ་ནས་བོད་ཀྱི་དཔེ་མཛོད་ཁང་གིས་ཚན་རིག་ཐོག་ཕྱག་ལས་མང་བོ་གནང་སྟེ། དེ་ཚོའི་ཐོག་ནས་ང་ཚོར་གནས་ཚུལ་གསར་བ་མང་བོ་ཞིག་རེག་ཡོང་གི་ཡོད་པ་རེད་མ་གཏོགས། ང་ཚོ་རང་གིས་དེ་ཚོའི་ཐོག་དོ་སྣང་བྱས་ཏེ་སྤྱི་ཚོགས་ཐོག་ཐ་སྙད་གསར་བ་བཟོ་མཁན་རག་གི་མེད། ཐ་ན་དེ་ཚོའི་ཐོག་ཐུགས་སྣང་གནང་མཁན་ཡང་ཡོང་གི་མེད། དེར་བརྟེན་ཁྱེད་རྣམ་པ་ཚོ་གཞུང་ཆེན་མོའི་རྒྱབ་སྐྱོར་ཡོད་བསྡད་པ་ཞིག དེའི་སྟེང་དུ་ཚན་རིག་གི་སློབ་སྦྱོང་ཞིག་ཀྱང་མཉམ་དུ་རག་པར་བརྟེན་ཕན་ཐོགས་རླབས་ཆེན་ཞིག་འབྱུང་གི་རེད་བསམ་ནས་ཡིད་ཆེས་བྱས་ཡོད། ཅེས་དང་མཇུག་མཐར་ཁོང་གིས་དངོས་གནས་བྱས་ན་འདི་ལྟ་བུའི་ལས་ཀ་དག་ཤེས་རིག་ལས་ཁུངས་ཀྱིས་བྱེད་དགོས་པ་ལྟ་བུ་ཞིག་ཆགས་ཡོད་ནའང་། ཤེས་རིག་ལས་ཁུངས་ཀྱིས་བྱེད་མ་ཐུབ་པ་ཞིག་བོད་ཀྱི་དཔེ་མཛོད་ཁང་གིས་གནང་བ་རེད། ཤེས་རིག་ལས་ཁུངས་དང་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
གསར་འགོད་པས་ཚན་རིག་ཟབ་སྦྱོང་ཁྲོད་ཞུགས་པའི་དགེ་འདུན་པ་འགར་དྲི་བ་ཁག་ཅིག་དྲིས་པར་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་རྔ་པ་ཤེས་རབ་ལགས་ཀྱིས་ནམ་རྒྱུན་ང་ཚོའི་སྲོལ་རྒྱུན་གྱི་རིག་གཞུང་དང་ནང་ཆོས་ཐོག་ཏུ་སློབ་སྦྱོང་བྱེད་སྟངས་དང་དཔྱད་པ་བྱེད་སྟངས་ལས། ཚན་རིག་གིས་དཔྱད་པ་བྱེད་སྟངས་དེ་དམིགས་བསལ་བ་ཞིག་ཆགས་འདུག་པར་མ་ཟད། ནང་ཆོས་དང་ཚན་རིག་གཉིས་ཀྱི་བར་དུ་མཐུན་པའི་རིགས་དང་མི་མཐུན་རིགས་མང་བོ་ཞིག་འབྱུང་གི་ཡོད་ལ། ཡང་ནང་ཆོས་ནང་དུ་མ་གསལ་བ་མང་བོ་ཞིག་ཚན་རིག་ནང་དུ་ཞིབ་ཚགས་པོ་བཤད་པ་དེ་འདྲ་ཡོད། དེ་བཞིན་ཚན་རིག་པས་གསར་བཏོད་ཟེར་བ་དེ་ཚོ་ནང་ཆོས་ནང་དུ་སྔོན་ནས་བཤད་ཡོད་ནའང་ཁྱབ་བསྒྲགས་ཁྱོན་ནས་སོང་མེད་པའི་རིགས་མང་བོ་ཡོང་གི་འདུག དེར་བརྟེན་ངས་ལོ་འདི་འདྲའི་མང་བོར་ཚན་རིག་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་དེ། ང་ཚོས་ནང་ཆོས་ལ་སློབ་སྦྱོང་བྱས་ནའང་དེ་ལ་སློབ་སྦྱོང་བྱེད་སྟངས་དང་དཔྱད་པ་བྱེད་སྟངས་དེ། ནམ་རྒྱུན་གྱི་གདན་ས་ཁག་གི་སློབ་སྦྱོང་བྱེད་སྟངས་ལས་བརྒལ་ཏེ། ཞིབ་ཚགས་པོ་དང་གནད་དོན་གང་ཡིན་པ་དེར་རིག་པས་དཔྱད་ནས་འགྲོ་རྒྱུ། དེ་བཞིན་རང་གི་སྲོལ་རྒྱུན་ཡིན་ཟེར་ནས་མཁྲེགས་བཟུང་དང་གཞན་གྱི་གསར་བཏོད་རེད་ཟེར་ནས་ཧོལ་རྒྱུགས་མི་བྱེད་པར་བློ་གཟི་བོར་གནས་པའི་ཐོག་ནས་འགྲོ་ཐུབ་པ་སོགས་ཀྱི་ཕན་ཐོགས་ཆེན་པོ་བྱུང་ཞེས་ཟེར།
