འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་བྱེད་པའི་ཐད་ནས་ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་ལས་ཀྱང་མི་མང་གལ་ཆེན་པོ་ཆགས་ཡོད་ཅེས་༸གོང་ས་མཆོག་གིས་ཉི་ཧོང་གི་གསར་འགོད་པ་ཚོར་བཀའ་ལན་གནང་ཡོད་འདུག
ཟླ་འདིིའི་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ནས་བཟུང་ྋགོང་ས་མཆོག་གིས་ཉི་ཧོང་གི་མཛད་འཕྲིན་དངོས་སུ་མགོ་འཛུགས་གནང་ཡོད་ལ། མཛད་འཕྲིན་གྱི་ཐོག་མར་རྒྱལ་ས་ཊོག་ཀྱོའི་ནང་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ཁོང་ཉིད་ནས་དུས་ནམ་ཡང་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ཐད་འབད་བརྩོན་བྱེད་ཀྱིན་པའི་སྐོར་གསུངས་བ་དང་འབྲེལ། ཁོང་གིས། སྲིད་འཛིན་དང་རྒྱལ་པོ། ཚོང་པ་དང་སྤྲང་པོ་སུ་ཡིན་རུང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཚང་མར་མིའི་འདུ་ཤེས་ཡོད་པ་གཅིག་མཚུངས་ཆགས་ཡོད་ལ། ཕྱི་དངོས་པོའི་དཔལ་འབྱོར་ལས་བྱུང་བའི་བདེ་སྐྱིད་དེས་འཕྲལ་གྱི་བདེ་སྐྱིད་ཙམ་བསྐྲུན་ལ། ཕུགས་ཀྱི་བདེ་སྐྱིད་དེ་ནང་སེམས་ཀྱི་རིན་ཐང་ནས་ཡོང་དགོས་སྟབས། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་རྒྱུ་གཙོ་བོ་དེ་ནང་སེམས་ཀྱི་རིན་ཐང་ལས་བྱུང་བའི་ཆོག་ཤེས་བྱ་རྒྱུ་དེ་ཡིན། ཞེས་བཀའ་སློབ་གནང་བ་དང་འབྲེལ་གསར་འགོད་པ་ཞིག་གིས་འཛམ་གླིང་གི་དབུ་ཁྲིད་མང་པོས་ཁོང་ཉིད་ལ་དངོས་སུ་མཇལ་འཕྲད་གནང་བཞིན་ཡོད་ཀྱང་། ཉི་ཧོང་སྲིད་བློན་གྱིས་ཁོང་ཉིད་ལ་མཇལ་འཕྲད་མ་གནང་བ་དེར་དགོངས་ཚུལ་གང་ཡོད་དྲིས་ཡོད་པར། ༸གོང་ས་མཆོག་གིས། ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དང་ཡུ་རོབ་གྲོང་ཁྱེར་བྷར་སེལ་ནང་མ་གཏོགས་ས་ཁུལ་གཞན་ཁག་གི་ནང་བསྐྱོད་སྐབས་ལས་དོན་མང་ཆེ་བ་ཆབ་སྲིད་དང་མ་འབྲེལ་བའི་ལས་དོན་ཡིན་སྟབས། ངོས་རང་ཐེངས་འདིར་ཉི་ཧོང་གི་སྲིད་བློན་མཆོག་དང་མཇལ་རྒྱུ་མ་བྱུང་བ་དེར་བློ་ཕམ་གང་ཡང་མེད། ངོས་ཀྱིས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་བྱེད་པར་ཆབ་སྲིད་ཀྱི་དབུ་ཁྲིད་དག་ལས་མི་མང་རྣམས་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་སློབ་གནང་ཡོད་ལ། ཛེན་ཀོ་ཇི་མ་དགོན་དུ་ཆིབས་སྒྱུར་གྱིས་དགོན་པའི་ནང་རྟེན་རྣམས་ལ་གཟིགས་ཞིབ་དང་། རྒྱལ་བ་འོད་དཔག་མེད་ཀྱི་དཀྱིལ་འཁོར་ལ་རབ་གནས་དང་ཐུགས་སྨོན་གནང་གྲུབ་རྗེས། ༸གོང་ས་མཆོག་གིས་དེར་ཡོད་དགེ་འདུན་པ་དང་མི་མང་ལ། ཉི་ཧོང་གི་ནང་ཆོས་དང་བོད་ཀྱི་ནང་ཆོས། དེ་བཞིན་རྒྱ་ནག་དང་ཀོ་རི་ཡ། ཝེ་ཐི་ནམ་བཅས་ཚང་མ་རྒྱ་གར་ནས་དར་བའི་སྲོལ་རྒྱུན་གཅིག་གི་ནང་ཆོས་ཀྱི་རྗེས་འཇུག་པ་དང་ལེགས་སྦྱར་གྱི་སྐད་ཡིག་ནང་ཡོད་པའི་ནང་པའི་ཆོས་ཀྱི་རྗེས་འཇུག་པ་ཤ་སྟག་ཡིན་སྟབས། ངོས་