གལ་སྲིད་རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཁ་ཞེ་གཉིས་མེད་ཐོག་ལག་ལེན་བསྟར་ཡོད་ན། དེང་དུས་ང་ཚོས་རྩོད་བཞིན་པའི་དབུ་མའི་ལམ་དང་མཚུངས་བསྡུར་བྱ་ཐུབ་མེད་པ་ཞིག་མ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་ང་ཚོར་ཁེ་ཕན་གང་ལ་གང་འཚམ་ཞིག་ཡོད་པ་རེད་ཟེར།
ལོ་རེ་རེའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ནི་བོད་རྒྱལ་ཁབ་ཀྱི་ཆག་འཇིག་ལ་འབྲེལ་བ་ཡོད་པའི་གནད་འགག་གི་ཉིན་མོ་ཞིག་ཏུ་འཁེལ་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་སློབ་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་ཞུས་འདུག སྐབས་དེར་དབུས་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་༼ གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་གནས་སྟངས ༽ དང་། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་མཆོག་གིས་ ༼ གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དགོངས་དོན་དང་༧གོང་ས་མཆོག་གི་དགོངས་དོན་གྱི་བར་ཐག ༽ བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
དབུས་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་སྐབས་དེར་གྲོས་མཐུན་དེ་འདྲ་ཞིག་མི་འཇོག་ཐབས་མེད་བྱུང་བའི་ཕྱི་ནང་གི་འགལ་རྐྱེན་སྐོར་གསུངས་དོན། ང་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་གི་ཉིན་མོ་འདི་མུན་ནག་གི་ཉིན་མོ་ཞིག་ལ་ངོས་འཛིན་བྱས་ཏེ། ལོ་ལྟར་ས་གནས་ཡོངས་སུ་ངོ་རྒོལ་བྱེད་ཀྱིན་ཡོད། སྤྱིར་ང་ཚོས་ ༡༩༡༣ ནས་ ༡༩༤༧ བར་གྱི་གོ་སྐབས་དང་ཉེན་ཁ་ཞིག་གི་འོག་ནས་འཐུས་ཤོར་མང་པོ་བཏང་ཡོད། ལྷག་པར་དུ་ ༡༩༥༠ ལོར་ཆབ་མདོའི་མདོ་སྤྱི་བརྗེ་སྤོར་བྱས་ཏེ་རྒྱ་ནག་ལ་རོགས་ཕན་ཆགས་ཡོད། འཛམ་གླིང་སྤྱིའི་འགྲོ་སྟངས་ལྟར་ན་མཐའ་མཚམས་ཛ་དྲག་བྱུང་ན། དམག་ཁ་སྣོན་གཏོང་བ་དང་དམག་དཔོན་ལ་དབང་ཚད་འཕར་མ་སྤྲོད་སྲོལ་ཡོད་ཀྱང་། བོད་གཞུང་གིས་སྲོལ་རྒྱུན་རྩ་ཆེན་དུ་རྩིས་ཏེ་ལྷ་ཀླུའི་ཚབ་ཏུ་ང་ཕོད་བཏང་ཞིང་། ཆབ་མདོར་དམག་གིས་བརྒྱབས་ཏེ་མདོ་སྤྱི་ཤོར་ལ་ཉེ་སྐབས། བཀའ་ཤག་གིས་ལྷ་སར་ཐུགས་སྤྲོ་བཏང་ནས་བསྡད་ཡོད། བཀའ་ཤག་གི་མགོ་ཁྲིད་ཟུར་ཁང་བ་རེད། ཆབ་མདོ་ནས་ཏར་བཏང་སྟེ། ཟུར་ཁང་ལ་ཆབ་མདོ་ཤོར་གྱིན་ཡོད་པའི་ཛ་དྲག་གི་གནས་ཚུལ་ཞུས་སྐབས། སྐད་ཆ་དེ་གསང་བ་བྱོས། གནས་ཚུལ་ཆུང་ཚགས་ཆེན་པོ་མ་བཟོ། ཐུགས་སྤྲོ་གྲོལ་འགྲོ་བ་རེད་ཅེས་ལན་བརྒྱབས་ཡོད། ཆབ་མདོའི་དམག་ས་ཉིན་ ༡༨ ནང་རྒྱ་ལག་ཏུ་ཤོར་ཡོད། ཉི་མ་ནག་པོ་དེ་འདྲའི་སྐབས་ལ་ང་ཚོའི་མགོ་ཁྲིད་ཚོས་ཐུགས་སྤྲོ་བཏང་བསྡད་པའི་དབང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་ང་ཚོའི་མགོ་ཐོག་ལ་བཞག་པ་རེད། ཅེས་གསུངས་བྱུང་།
དོན་འགྲུབ་ལྷ་དར་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ནུས་མེད་ཆགས་སྐོར་ངོ་སྤྲོད་གནང་དོན། ཆབ་མདོ་ཤོར་རྗེས་རྒྱ་ནག་གི་བཟང་བཙོན་ལྟ་བུའི་འོག་ང་ཕོད་བརྒྱུད་ཞི་མོལ་གྱི་གོ་སྐབས་སྤྲད་པ་རེད། མང་པོ་ཞིག་གིས་ང་ཕོད་ཀྱིས་བོད་བཙོང་པ་རེད་ཟེར་མོད། དེ་དྲང་པོ་མ་རེད། མདོ་སྤྱིའི་སྐབས་སུ་ཞབས་འདྲེན་ཞུས་ཡོད་ཀྱང་། དོན་ཚན་བཅུ་བདུན་འཇོག་སྐབས་སྲོག་བསྡོས་ཀྱིས་རྒྱ་གཞུང་གི་སྐུ་ཚབ་ཚོ་དང་རྩོད་པ་མང་པོ་བརྒྱབས་ཡོད། མཐར་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་དགོས་བྱུང་བ་རེད། ང་ཚོས་གསལ་བོ་ཤེས་དགོས་པ་ཞིག་ལ། སྐབས་དེར་བོད་པའི་སྐུ་ཚབ་ཚོར་བོད་གཞུང་གིས་དབང་ཚད་ཆ་ཚང་སྤྲད་ཡོད་པ་མ་རེད་ལ། ༧གོང་ས་མཆོག་གིས་ཀྱང་སྤྲད་ཡོད་པ་མ་རེད། གཉིས་པ། སྐབས་དེར་ང་ཕོད་ལ་ཏམ་ཕྲུག་རྫུན་མ་ཞིག་བཟོས་ཏེ་རྒྱག་ཏུ་བཅུག་ཡོད། དེའི་རྗེས་མའོ་ཙེ་ཏུང་གི་སྐུ་ཚབ་ཀྲིང་ཅིན་ཝོའུ་གྲོ་མོར་འབྱོར་སྐབས། ༧གོང་ས་མཆོག་གིས་གནད་དོན་འདི་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ཐག་གིས་གཅོད་དགོས་གསུངས་ཏེ་ངོས་ལེན་གནང་མེད། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སྐབས། ཀྲུང་དབྱང་དམག་སྲིད་ལས་ཁུངས་ལྷ་སར་འཛུགས་རྒྱུ་ཕྱིར་འཐེན་དང་། བོད་ཡོངས་རྫོགས་གཅིག་གྱུར། མདོ་སྨད་བོད་ཀྱི་མངའ་ཁུངས་སུ་ཚུད་དགོས་པ་བཅས་ཀྱི་ཆ་རྐྱེན་གསུམ་གྱི་འོག གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་བྱས་ཏེ་ ༡༩༥༩ བར་འབད་བརྩོན་བྱས་ཀྱང་གྲུབ་འབྲས་མ་བྱུང་སྟབས། མཐར་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་༧གོང་ས་མཆོག་རྒྱ་གར་ཏེ་རྗི་པུར་མེ་འཁོར་འབབ་ཚིགས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་བའི་གསལ་བསྒྲགས་བསྐྱངས་ཡོད། དེ་ནི་དང་པོ་རྒྱ་ནག་གིས་ཆིངས་ཡིག་དེར་རྡོག་རོལ་བཏང་བ་དང་། གཉིས་པ་བཙན་གནོན་འོག་བཞག་པའི་དབང་གིས་ངོན་ལེན་བྱས་མེད། ཅེས་དང་།