སེ་ར་བྱེས་ཀྱི་གྲྭ་ཐབས་མཁས་བློ་གྲོས་ལགས་ཀྱིས། ངས་བལྟས་ན། སྤྱིར་བཏང་ནས་ང་ཚོ་བོད་པས་བསམ་བློ་གཏོང་ཕྱོགས་སུ་དེང་དུས་སློབ་སྦྱོང་བྱེད་སྟངས་དེ་ཅུང་ཙམ་རྗེས་སུ་ལུས་པ་གང་ཞིག ཚན་རིག་གི་བསམ་བློ་གཏོང་སྟངས་ནས་བཤད་ན་ང་ཚོ་ཧ་ཅང་གི་རྗེས་ལུས་ཐེབས་འདུག ངས་ཐོག་མར་ཚན་རིག་སྦྱོང་དུས་ལམ་སེང་འཕྲུལ་རིག་བཟོ་རྒྱུ་ལྟ་བུར་བསམ་བློ་འཁོར་ནའང་། དེ་ལྟར་མ་ཡིན་པར་ལྟ་བ་འཁྱེར་སྟངས་དང་བསམ་བློ་གཏོང་སྟངས། དེ་བཞིན་སློབ་སྦྱོང་བྱེད་སྟངས་སོགས་ཚང་མ་ཁྱོན་ནས་མི་འདྲ་བ་དེ་འདྲ་རེད་འདུག དེར་བརྟེན་ང་རང་ཉིད་ངོས་ནས་ནུབ་ཕྱོགས་པ་དེ་ཚོས་ཚན་རིག་ལ་སློབ་སྦྱོང་བྱ་སྟངས་དང་ལྟ་བ་ཁྱེར་སྟངས་སོགས་ཤེས་སོང་ཞེས་དང་། ཡང་ཁོང་གིས་ང་ཚོའི་དགོན་སྡེ་གྲྭ་ཚང་ཁག་ཏུ་སྔོན་མའི་ཆོས་ཀྱི་སློབ་གཉེར་བྱེད་སྟངས་དེ་ཚོ་མུ་མཐུད་འགྲོ་བསྡད་ཀྱིན་ཡོད་སྟབས། དེང་དུས་གཞོན་སྐྱེས་ཚོར་ནང་ཆོས་ར་སྤྲོད་རྒྱུ་དང་དེང་དུས་ཀྱི་སློབ་སྦྱོང་སྤྲོད་ཐབས་སོགས་ལ་ཧ་ཅང་རྗེས་ལུས་ལྟ་བུ་རེད། དཔེར་ན། ང་ཚོས་ནང་ཆོས་ཤིག་དབྱིན་ཇི་ནས་བསྒྱུར་བ་དང་བོད་ཡིག་ནང་གི་དེ་གཉིས་ཀློག་པ་ཡིན་ན། ང་ཚོའི་གཞོན་སྐྱེས་ཚོར་ཕལ་ཆེར་དབྱིན་ཇིའི་ནང་གོ་བདེ་བ་ཆགས་ཀི་རེད། དེ་སོ་སོའི་སློབ་སྦྱོང་གི་ཐབས་ལམ་ཆ་ཚང་འཛམ་གླིང་ཧྲིལ་བོ་གཅིག་གྱུར་ཐོག དེང་དུས་སློབ་སྦྱོང་ཐོག་ཏུ་སླེབས་ཡོང་དུས་ང་ཚོའི་དགོན་སྡེ་གྲྭ་ཚང་ཁག་ཏུ་རྩ་བའི་ཆ་ནས་ནང་ཆོས་ལ་ནང་དོན་གཏིང་ཟབ་པོ་ཡོད་ནའང་། སློབ་སྦྱོང་བྱེད་པའི་ཐབས་ལམ་དུས་རབས་དང་བསྟུན་ཏེ་གསར་བའི་ལམ་དུ་མ་ཆས་པས་རེད། མུ་མཐུད་འདི་ལྟར་ཕྱིན་ན་གང་འཚམ་ཞིག་ནས་ཐབས་ལམ་ལ་བརྟེན་ཏེ་རྩ་བའི་སློབ་སྦྱོང་གི་ནང་དོན་ལ་བྲོ་བ་མེད་པར་འགྱུར་བའི་ཉེན་ཁ་འདུག་ཟེར།