ཀྱིས་དུས་རྒྱུན་དུ་ན་ལེནྚའི་སྲོལ་རྒྱུན་ཞེས་བརྗོད་ཀྱི་ཡོད་ཅེས་དང་། ཡང་ཁོང་གིས། ཞི་བདེ་ཟེར་བ་དེ་ནང་སེམས་ནས་ཡོང་དགོས་པ་ཞིག་ཡིན་པ་དང་། གང་ཟག་སྒེར་པ་ཞིག་གི་སེམས་ནང་ཞི་བདེ་ཡོད་པ་དེས་རང་གི་ཁྱིམ་ཚང་དང་ཁོར་ཡུག་ནང་ཞི་བདེ་ཡོང་གི་ཡོད་ལ། ཁྱིམ་ཚང་གཅིག་ནང་ཞི་བདེ་ཡོད་པ་དེས་རིམ་པས་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་ཐུབ། ཁྱེད་རང་ཚོ་ཆོས་པ་དངོས་ཤིག་བྱ་འདོད་ཚེ་བྱམས་སྙིང་རྗེ། བཟོད་བསྲན་དེ་དག་ལྷག་བསམ་རྣམ་དག་གི་ཐོག་ནས་ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱེད་ཐུབ་དགོས། ང་ཚོ་དུས་རབས་ ༢༡ པའི་ནང་པ་ཞིག་བྱ་དགོས་ཞེས་ངོས་ཀྱིས་བརྗོད་ཀྱིན་ཡོད། ཆོས་ལ་དད་པ་ཡོད་པའི་ཐོག་ནས་སངས་རྒྱས་ཀྱི་གསུང་དེར་སློབ་སྦྱོང་མཐར་ཕྱིན་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་ཡོད་པ་རེད།
ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་དེར་ཡོད་དགེ་འདུན་པ་དང༌མི་དམངས། ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་བླ་ཆེན་ཏེ་ལོ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་བཅས་ཁྱོན་མི་ ༧༠༠༠ བརྒལ་བར་དེང་དུས་འཛམ་གླིང་གི་ལམ་སྟོན་བཟང་པོའི་འོད་སྣང༌ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ་དང་། ཉི་ཧོང་ནང་པའི་མཐུན་ཚོགས་དང་ཛེན་ཀོ་ཇི་ནང་པའི་མཐུན་ཚོགས། ན་ག་ནོ་ནང་པའི་མཐུན་ཚོགས། ན་ག་ནོ་གྲོང་ཁྱེར་གྱི་ནང་པའི་མཐུན་ཚོགས་བཅས་ཀྱིས་གོ་སྒྲིག་གནང་བའི། ནང་ཆོས་ཕན་ཚུན་བསམ་ཚུལ་བརྗེ་ལེན་ཞེས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་དགེ་འདུན་པ་ ༡༨༩ དང་མཁས་དབང་བཅས་ཁྱོན་མི་ ༢༠༠ བརྒལ་བ་དང་མཉམ་དུ་བགྲོ་གླེང་གནང་བར་མ་ཟད། ༸གོང་ས་མཆོག་གིས། བོད་དུ་ནང་ཆོས་དར་བའི་ལོ་རྒྱུས་དང་འབྲེལ། ངོས་ནས་བོད་པའི་ནང་ཆོས་དེ་དཔལ་ན་ལེནྡའི་སྲོལ་རྒྱུན་དྲི་མ་མེད་པ་ཞིག་རེད་ཅེས་བརྗོད་ཀྱིན་ཡོད། ཉི་ཧོང་གི་ནང་ཆོས་ཀྱི་སྲོལ་རྒྱུན་དེ་རྒྱ་ནག་སྐམ་ས་ཆེན་མོ་ནས་བྱུང་བ་ཞིག་ཡིན་ཡང་། རྒྱ་གར་དང་ཐད་ཀར་འབྲེལ་བ་ཡོད་པ་གོ་ཐོས་བྱུང༌། དེ་ཡང་དཔལ་ན་ལེནྡའི་སྲོལ་རྒྱུན་དྲི་མ་མེད་པ་ཞིག་ཆགས་ཡོད། དེ་བཞིན་གཙོ་བོ་རྒྱ་ནག་ནས་ནང་ཆོས་དར་སྤེལ་བྱུང་བའི་རྒྱལ་ཁབ་ཉི་ཧོང་དང་ཀོ་རི་ཡ། ཝི་ཐི་ནམ་བཅས་རྒྱལ་ཁབ་ཚང་མ་ཤེས་རབ་སྙིང་པོ་འདོན་མཁན་གཅིག་མཚུངས་ཆགས་ཡོད་སྟབས། ང་ཚོ་ཚང་མ་རྒྱ་གར་ནས་དར་བའི་སྲོལ་རྒྱུན་གཅིག་གི་ནང་ཆོས་ཀྱི་རྗེས་སུ་འཇུག་མཁན་གཅིག་མཚུངས་ཆགས་ཡོད་ཅེས་གསུངས་ཡོད་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་དང་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གཙོ་ཆེ་བ་མང་པོ་རྒྱ་ཡིག་དང་ཉི་ཧོང་སྐད་ནང་བསྒྱུར་ཡོད་ཚོད་འདུག སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་བརྩམས་པའི་ནང་པའི་ཚད་མ་རིག་པའི་རྣམ་གཞག་གི་གཞུང་དང་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་དེ་དག་ཀྱང་བསྒྱུར་ཐུབ་པ་བྱ་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་གནང་ཡོད།