ང་ཚོར་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཁེ་བཟང་གང་ཞིག་རག་ཡོད་པ་རེད་ཟེར་ན། བོད་དེ་རྒྱ་ནག་གི་ཆ་ཤས་མིན་པར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་རེད། གང་ཡིན་ཟེར་ན། འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་། སོ་སོའི་མངའ་སྡེའི་ནང་དམག་དཔུང་གཏོང་རྒྱུ་དང་། མངའ་སྡེ་དེ་འཛིན་སྐྱོང་བྱེད་སྟངས་ལ་མངའ་སྡེ་དེ་དང་མཉམ་དུ་གྲོས་མཐུན་འཇོག་པའི་ལུགས་སྲོལ་མེད་ལ། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་ཡང་འཚོལ་དགོས་དོན་མེད། རྒྱ་ནག་གཞུང་གིས་བོད་པའི་སྐུ་ཚབ་དག་དང་ལྷན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དེས་ང་ཚོ་རྒྱལ་ཁབ་རང་སྐྱ་བ་ཞིག་ཡིན་པ་བསྟན་ཡོད། ཅེས་གསུངས་བྱུང་།
དེའི་རྗེས་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་མཆོག་གིས་གིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཁྱབ་ཚད་སྐོར་གསུངས་དོན། བོད་ས་གནས་སྲིད་གཞུང་ཟེར་བའི་ཚིག་དེ་གྲོས་མཐུན་དོན་ཚན་བཅུ་བདུན་ནང་ཐོག་མར་བྱུང་བ་རེད། སྔར་བོད་རྒྱ་གཉིས་བར་ཆིངས་ཡིག་མང་པོ་བཞག་མྱོང་ཡང་། དེ་དག་མང་ཆེ་བའི་ནང་བོད་ཆེན་པོ་དང་རྒྱ་ཆེན་པོ་ཞེས་རྒྱལ་ཁབ་འདྲ་མཉམ་ཐོག་བཞག་ཡོད། ཕྱི་ལོ་ ༡༩༡༧ ཡས་མས་ནང་བོད་རྒྱའི་བར་དམག་འཁྲུག་བརྒྱབས་ཏེ་སྒང་ཐོག་གི་ཆིངས་ཡིག་བཞག་ཡོད། དེ་དང་དེ་ལྟ་བུའི་ཆིངས་ཡག་མང་པོ་བཞག་ཡོད་ཀྱང་ཚང་མ་དམག་མིའི་གནས་སྐབས་རིང་གི་ཆིངས་ཡིག་རེད། ས་མཚམས་ཀྱི་སྐད་ཆ་ཡོད་པ་མ་རེད། ང་ཚོས་བོད་ཟེར་དུས་བོད་ཡོངས་སུ་རྫོགས་པར་གོ་བཞིན་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་གཅིག་པུ་ཡིན་པ་ཁ་གསལ་མེད། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་གཅིག་པུ་ཡིན་ཟེར་ཡང་། བོད་ས་གནས་སྲིད་གཞུང་ནང་ཆབ་མདོ་ཡང་ཚུད་ཡོད་པ་མ་རེད། སྐབས་དེར་ཆབ་མདོ་བཅིངས་གྲོལ་ཨུ་ཡོན་ལྷན་ཁང་བཙུགས་ཟིན་ཡོད། ཅེས་གསུངས་བྱུང་།
གྲོས་མོལ་སྐབས་བོད་གཞུང་གིས་སྐུ་ཚབ་ཚོར་གྲོས་མོལ་གྱི་ཚད་གཞིོར་ནང་མ་གཅིག་དང་ཕྱི་མ་གཅིག་བཅས་དོན་ཚན་རིགས་གཉིས་བཏོན་ཡོད། དེའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་རྩ་དོན་གཙོ་བོ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་ལ་མིང་ཙམ་གྱི་དབང་སྒྱུར་གྱི་ཐོབ་ཐང་ཡོད་པ་དང་། བོད་ཡོངས་རྫོགས་འཛིན་སྐྱོང་གཅིག་གྱུར་ཡོང་དགོས་པ་སོགས་བཀོད་ཡོད། དེ་དག་ཡོངས་རྫོགས་ལ་རྒྱ་གཞུང་གིས་རྩ་འཛིན་མ་བྱས་པར་བཙན་དབང་འོག གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་ཡོངས་རྫོགས་ཁོ་རང་ཚོས་བཟོས་པ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཁས་ལེན་བྱེད་མིན་ཐད། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག བོད་རིགས་ཡོངས་གཅིག་གྱུར་དགོས་པ་སོགས་ཀྱི་ཆ་རྐྱེན་དོན་ཚན་གསུམ་བཞག་ཡོད། རྒྱ་གཞུང་གིས་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཟེར་བ་དེར། ད་ལྟ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་ཡུན་ནན་སོགས་བཅིངས་གྲོལ་ཐོབ་ཚར་ཡོད། ལྷ་ས་ཁུལ་དེ་བཅིངས་གྲོལ་གཏོང་རྒྱུ་ལྷག་ཡོད་པ་རེད། མ་འོངས་པར་ཀན་སུའུ་དང་མཚོ་སྔོན་སོགས་སུ་འོས་ཤོག་བླུག་སྟེ། བོད་ཡོངས་རྫོགས་གཅིག་གྱུར་དགོས་ཟེར་ན་ཁོང་ཚོའི་འདོད་པ་ལྟར་བྱ་རྒྱུ་ཡིན། ཞེས་ཁས་ལེན་བྱས་ཡོད།
སྐལ་བཟང་རྒྱལ་མཚན་མཆོག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་དང་དབུ་མའི་ལམ་གཉིས་མཚུངས་བསྡུར་གནང་དོན། བོད་ལྗོངས་མི་དམངས་ཀྱི་ཚོགས་འདུ་རྒྱས་འཛོམས་ཆེན་མོ་ཟེར་བ་དེ་དེང་གི་གྲོས་ཚོགས་ཀྱི་ངོ་བོ་དང་གཅིག་མཚུངས་རེད། གདན་ས་ཁག་གི་སྐུ་ཚབ་ཀྱང་ཡོད། འདི་ལྟར་བཤད་ན་ད་ལྟའི་བོད་རིགས་ཡོངས་རྫོགས་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱིས་ཁྱབ་དགོས་པ་རེད། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ས་ཡིག་བརྒྱབས་པ་དེ་བོད་རང་བཙན་ཤོར་བའི་རྟགས་མཚན་ལྟ་བུ་ཆགས་ཡོད། དེ་བཞིན། ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་བོད་གཞུང་གིས་ངོས་ལེན་ཡོད་པའི་ཏར་བཏང་བ་རེད། ཕྱིས་སུ་རིམ་གྱིས་ཆིངས་ཡིག་དེ་བོད་བཙན་བཟུང་གི་བཀག་རྡོ་ལྟ་བུར་གྱུར་ཡོད་སྟབས། རྒྱ་ཕྱོགས་ནས་ཆིངས་ཡིག་དེ་རྡོག་རོལ་བཏང་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་བོད་མི་དམངས་ཚོས་འོས་ལངས་བྱས་པ་རེད། གལ་སྲིད་རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཁ་ཞེ་གཉིས་མེད་ཐོག་ལག་ལེན་བསྟར་ཡོད་ན། དེང་དུས་ང་ཚོས་རྩོད་བཞིན་པའི་དབུ་མའི་ལམ་དང་མཚུངས་བསྡུར་བྱ་ཐུབ་མེད་པ་ཞིག་མ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་ང་ཚོར་ཁེ་ཕན་གང་ལ་གང་འཚམ་ཞིག་ཡོད་པ་རེད། ཅེས་གསུངས་བྱུང་།