དགའ་ལྡན་ཤར་རྩེའི་གྲྭ་འབྲི་སྐལ་བཟང་གིས་ང་རང་ཉིད་ཐོག་མར་ཚན་རིག་ཟབ་སྦྱོང་ནང་ཞུགས་པ་དང་ད་ལྟ་གཉིས་བསྡུར་ན་སྔོན་མར་ཚན་རིག་ཕྱོགས་ལ་བསམ་བློ་གཏོང་སྟངས་དང་ད་ལྟ་ཚན་རིག་ཕྱོགས་ལ་བསམ་བློ་གཏོང་སྟངས་གཉིས་མ་འདྲ་བ་ཆགས་འདུག ཚན་རིག་ནང་དཔྱད་པ་བྱ་རྒྱུ་དང་མངོན་སུམ་གྱི་ཡུལ་དུ་པར་དང་གཟུགས་མཐོང་གློག་བརྙན་བསྟན་པར་བརྟེན་ནས། ནང་པའི་གཞུང་དུ་བཤད་བཞག་པའི་གནས་ཚུལ་གསལ་ཁ་མེད་པ་འགར་ཚན་རིག་ལམ་ནས་གསལ་ཁ་བཟོས་སོང་། ཡང་ཚན་རིག་གིས་རྣམ་བཞག་མང་བོ་ཞིག་བཤད་བསྡད་པ་དེ་དག་ཚན་རིག་གིས་བཤད་པ་ཙམ་མིན་པར། ང་ཚོའི་ནང་པའི་གཞུང་དུ་བཤད་པའི་རིག་པའི་རྣམ་བཞག་ལ་ཕར་སྦྱར་ནས་བསམ་བློ་གཏོང་དུས། དེ་ལ་ཕར་རླབས་ཆེན་པོ་ཞིག་འགྲོ་ས་ཡོད་བསྡད་པར་མཐོང་གི་འདུག ང་རང་ཉིད་ད་བར་ཚན་རིག་ཟབ་སྦྱོང་ནང་ཞུགས་སྟབས་ཚན་རིག་གི་འགྲོ་སྟངས་དང་སྤྱིར་འཇིག་རྟེན་ཁམས་ཀྱི་གནས་སྟངས། ཚན་རིག་གིས་སྐྱེ་དངོས་ལ་ངོས་འཛིན་སྟངས་སོགས་མང་བོ་ཞིག་ཤེས་རྟོགས་བྱུང་སོང་ཞེས་གསུངས་ཡོད།
ཐེངས་འདིར་སློབ་མཐར་བྱུང་བའི་གྲྭ་པ་ ༣༠ དེ་སེ་ར་དང་དགའ་ལྡན། འབྲས་སྤུངས། ས་སྐྱ་མདོ་སྔགས་ཆོས་གླིང་། བོན་དགོན་སྨན་རི་གླིང་བཅས་ནས་ཕེབས་ཡོད་ལ། ཁོང་ཚོར་ད་ལྟའི་བར་མཐུན་འགྱུར་གནང་མཁན་སཱ་གྷར་ཁྱིམ་ཚང་ (Sager Family Foundation) དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཡིན། དགེ་འདུན་པའི་ཚན་རིག་དགེ་རྒན་སྐོར་ཁག་དང་པོ་སློབ་མཐར་ཕྱིན་པ་དང་བསྟུན། སྐོར་ཁག་གཉིས་པ་དེ་ ༢༠༡༡ ལོར་མགོ་འཛུགས་གནང་འཆར་ཡོད་པ་དང་། དེའི་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་བོད་པའི་དགེ་འདུན་པ་རྣམས་ལ་ཚན་རིག་སློབ་ཁྲིད་གནང་རྒྱུ་ཡིན་པ་དང་། སྐོར་ཁག་གཉིས་པའི་ནང་དུ་བཙུན་མ་ཡང་བསྡུ་རྒྱུ་ཡིན་འདུག
གང་ལྟར་ཉིན་དེའི་མཛད་སྒོ་ནི་ཤེས་རིག་བཀའ་བློན་དང་བོད་གཞུང་དཔེ་མཛོད་ཁང་གི་འགན་འཛིན། ཚན་རིག་དགེ་རྒན་དང་སྐད་བསྒྱུར་བ་རྣམ་པ། དགེ་འདུན་པ་སུམ་ཅུ་བཅས་ལས་མེད་པའི་སྟབས་བདེའི་མཛད་སྒོ་ཞིག་ཡིན་ནའང་། དེ་ནི་༧གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ཀྱི་ཐོག་ཏུ་ཁ་ཡོད་ལག་ཡོད་ཅིག་བསྐྱོད་པ་ཐེངས་དང་པོ་དང། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པའི་ཁྲོད་ནས་ཚན་རིག་སྣེ་ཁྲིད་ཐུབ་མཁན་གྱི་སློབ་ཐོན་པ་ཐོག་མ་བྱུང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་མཛད་སྒོ་ཞིག་ཏུ་གྱུར་ཡོད།