ཕྱི་ཚེས་ ༢༡ ཉིན་སེ་ཛོ་ཀ་ཡོ་ཧུ་ཀོ་ཨིན་ཊོ་ཞེས་པའི་ས་གནས་ཉེ་འདབས་སུ་ ༡༩༦༤ ལོར་ཉི་ཧོང་དང་བོད་ལུགས་ཟུང་འབྲེལ་ཐོག་ཚ་རོང་ཚེ་རིང་སྒྲོལ་མ་ལགས་དང༌སྐུ་ཞབས་བསོད་ནམས་རྒྱ་མཚོ་ལགས། མཁས་བཙུན་བཟང་པོ་རིན་པོ་ཆེ་མཆོག སེ་ར་དགོན་དུ་སློབ་སྦྱོང་གནང་མྱོང་བའི་ཉི་ཧོང་བ་ཊོ་ཀན་ཊ་ཌ་ལགས་དང༌ཤུ་ཛོ་ཨོ་ཀུ་ཌ་བཅས་ཁོང་ལྔས་འཛམ་གླིང་ཞི་བདེའི་ཆེད་དུ་བཞེངས་པའི་མཆོད་རྟེན་གྱི་གམ་དུ་ཞབས་སོར་བཀོད་དེ་གནས་གཟིགས་དང་གསོལ་འདེབས་སྨོན་ལམ་མཛད་པ་དང་འབྲེལ། ༸གོང་ས་མཆོག་གིས། མཆོད་རྟེན་བཞེངས་མཁན་རྣམས་ཀྱི་སེམས་བསྐྱེད་བཟང་པོ་དང་སྨོན་ལམ་ལ་བསྔགས་བརྗོད་གནང་ཡོད་པར་མ་ཟད། ཇོ་ཌོ་ཆོས་ལུགས་ཀྱི་དད་ལྡན་པ་ ༣༠༠ བརྒལ་བར་བདེན་བཞིའི་ཆོས་འཁོར་གྱི་བཀའ་ཆོས་དང་མི་མང་རྣམས་ལ་དྲི་བ་ཞུ་རྒྱུའི་གོ་སྐབས་ཀྱང་སྩལ་ཏེ་དྲི་བར་བཀའ་ལན་གནང་ཡོད་པ་དང་། ཡུལ་དེའི་ནང་མཛད་འཕྲིན་གྲུབ་རྗེས་དད་ལྡན་མི་མང་བརྒྱ་ཕྲག་མང་པོའི་ཕེབས་བསུའི་ཁྲོད་ཀ་ན་ཛ་ཝར་ཆིབས་བསྒྱུར་གནང་སྟེ། མི་གྲངས་ ༢༠༠༠ བརྒལ་བར་ཤེས་རབ་སྙིང་པོའི་བཀའ་ཆོས་དང་འབྲེལ་སོ་སོའི་ཕ་མེས་ཀྱི་རིག་གཞུང་དང་ཆོས་ལུགས་རྣམས་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་སྐུ་ངལ་གསོས་ཤིང་། དེ་རིང་སྟེ་ཕྱི་ཚེས་ ༢༤ ཉིན་ནས་བཟུང་ྋགོང་ས་མཆོག་གིས་ཡུལ་དེའི་དད་ལྡན་པ་རྣམས་ལ་སྐུའི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
གསར་འགོད་པ་དོན་གོ།
འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ནང་།
འཁྲིག་སྐྱོན་ཐེབས་པའི་བོད་ཕྲུག་རྣམས་ཀྱང་འདུ་བའི་གཞེན་བསྐུལ་ཡོད།
༧རྒྱལ་བའི་ཡོངས་འཛིན་ཟུང་གི་གསུང་།
ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །
བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །
བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །
ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །
རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག །
དེ་འཐུས་རྫོགས་ལྡན་སྐལ་བཟང་ནམ་མཁའི་སྒོ། །ལུས་ཅན་ངལ་གསོའི་དཔྱིད་དུ་རྟག་གྲོལ་ཅིང་། །ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རབ་དར་བའི། །དགེ་མཚན་སྲིད་ཞིའི་རྩེ་མོར་རྒྱལ་གྱུར་ཅིག །
ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །
ཅེས་༸ རྒྱལ་བའི་ཡོངས་འཛིན་ཟུང་གི་གསུང་།