བཀྲིས་བདེ་ལེགས་ཕུན་སུམ་ཚོགས། ཨེ་མ་བག་བྲོ་སྐུ་ཁམས་བཟང།
བོད་ཀྱི་ཚན་རིག་པས་འཛམ་གླིང་གི་མཚོན་ཆའི་འགྲོ་སོང་ཁོར་ཡུག་རྒུད་སྐྱོབ་ལ་འདྲེན་ཐུབ་པ་བྱེད་དགོས།
བོད་ཀྱི་ན་གཞོན་ཚན་རིག་དཔུང་ཁག་ཞིག་འཛམ་གླིང་འདིར་གསར་དུ་ཐོན་པར་བཀྲིས་བདེ་ལེགས་ཞུ༎ ཁྱེད་རྣམས་ཀྱི་བྱས་རྗེས་འཇོག་མ་ཐུབ་རུང་རང་གི་མེས་པོས་ཁྲག་དང་རྔུལ་ཆུ་བསྟིམས་པའི་སྲོལ་རྒྱུན་ལ་ངན་སྨྲས་མི་གནང་བའི་རེ་བ་དང་ཡིད་ཆེས་ཡོད། ལར་ནས་ང་ཚོ་བོད་པ་རྣམས་ནས་རང་གི་མ་འཇོན་པར་སྲོལ་རྒྱུན་གྱི་མ་བྱུང་རབས་ཤོད་རྒྱུར་ཤིན་ཏུ་དགའ་དེ་ནི་རུས་པ་མེད་པའམ་ཀླད་པར་ཆུ་ལས་མེད་པའི་རང་རྟགས་ཡིན། མ་ཟད་ཁ་སྔོན་སྐྱེ་རྒུ་མདོར་ས་ཡོམ་སྐབས་འཆི་རྐྱེན་བྱུང་བ་མང་པོ་ཞིག་དེ་སྔོན་སྦྲ་གུར་ནང་འཚོ་བ་སྐྱེལ་མྱོང་བའི་ས་མཐོའི་འབྲོག་པ་ཡིན། དེ་དག་རང་གི་མེས་པོ་སྲོལ་རྒྱུན་བལྟར་སྦྲ་གུར་ནང་བཞུགས་ཡོད་ན་འཆི་རྐྱེན་དེ་དག་གང་ལ་ཡོང་།
ང་ཡིད་སྐྱོ་དེ་གཞས་ཚིག་འདི་འདྲ་ཞིག་ཐལ་སོང༌།
གྲོང་ གསར་ ཨར་ འདམ་ ཁང་ པར།
ད་ ནས་ ཡིད་ སྨོན་ མི་ ཤོར།
སྒོ་ ཕྱུག་ གཡག་ གི་ རྩིད་ པས།
སྦྲ་ གུར་ ཡིད་ ནས་ སྨོན་ བྱུང༌།
གུར་ རྒྱུག་ མགོ་ བོར་ འཁེལ་ ཀྱང༌།
འདི་ ཕྱིའི་ མཚམས་ སུ་ མི་ སླེབ།
ད་ ནི་ མི་ མཐོང་ རྒུ་ མཐོང༌།
རིགས་ རྒྱུད་ གཙང་ ཕྱག་ བཏང་ སོང༌།
ཚན་ རྩལ་ རིག་ པ་ བཤད་ ནས།
འབྲོག་ པའི་ གཟིམ་ ཆུང་ གྲུབ་ བཞི།
སྲོལ་ རྒྱུན་ རྒྱབ་ ཏུ་ སྐྱུར་ བས།
ངན་ འབྲས་ མིན་ ན་ ཅི་ ཡིན།
༆།། གཞུང་ལམ་གཅིག་ཏུ་བསྐྱོད་བཞིན་པའི་རང་བཙན་འཐབ་རྩོད་པ་དང་བློ་སེམས་མཐུན་པའི་དྲ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་དམིགས་གསར་ཞུ་འདོད་བྱུང་བ་ཁག་ཅིག་ལྷག་བསམ་རྣམ་དག་ཐོག་ནས་བཤོད་འདོད་བྱུང་། ཕྲན་སྒེར་གྱི་རྣམ་སྤྱོད་ཐོག་ནས་མཐོང་ཚུལ་ནི་བཀའ་ཟུར་བཀྲས་མཐོང་ཆོགས་ལ་བོད་སྤྱིར་པའི་རྩ་དོན་ཆེད་དུ་བྱ་བཞག་བསྒྲུབ་རྒྱུ་སེམས་ཤུག་དང་གཏོང་ཕོད་ཀྱི་ལྟར་བ་གང་ཡང་མེད་པས་རྣམ་འགྱུར་ཞིག་མཐོང་སོང་། འདིར་ཐོག་དགོངས་ཆ་ཡོད་པ་ཞུ།
༡༽ བོད་ཀྱི་བླ་མ་ཚོས་ཚད་བཀག་མེད་པར་མུ་འཐུད་དེ་རིས་མེད་བླ་མ་ཚད་ལྡན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཟབ་མོ་ཐོབ་ཐབས་གནང་དགོས།
༢༽ དེ་་བཞིན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སྒོམ་པར་བྱེད་དགོས་ཞིང་། ཁྱད་པར་བྱང་སེམས་ལ་བློ་སྦྱོང་དང་། ཡང་སྒོས་ཡི་དམ་ཀྱི་ཉམས་ལེན་དང་ཕྱག་རྫོགས་ཀྱི་མན་ངག་ལ་གཞུང་ནས་གསུང་བའི་ཉམས་རྟོགས་ཀྱི་རྟགས་རྣམས་མ་ཐོན་བར་བསྙེན་སྒྲུབ་ལ་བཞུགས་ཐབས་གནང་དགོས།
༣༽ ཁྱད་པར་མནའ་བོའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པ་གཞིར་བཞག དེང་རབས་ཀྱི་རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་ཚན་རིག ཚད་བསྡུར་ཚན་རིག་སོགས་ལ་སློབ་སྦྱོང་གང་འཚམས་ཞིག་བྱེད་དགོས་ཏེ། དེང་སང་མི་མང་པོས་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
༤༽ དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབསཅིང་བཞུགས་ནས། མ་བསྐུལ་དང་ལེན་ཀྱིས་ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ། དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ། ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། ཕྱག་དབང་ཙམ་གནང་བའམ་མྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།
སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་དེང་སྐབས་འཛམ་གླིང་ཡུལ་ཁམས་ཀུན་ཏུ་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་དང་ཉམས་ལེན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ཆོས་མེད་སྨྲ་བར་འགྱུར་མཁན་ཇེ་མང་ལ་འགྲོ་བཞིན་འདུག བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གིས་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རགས་པས། བོད་མི་ནང་ཆོས་ཀྱི་རིན་ཐང་དངོས་གནས་་ཤེས་མཁན་ཕལ་ཆེར་མེད་ལ་བོད་ཀྱི་གྲྭ་བ་ཆོས་བཤད་ཕོད་མཁན་ཕལ་ཆེར་མེད་ལྟ་བུ་རེད། དཔེར་ན། བལ་ཡུལ་དུ་བོད་ཀྱི་ཁྱིམ་ཚང་གཅིག་ལ་སྤྲུལ་སྐུ་གསུམ་ལྷག་འཁྲུངས་ོ་དང། སྤྲུལ་སྐུ་དེ་ཚོས་རྒྱལ་ཁབ་དུ་མར་ཆོས་ཚོགས་བཙུགས་པས། མི་མང་པོ་ཞིག་ནང་ཆོས་ལ་དོ་སྣང་བྱེད་ཐུབ་པ་བྱུང་ཡོད་ཀྱང་། སྐྱོ་དགོས་པ་ཞིག་ལ་ཁོ་ཚོའི་ཕ་མ་རྒན་ཁོག་གཉིས་མ་ཡིན་པའི། ནང་མི་སྤུན་མཆེད་ཚང་མ་ཆོས་ལ་དད་པ་མེད་པར་མ་ཟད་བོད་ཞེན་ཙམ་ཡང་མི་འདུག གནས་སྟངས་ཐབས་སྡུག་འདི་འདྲ་འབྱུང་བའི་རྒྱུ་མཚན་ནི། བོད་ཀྱི་བླ་མ་ཚོས་ཕྱི་རྒྱལ་ཀྱི་མི་ལ་ཆོས་བཤད་པ་ལས། རང་རིགས་བོད་མི་ལ་ཆོས་མི་བཤད་པའི་གོམས་སྲོལ་ངན་པ་དང་། བོད་མི་ཕ་མ་ཚོས་བོད་ཀྱི་རིག་གཞུང་ལས་ཕྱི་རྒྱལ་རིག་གཞུང་ཡ་མཚན་ཆེ་སྙམ་པའི་རྨོངས་དད་ཤུགས་ཆེ་ཡོད་པའི་རྐྱེན་ཀྱིས་རེད།
དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་སྐྱ་ཕོ་མོ་ཐམས་ཅད་ལ། ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ཀྱི་རིན་ཐང་ཤེས་ཞིང་མི་ཚེའི དོན་སྙིང་རྙེད་པའི་ཆོས་ལྡན་མི་རིགས་ཞིག་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།
བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེའི་གཟའ་ཉི་མའི་ཆུ་ཚོད་བཅུ་བ་ནས་བཅུ་གཉིས་བར་བཀའ་ཆོས་ཐེངས་རེ་གནང་རོགས་ཞུ་རྒྱུ་དང་། གལ་ཏེ་བཀའ་ཆོས་གནང་མཁན་མ་རྙེད་པའམ་སྐབས་རེ་ངེས་པར་དུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འོད་སྡེར་ལ་བལྟ་ཉན་བྱེད་དགོས།
༥༽ ཁྱད་པར་དགོན་བདག་བླ་མ་ཚོ་ནི། དུས་ཚོད་མང་ཆེ་བ་ཕྱི་རྒྱལ་ཀྱི་སྦྱིན་བདག་ཚོའི་ཆེད་དུ་ངོམ་ཆོས་ཀྱི་མཛད་རིམ་སྣ་ཚོགས་ལ་བྲེལ་ནས་སྒོར་མོ་བཙལ་དགོས་པས། རང་གི་གྲྭ་བ་ཚོ་ལ་ཆོས་བཤད་རིན་མེད་པའམ་བཤད་ཁོམ་མེད་ལ། གྲྭ་བ་ཚོས་ཀྱང་དཔོན་ཉམས་དོད་པའི་དགོན་བདག་བླ་མ་རྣམས་ནི་སྦྱིན་བདག་སྐུ་ངོ་ཀྱི་འདུ་ཤེས་ཙམ་ལས་བླ་སློབ་ཀྱི་འབྲེལ་བ་ངོ་མ་ཞིག་བྱེད་མྱོང་མེད་པའི་སྐྱོན་ཀྱིས། དགོན་པའི་ནང་གི་གྲྭ་བ་མང་ཆེ་བས་ཞོགས་ཚོགས་དགུང་ཚོགས་ལྟ་བུའི་རྒྱུན་འདོན་གྱི་ལྟ་སྒོམ་སྤྱོད་པའི་གོ་དོན་དང་དགོས་པ་རྒྱུ་མཚན་གང་ཡིན་མི་ཤེས་པ་དང་། ཐ་ན་ས་ོསོའི་ཁ་འདོན་ཀྱི་ཚིག་དོན་ཙམ་ཡང་ཚུལ་བཞིན་ཤེས་མཁན་དཀོན་པོ་གྱུར་ཡོད།
ཆོས་མི་ཤེས་པའི་བླ་གྲྭ་མང་པོ་ཞིག་དགོན་པའི་ནང་དུ་ཡུན་རིང་བྲེལ་ཟིང་གིས་མི་ཚེ་བསྐྱལ་ནས་བསྡད་ཀྱང་། ཉོན་མོངས་མར་འགྲིབ་དང་དངོས་གྲུབ་ཡར་འཕེལ་ནི་ཕལ་ཆེར་མེད་པས། ཆོས་ཀྱི་སློབ་སྦྱོང་མ་ཐོབ་པའི་ཉམ་ཆུང་གྲྭ་བ་མང་པོ་རིམ་པས་སྐྱ་སར་བབ་ནས། བོད་ཀྱི་ནང་ཆོས་ནི་ཕྱི་རྫིག་ནང་སྡུག་གི་ཆོ་ག་ཕྱག་ལེན་དང་། རྟགས་གསལ་སྐམ་པོ་ཙམ་རེད་འདུག་སྙམ་པའི་ལོག་ལྟ་སྐྱེས་ནས། བོད་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་དང་བྱུང་བཞིན་ཡོད་ན། ཤེས་ལྡན་དགོན་བདག་བླ་སྤྲུལ་ཡོངས་ནས་ཆོས་ཀྱི་སློབ་སྦྱོང་ནམ་ཡང་མི་ཐོབ་པའི་ཉམ་ཆུང་དགོན་པའི་གྲྭ་བ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོས་་དམིགས་བསལ་ཀྱིས་བཀའ་ཆོས་གང་མང་གནང་ཐུབ་པ་བྱེད་དགོས་སོ།
ལག་ཁྱེར་དང་ཚད་གཉམ་སློབ་གཉེར་ཅིག་ཡོད་ན་ཁོང་རྣམས་ཚང་མ་མཁས་དབང་རེད་ཟེར་
གསར་འགྱུར་འདིར་བསྐོད་པ་བཀའ་དྲན་ཆེ། ངོ་མ་ཡག་པོ་རེད་། དུས་རབས་རྗེས་སུ་སྙིགས་པའི་དགེ་འདུན་གྱི་ཚོགས་འདིར་དམ་ཆོས་འདུལ་བའི་གཞུང་དང་མཐུན་པའི་འཕགས་པའི་དགེ་འདུན་པ་ཞིག་ཆགས་པ་སྨོན། ཚན་རིག་པའི་ཡིད་སེམས་འཕྲོག་པའི་དགེ་འདུན་པ་ཁོང་རྣམས་ཆོས་པ་རྣམས་དག་གཅིག་ཆགས་པ་སྨོན་། བྱུང་ན་དམག་འཁྲུག་མེད་པའི་ཞི་བདེ་ཅིག་
དུས་བབས་བྱེའུ་ཚང་ལ་ཞུ་རྒྱུ་ནི། ད་ཁྱོད་ཚོའི་བྱེའུ་ཚང་གིས་ཕྱོགས་ཞེན་དང་ལུང་མཚན་གྱི་རྫུན་གཏམ་དག་ག་དུས་མཚམས་བཞག་གོ།
དེ་ལྟ་བུའི་རིགས་ཀྱི་ལས་འགུལ་མང་ཙམ་ཞིག་སྤེལ་རོག་གནང།
ཁོ་ཚོས་ཚན་རིག་སློབ་སྦྱོང་གི་སྦྱངས་འབྲས་ག་འདྲ་ཞིག་ཡིན་རུང་། བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ངོས་ཞིག་ཏུ་འགྱུར་ངེས་པའི་རླབས་ཆེན་གྱིས་ལས་དོན་ཞིག་རེད་བསམ་བྱུང་། དགོན་སྡེ་ཁག་ཏུ་ཆུང་དུས་ནས་ནང་བསྟན་གཙོ་བྱས་ཏེ་དབྱིན་ཡིག་དང་གྲངས་རིག་པ་སོགས་སློབ་ཁྲིད་བྱས་ཏེ་ཚན་རིག་གི་ལམ་ནས་ནང་ཆོས་ལ་སློབ་གཉེར་དང་ནང་ཆོས་ཁྱབ་བསྒྲགས། ངེས་པ་དོན་གྱི་ནང་ཆོས་ཚན་རིག་ཅེས་པའི་ལག་ལེན་ནམ་ཐབས་ལམ་གསར་བ་ཞིག་དང་གཞུང་ལུགས་གསར་བ་ཞིག་འཛུགས་ཐུབ་པར་རེ་སྨོན་དང་ཡིད་ཆེས་བྱས་ཡོད། ང་ཚོར་དངོས་ནས་དུས་ཚོད་མང་པོ་མེད་པས་ཧུར་བརྩོན་བྱེད་ཡ། ད་རུང་དགེ་འདུན་པ་༣༠ཙམ་མ་ཡིན་པར་ད་ཐེངས་ཀྱི་མཉམ་མྱོངས་ཀྱི་སྟེང་ནས་དགེ་འདུན་པའི་ཚན་རིག་སློབ་གཉེར་གྱི་སློབ་གསོའི་མ་ལག་གསར་བ་ཞིག་བཙུགས་ཏེ་བོད་ཡིག་བོད་སྐད་ཀྱིས་སྟེང་ནས་ཚན་རིག་སློབ་གཉེར་བྱེད་ཐུབ་ཉིན་མོ་ཞིག་བསུ་བར་འགྲོ མི་འགྱངས་པའི་མ་འོངས་ཉི་ཧོང་གི་དངོས་ལུགས་རིག་པའམ་དངོས་ལུགས་ནོར་པེ་བྱ་དགའ་ཐོབ་མཐན་མྰ་སུ་ཁ་བ་ལགས་ཀྱིས་དབྱིན་ཡིག་མ་ཤེས་རུང་ཉི་ཧོང་གི་སྐད་ཀྱིས་སྟེང་ནས་དངོས་ལུགས་རིག་པར་སློབ་གཉེར་དང་ཞིབ་འཇུག་བྱེད་ཐུབ་ཟེར་བ་བཞིན།
མ་འོངས་པར་ང་ཚོས་ཀྱང་ཡིད་ཆེས་ཆེན་པོས་བོད་ཡིག་གི་ལམ་ནས་འཛམ་གླིང་སྔོན་ཐོན་གྱི་ཚན་རིག་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་ཐུབ་ཞེས་ཐབས་ཚིག་བསྒྲགས་ཐུབ་པར་སྨོན་ལམ་འདེབས།
་་་་ནང་ཆོས་ལ་ནང་དོན་གཏིང་ཟབ་པོ་ཡོད་ནའང་། སློབ་སྦྱོང་བྱེད་པའི་ཐབས་ལམ་དུས་རབས་དང་བསྟུན་ཏེ་གསར་བའི་ལམ་དུ་མ་ཆས་པས་རེད། མུ་མཐུད་འདི་ལྟར་ཕྱིན་ན་་་་་། ཞེས་དང་། ་་་་་། ནང་ཆོས་ལ་ནང་དོན་གཏིང་ཟབ་པོ་ཡོད་ནའང་། སློབ་སྦྱོང་བྱེད་པའི་ཐབས་ལམ་དུས་རབས་དང་བསྟུན་ཏེ་གསར་བའི་ལམ་དུ་མ་ཆས་པས་རེད། མུ་མཐུད་འདི་ལྟར་ཕྱིན་ན་་་་་་། གནད་དོན་དེ་གཉིས་སྐོར་ལ་ཁ་གསལ་གསལ་བཤད་རེ་སྒུག་ཡོད།
ཞུ་དག་གནང་རོགས་ཞེས་འབྲེ་མཁན་རང་ཉིད་ཀྱི་བྲིས་པའི་འཕྲིན་ཐུང་དེ་ཡང་ཞུ་དག་ནན་པོ་བྱེད་དགོས་འདུག་ལ་བྱེད་རོགས་གནང་ཞེས་ཟུར་གནས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
བོད་ཀྱི་དུས་བབ་གསར་འགོད་པ་ཞེས་ནོར་བཅོས་ཡོང་བ་ཞུ།
བོད་བབ་གསར་འགོད་པས་གསར་འགྱུར་འབྲི་ཡི་ཡོད་རེད་དམ།་ཡང་ན་ཚན་རིག་སློབ་ཐོན་སློབ་མ་བསྟོད་དབྱངས་གི་སྙན་ངག་འབྲི་ཡི་ཡོད་གང་ལྟར་དེ་གཉིས་དབྱེ་བ་ཕྱེ་མི་ཤེས་པ་ཞིག་བྲིས་འདུག་་ཧ།་ལུང་རིག་ཁྱེད་རང་གསར་འགོད་པ་དེ་ཚོར་གསར་འགོད་པའི་བྱུང་བསྡར་མང་ཙམ་སྤྲོད་དགོས་འདུག་
༄༅། དགོན་སྡེ་ཁག་ལ་ཚན་རིིག་གི་ལས་ནས་དབུ་ཁྲིད་གནང་ཐུབ་པ་ཡག་པོ་རེད
འོན་ཀྱང་ཁོ་བ་ཚོའི་སྣེ་ཁྲིད་པ་ལ་དགོན་སྡེ་ཁག་གི་རྒྱབ་སྐྱོར་དང་མཐུན་སྐྱེན་གང་ཙམ་རེད་བྱེད་དགོས་ངེས་ཡིན
་དེ་ལྟར་མ་བྱས་ན་ཁོ་བ་ཚོ་ཤེས་པ་ཁོག་རུལ་ཆག་གཉེན་ཡོད
དགོན་སྡེ་རིག་གནས་དུས་རབས་ལ་ཁ་ཕྱོགས་ན་བཟང་གི